ཁྲི་བརྒྱའི་བདག་པོ།
མང་པོ་ཞིག་གི་བློ་ངོར་རྩོམ་ཡིག་འབའ་ཞིག་བྲིས་ནས་དུས་ཚོད་རྫོགས་པ་ཡིན་ན་རྒྱུ་ཐོག་ལ་རྒྱག་རྒྱུ་ཕར་ཞོག ཐ་ན་ཁ་གསོ་རྒྱབ་འགེབ་ཙམ་གྱི་འཚོ་ཚིས་ཀྱི་གནད་དོན་ཙམ་ཡང་ཐག་གཅོད་ཐུབ་མིན་ལ་ཐེ་ཚོམ་ཟ་བཞིན་འདུག་པ་ནི་དོན་དངོས་དང་མཐུན་པའི་བསམ་ཚུལ་ཞིག་ག་ལ་ཡིན་ཏེ་མིན། དཔེར་ན་བརྩོན་པ་རྒྱལ་ནི་རྩོམ་མ་གཏོགས་བསམ་རྒྱུ་དྲན་རྒྱུ་མེད་པའི་རྩོམ་པ་པོ་རྣལ་མ་ཞིག་ཡིན་པར་མ་ཟད།རྩོམ་འབྲིའི་ལམ་ཁ་ལ་བརྟེན་ནས་རྒྱུ་ཐོག་ལ་བརྒྱབ་པའི་དཔེ་མཚོན་གསོན་པོ་ཞིག་རེད།དཔེ་མཚོན་གསོན་པོ་འདིས་ང་དང་འདྲ་བའི་རྩོམ་ཞེན་པ་དག་ལ་སྤོབས་སེམས་གྲངས་མེད་བསྩལ་སོང་།
ཡིན་ན་ཡང་།ལ་རེ་ཐུར་རེ་མ་བརྒྱབ་ན།བདེ་མོའི་ཐང་ལ་འབབ་མི་ཐུབ་ཅེས་པ་ལྟར།དོན་དག་གང་ཞིག་བསྒྲུབ་ན་ཡང་དཀའ་ལས་ཅུང་ཙམ་ཡང་མ་བརྒྱབ་པར་འབྲས་བུ་ཞིག་འཐོབ་འདོད་པ་ནི་ཧ་ཅང་དཀའ་བའི་ཚོད་དུ་གདའ་བས་ན།བརྩོན་པ་རྒྱལ་གྱི་མཚམས་འཇོག་མེད་པའི་རྒྱུན་འཁྱོངས་དང་ཉམས་པ་མེད་པའི་ཆོད་སེམས་དེ་མེད་ན།ཁོ་ཡང་ད་ལྟའི་དུས་ཀྱི་རྩོམ་པ་པོ་མང་བོ་ཞིག་དང་འདྲ་བར་སྤྱི་ཚོགས་ཀྱི་གནོན་ཤུགས་རབ་དང་རིམ་པ་ལས་ཐར་མ་ཐུབ་པར།མཐར་རང་གི་ཆེས་སྙིང་ཉེ་བའི་རྩོམ་རིག་གི་ལམ་ཁ་འདི་ཉིད་བསྐྱུར་ཏེ་ལམ་ཁ་གཞན་པ་ཞིག་ཏུ་མི་འདོད་བཞིན་དུ་བཙན་གྱིས་གྲལ་ཕྲེང་བསྒྲིགས་ཏེ་འགྲོ་བཞིན་ཡོད་སྲིད་མོད།དགའ་འོས་པ་ཞིག་ལ་བརྩོན་པ་རྒྱལ་ནི་དེ་ལྟར་གཉའ་ཞུམ་འགྲོ་བ་ཞིག་ག་ལ་ཡིན།ཁོ་ནི་ཕུགས་བསམ་དང་ཉེ་བར་བཅར་ཞིང་ཕུགས་བསམ་གྱི་ཆེད་དུ་ཨམ་གཙིགས་བསྡམས་ཏེ་འགྲོ་ཐུབ་མཁན་ཞིག་རེད།
ཐེངས་ཤིག་ཀླུ་གཞུང་སྡེ་བའི་རྟ་རྒྱུག་འགྲན་ཚོགས་ཤིག་ཏུ་བརྩོན་པ་རྒྱལ་གྱི་འགྲོ་སྟངས་དང་བཤད་སྟངས་དེས་ང་ལ་བག་ཆགས་མི་དམན་པ་ཞིག་བཞག་མྱོང་།སྡེ་མི་ཕལ་ཆེ་བ་ཞིག་གིས་ཀྭི་ཀྭི་བསོ་བསོ་ལྷ་རྒྱལ་ལོ་ཞེས་ཀྭི་སྒྲ་དང་ཞེ་སྡང་དང་རེ་སྨོན་འདྲེས་མའི་ཁ་ཤུ་སྣ་ཚོགས་འཐེན་བཞིན་རྟ་རྒྱུག་གི་འདུ་ལོང་སྔར་བས་ཀྱང་ཛ་དྲག་ཏུ་བཏང་ནས།ཁྱོད་ཕམ་ང་རྒྱལ་གྱི་སྦྱོར་བ་རྩིང་པ་རེ་རང་རང་ས་ནས་རང་ཤུགས་སུ་མངོན་དུས་ཀྱང་།བརྩོན་པ་རྒྱལ་ནི་རྟ་རྒྱུག་དེ་ལ་འབྲེལ་བ་མེད་པ་ལྟར་ཞི་དུལ་བག་ཕེབས་ཀྱིས་རྒྱུ་ཞིང་འགྲོ་བ་ནི་གཞན་ལ་མཚོན་ན་ཡ་མ་གཟུགས་ཤིག་ཏུ་མངོན་ཡང་སྲིད།གང་ལྟར་ང་ཡི་མིག་ལམ་དུ་མཛེས་ཤིང་མཛེས་ལ་ང་ཡི་སེམས་ནང་དུ་མཆོག་ཀྱང་མཆོག་པ་ཞིག་རེད།
བརྩོན་པ་རྒྱལ་དང་ངེད་གཉིས་སྡེ་བ་གཅིག་གི་ཡིན་པར་མ་ཟད་བཟང་ལ་བརྩི་རྒྱུ་མེད་ཀྱང་ངན་ལ་རྩོད་རྒྱུ་མེད་པའི་གྲོགས་པོ་ཡིན།ཉིན་དེར་ངས་ཁོ་ལ་ཀུ་རེའི་ཚུལ་དུ།གྲོགས་པོ།ཁྱོད་རང་ཁྱིམ་དུ་བསྡད་ནས་རྩོམ་མི་འབྲི་བར་རྟ་རྒྱུག་ལ་བལྟ་རུ་ཡོང་ནས་ཅི་བྱེད་ཅེས་དྲིས་པ་ན།བརྩོན་པ་རྒྱལ་གྱིས་གདོང་ལ་ལྷད་མ་འདྲེས་པའི་འཛུམ་མདངས་ཤིག་མངོན་བཞིན།ཁྱོད་ཚོས་རྩྭ་ཐང་ནས་རྟ་རྒྱུག་གྱིས་དང་།ང་ཡིས་སེམས་ཐང་ནས་རྟ་རྒྱུག་བྱེད།ད་དུང་ང་ཡི་སེམས་ཐང་གི་རྟ་རྒྱུག་ལ་ཁྱོད་ཚོའི་རྩྭ་ཐང་གི་རྟ་རྒྱུག་མཁོ།རྒྱུ་མཚན་རྩོམ་རིག་ནི་འཚོ་བ་ལས་བལྟམས་ཤིང་སླར་ཡང་འཚོ་བ་རུ་སིམ་དགོས་པ་ཞིག་མ་རེད་དམ་ཟེར།
ངས་བརྩོན་པ་རྒྱལ་གྱི་སྐད་ཆ་དེའི་ནང་དོན་གྱི་ཧ་གསལ་བོ་ཞིག་མ་གོ་ཡང་ཆོག་མོད་ཀྱང་།གང་ལྟར་ཁོའི་བྱེད་སྟངས་དེ་ལ་ཞེ་དྲག་མོས་མཐུན་བྱེད་སྙམ་སོང་།ཅིའི་ཕྱིར་ཞེ་ན།ང་ནི་ཤེས་ཡོན་པ་ཞིག་ཡིན་རྒྱུ་ཕར་ཞོག་སྟེ་ཐ་ན་ཀ་ངོ་ཡིག་ངོ་ཙམ་ལས་མི་ཤེས་པའི་མི་བུ་ཕལ་བའི་ནང་གི་ཕལ་བ་ཞིག་ཡིན་ཡང་།ང་རང་དཔེ་ཆ་པ་དང་ཤེས་ཡོན་པ་དག་ལ་དམིགས་བསལ་གྱིས་དོ་སྣང་བྱེད་མཁན་ཞིག་ཡིན་ལ།སྦྱོར་བ་དངོས་ཀྱི་སྟེང་ནས་ཀྱང་དཔེ་ཆ་པ་དང་ཤེས་ཡོན་པ་དག་ལ་རྒྱབ་སྐྱོར་མ་ཐུབ་ཀྱང་རྒྱབ་འགལ་མི་བྱེད་མཁན་ཞིག་ཡིན།
ཡིན་ན་ཡང་།ཕ་ཡུལ་ལམ་ཡུལ་གྲུ་འདིའི་སྡེ་མི་ཕལ་ཆེ་བ་ཞིག་གི་འགྲོ་སྟངས་ནི་དེ་ལས་ལྡོག་ཟླར་གྱུར་ཡོད་དེ།ཁོ་ཚོས་བརྩོན་པ་རྒྱལ་ལྟ་བུའི་ན་གཞོན་ཤེས་ཡོན་པ་དག་ལ་མཐོངས་མི་སྤྲོད་པར་མ་ཟད།ད་དུང་བརྩོན་པ་རྒྱལ་ལྟ་བུའི་དཔེ་ཆ་དང་རྩོམ་རིག་མ་གཏོགས་བསམ་རྒྱུ་དྲན་རྒྱུ་མེད་པའི་མི་དག་ནི་ཁ་བཤད་ཙམ་ལས་ལག་ལེན་ཁྲོད་དུ་སྟོང་བ་རེད་སྙམ་པའི་ལྟ་སྟངས་ཤིག་འཆང་བཞིན་འདུག་པས།ཕ་ཡུལ་དུ་བརྩོན་པ་རྒྱལ་གྱི་ངོ་སོ་ཤིན་ཏུ་ཆུང་།
ཕ་ཡུལ་གྱི་གྲོགས་པོ་གསར་འཚོལ་ནི་དེ་ལས་ལྡོག་སྟེ།རྒྱུག་རྟ་བྱ་འདྲ་བ་ཞིག་གཞུག་ལ་ཁྲིད་དེ་གསེར་ཐག་ཁྱི་འདོགས་བྱེད་འདྲ་བ་ཞིག་སྐེ་རུ་དཔྱངས་ཏེ་འདིར་ཚོགས་ཁྲོམ་པའི་གྲལ་ན་མགོ་བོ་གཟེངས་གཟེངས་བྱས་ནས་འགྲོ་བཞིན་པའི་གསར་བུ་ཞིག་དང་།ཁོ་ནི་གཞི་ནས་དཔེ་ཆ་པའི་གྲལ་ནས་ཐོན་ཏེ་རྟ་བདག་རླུང་རྟ་ཅན་ཞིག་གི་སྐྱེ་བ་བཞེས་མཁན་དུ་གྱུར་འདུག ང་རང་གསར་འཚོལ་ལ་མི་དགའ་བའི་སེམས་འགྱུ་ཅི་ཡང་མེད་པར།དེ་ནི་གདུག་རྩུབ་ཆེ་བའི་སྤྱི་ཚོགས་ཤིག་གིས་གསར་འཚོལ་གྱི་ཕྱི་ནང་གསང་གསུམ་ལ་འགྱུར་བ་ཐེབས་སུ་བཅུག་པ་དེ་ག་རང་ལས་མ་འདས་སྙམ་ལ།མི་མང་ཆེ་བ་ཞིག་གིས་རང་ཚུགས་ཇི་ལྟར་བཟུང་ཡང་མཐར་སྤྱི་ཚོགས་ལ་མི་བསྟུན་རང་བསྟུན་བྱེད་པ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་གཤིས་ལྟ་བུ་ཞིག་ཏུ་འཁུམས།གལ་ལ་ཐུག་ཀྱང་རང་ཚུགས་ལ་དལ་བྲེལ་མེད་པ་ནི་བརྩོན་པ་རྒྱལ་རེད།སྤྱི་ཚོགས་སུ་བརྩོན་པ་རྒྱལ་བཞིན་དུ་ཕུགས་བསམ་གྱི་ཆེད་དུ་སྤྱི་ཚོགས་ལས་ལོགས་སུ་གྱེས་ཏེ་གནས་ཐུབ་མཁན་ནི་ཤིན་ཏུ་ཉུང་།ཤིན་ཏུ་ཉུང་བས་ན་ཤིན་ཏུ་རིན་ཐང་ཡང་ཆེ་བར་སྣང་།
ཉིན་དེར་བརྩོན་པ་རྒྱལ་གྱིས་ངའི་སེམས་ལ་དེ་འདྲའི་བག་ཆགས་ཡག་པོ་ཞིག་བཞག་ཀྱང་།ང་ཡི་ཉེ་འགྲམ་གྱི་མི་མང་བོ་ཞིག་གི་སྣང་ངོར་བརྩོན་པ་རྒྱལ་ནི་མི་བུ་ཡ་མ་གཟུགས་ཤིག་སྟེ།དུས་རབས་དང་སྤྱི་ཚོགས་འདི་དང་འཚམ་ཐབས་མེད་པའི་མི་བུ་རེ་བ་མེད་པ་ཞིག་ཏུ་རྩི་བཞིན་འདུག་ཅིང་།མི་བུ་སེམས་བཟང་ཡིན་ཟེར་བ་ཁ་ཅིག་གིས་ཀྱང་བརྩོན་པ་རྒྱལ་གྱིས་ཀྱང་གསར་འཚོལ་བཞིན་དུ་ལམ་བུ་གསར་པ་ཞིག་གི་འགོ་བརྩམས་ན་བཟང་རབས་རྒྱན་རབས་བཤད།དེ་ཚོའི་གྲལ་དུ་དངོས་ནས་དྲང་གནས་ཀྱིས་སེམས་པ་བཟང་པོ་ཞིག་ལོས་ཡོད་སྙམ་པའི་རྒན་པོ་ཀུན་བཟང་ཡང་འདུག་ཙ་ན།ངས་རྒན་པོ་ཀུན་བཟང་ལ་ནན་འདྲིའི་ཚུལ་དུ།བརྩོན་པ་རྒྱལ་གྱིས་ཅིའི་ཕྱིར་གསར་འཚོལ་བཞིན་དུ་ལམ་ཁ་གསར་པ་ཞིག་འདེད་དགོས་སམ།ཁོ་རང་ད་ལྟ་བཞིན་དུ་རང་མོས་ལྟར་འཚོ་བ་ལ་ཁྱེད་ཚོར་བསམ་འཆར་ཡོད་དོན་ཅི་ཡིན་ནམ་ཞེས་དྲིས་པ་ན།རྒན་པོ་ཀུན་བཟང་གིས།རིག་གནས་ཤིག་སྦྱོང་བ་ཡིན་ན་འདྲ།ལས་ཀ་ཞིག་གཉེར་བ་ཡིན་ན་འདྲ།གང་ལྟར་ཀྱང་ཡོད་ཚད་འཚོ་བའི་ཆེད་དུ་མ་རེད་དམ།གསལ་བོར་བཤད་ན་ཡོད་ཚད་སྒོར་མོའི་ཆེད་དུ་མ་རེད་དམ།ཡིན་ཙང་།བརྩོན་པ་རྒྱལ་གྱིས་ཀྱང་བློ་རྒོད་པོ་ཁོག་པའི་ནང་ནས་རུལ་དུ་མི་འཇུག་པར་འཚོ་བ་དངོས་ཀྱི་ཁྲོད་ནས་སྒོར་མོ་ཟེར་བ་གློ་ཁུག་ཏུ་བརྫང་ཅི་ཐུབ་བྱས་ན་མི་འགྲིག་གམ་ཞེས་གཟབ་ནན་གྱི་རྣམ་འགྱུར་ཞིག་མངོན་པ་དེ་ལ་སྐད་གདངས་མཐོན་པོའི་ཡིད་ཆེས་ཀྱི་རྟིང་གནོན་ཞིག་ཀྱང་རང་ཤུགས་སུ་མངོན་འདུག
སྡེ་བ་གཅིག་གི་མི་ཡིན་སྟབས་བརྩོན་པ་རྒྱལ་གྱི་གཏམ་རྒྱུད་དག་ང་རང་གིས་དངོས་སུ་ཤེས་མི་དགོས་པར།བཤད་ལ་དགའ་བའི་སྡེ་མི་དག་གི་བཀའ་དྲིན་ལ་ང་ཡི་རྣ་ལམ་དུ་གཅིིག་གཅིག་གཉིས་གཉིས་བྱས་ཏེ་འཚང་འོང་གིན་འདུག་སྟེ།བརྩོན་པ་རྒྱལ་ལ་དཔེ་ཆ་དང་རྩོམ་མ་གཏོགས་བསམ་རྒྱུ་དྲན་རྒྱུ་མེད་སྟབས་བཟའ་འཐོར་བྱུང་ཚུལ།བརྩོན་པ་རྒྱལ་ལ་དཔེ་ཆ་དང་རྩོམ་མ་གཏོགས་བཤད་རྒྱུ་གླེང་རྒྱུ་མེད་རྐྱེན་ཤ་ཉེ་ཚོའི་ཁྲོད་དུ་གོ་གནས་མེད་ཚུལ།ད་དུང་བརྩོན་པ་རྒྱལ་ལ་དཔེ་ཆ་དང་རྩོམ་མ་གཏོགས་བསྒྲུབ་རྒྱུ་ལས་རྒྱུ་མེད་པས་སྡེ་གྲལ་དུ་རྩིས་ཐང་མེད་ཚུལ།འདི་དང་འདི་དག་ནིི་བརྩོན་པ་རྒྱལ་གྱི་གཏམ་རྒྱུད་དང་ཡང་ན་ང་ཚོའི་ས་གནས་སུ་དཔེ་ཆ་པ་དང་རྩོམ་འབྲི་བ་སྟེ་ཤེས་ཡོན་པའི་སྡེ་ལ་མཐོངས་སྤྲོད་སྟངས་རེད།
རིག་གནས་མེད་ཀྱང་རིག་གནས་ལ་དགའ་བའི་དབང་གིས་རིག་གནས་པ་ཞིག་གི་སྐྱིད་སྡུག་གི་ཆེད་དུ་སྐལ་མེད་སར་སྐེ་སྲིང་མཁན་ནི་རིག་གནས་མེད་པའི་ང་ཡིན།ཀླུ་གཞུང་གྲོང་རྡལ་གྱི་ནམ་མཁའ་རུ་རླུང་ནག་འཚུབ་མའི་རྡོག་བྲོ་འཁྲབ་བཞིན་པའི་ཉིན་ཞིག་གི་ཕྱི་དྲོར།ངས་སྲང་ལམ་དུ་འཕྲུལ་རྟར་ཞོན་ནས་འགྲོ་བའི་ལམ་བར་དུ་དེ་གར་རྐང་ཐང་དུ་ལོག་བཞིན་པའི་བརྩོན་པ་རྒྱལ་དང་ངོ་ཐུག་མ་ཐག་ཏུ།ངས་ནི་ཅུང་བཟོད་མི་ཐུབ་པའི་ཚོར་སྣང་ཞིག་དང་བསྡོངས་ཏེ་ལེ་བདའ་དང་སེམས་གཏམ་སྦྲགས་མས།ཁྱེད་ལ་ཡོན་ཏན་ཡོད་པ་བདེན་ཡང་ཡོན་ཏན་གྱི་ཆེད་དུ་ཡོད་ཚད་བློས་བཏང་ན་ག་ལ་འགྲིག་སྟེ།གོ་ཐོས་ལྟར་ན་ཁྱོད་ཀྱིས་ཐ་ན་རང་གི་ཆུང་མ་ཡང་ལག་ནས་ཤོར་སོང་ཟེར།ད་ནི་ཁྱོད་ལ་ཅི་ཞིག་ཡོད།ཁྱོད་ལ་ཡོན་ཏན་པ་ཞེས་པའི་མིང་བྱང་སྐམ་པོ་ཞིག་ལས་ཅི་ཞིག་ཡོད་ཅེས་ངག་ནས་ཤོར།
བརྩོན་པ་རྒྱལ་གྱི་གདོང་ལ་གཟབ་ནན་གྱི་རྣམ་འགྱུར་ཞིག་མངོན་ཞིང་།ལག་གཡས་པས་ང་ཡི་ཕྲག་ཁ་གཡོན་པར་དལ་གྱིས་རྡེབ་རྡེབ་ཙམ་བྱས་པ་དང་སྦྲགས།བཀའ་དྲིན་ཆེ།ང་ཡི་གྲོགས་མཆོག་དམ་པ།
ཁྱེད་ཀྱིས་ངའི་མི་ཚེའི་དར་རྒུད་ལ་བསམས་ཏེ་སེམས་གཏིང་གི་སེམས་གཏམ་སེམས་སུ་མ་སྦས་པར་ང་ལ་བཤད་པར་བཀའ་དྲིན་ཆེ།ལག་ནས་འཆོར་སླ་བའི་ཆུང་མ་ཞིག་ཡིན་ན་ནམ་ཞིག་ཅིས་ཀྱང་ཤོར་འགྲོ་ངེས།གང་ལྟར་ཁྱེད་ཀྱིས་ང་ལ་ཡིད་ཆེས་བྱོས་དང་།ད་ནི་ངས་ལོ་ཐོག་ལ་ལོ་བརྩེགས་ནས་ཨུ་ཚུགས་མཐར་སྐྱེལ་བྱས་པའི་རྒྱུན་འཁྱོངས་ལ་གནམ་སྔོན་པོ་ཡིན་ཡང་སེམས་འགུལ་ཐེབས་ལ་ཡོད།ད་ནི་ངས་ཟླ་ཐོག་ལ་ཟླ་བཞག་ནས་འབད་པ་ལྷུར་ལེན་བྱས་པའི་མཇུག་འབྲས་ལ་ས་དོག་མོ་ཡིན་ཡང་ཡི་རང་ཐེབས་ལ་ཉེ།དེ་ལ་ཁྱོད་ཀྱིས་ཡིད་ཆེས་བགྱིས་དང་།གནམ་སྔོན་པོ་དང་ས་དོག་མོས་ང་ལ་ལེགས་སྐྱེས་འབུལ་བའི་ཉི་མ་དེར་ངས་ཁྱེད་ལ་མགྲོན་བསུ་བྱེད།དེ་རིང་ནམ་ཟླ་ཡང་དེ་འདྲ་བཟང་རྒྱུ་མི་འདུག་པས་ཁྱེད་རང་སྔ་ས་ནས་རང་ཁྱིམ་དུ་ཕེབས་ཤིག ང་ཡང་མྱུར་དུ་རང་ཁྱིམ་དུ་ལོོག་དགོས་ཞེས་ང་སར་འཛུམ་ཙམ་བསྟན་རྗེས་ང་དང་ག་ལེར་རྒྱབ་ཀྱིས་ཕྱོགས་སོང་།
བརྩོན་པ་རྒྱལ་གྱི་རྒྱབ་གཟུགས་ནི་ང་དང་ཇེ་རིང་ནས་ཇེ་རིང་རེད།རླུང་ནག་འཚུབ་མའི་རྡོག་བྲོའི་སྟངས་སྟབས་ཀྱང་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་འདྲ།ང་རང་འཕྲུལ་རྟའི་སྣུམ་སྒམ་ལ་བསྙེས་ཙམ་བྱས་ཏེ་མགོ་བོ་ནམ་མཁའ་ལ་འཁོར་ཏེ།གནམ་རྒན་མས་ཅིས་ཀྱང་བརྩོན་པ་རྒྱལ་ལ་མགོན་སྐྱོབ་མཛད་རོགས།རླུང་ནག་འཚུབ་མ་བཞིན་དུ་གདུག་རྩུབ་ཆེ་བའི་སྤྱི་ཚོགས་འདིའི་ཁྲོད་དུ་བརྩོན་པ་རྒྱལ་ཅིས་ཀྱང་རྣམ་པར་རྒྱལ་ཐུབ་སོང་ན་ཅི་མ་རུང་སྙམ་སོང་།ཅུང་ཙམ་ནས་བརྩོན་པ་རྒྱལ་གྱི་རྒྱབ་གཟུགས་དེ་ཀླུ་གཞུང་གྲོང་རྡལ་གྱི་སྲང་ལམ་གང་ཞིག་ཏུ་ང་ཡི་མིག་ལམ་ནས་ག་ལེར་ག་ལེར་ཡལ་སོང་།ངས་འཕྲུལ་རྟའི་མེ་ཁ་གསོས་ཏེ་ལམ་ལ་ཆས་ཤིང་ལམ་འགྲམ་གྱི་ཁང་མིག་དང་མི་ཚོགས་ལ་མིག་ཉུལ་བྱས།ད་ནི་ཡོད་ཚད་ཀྱི་ཡོད་ཚད་བརྩོན་པ་རྒྱལ་ཁོ་རང་ཉིད་ཀྱིས་བཤད་པ་ལྟར་ཁོ་ལ་ཡིད་ཆེས་བྱས་ནས་འདུག་པ་ལས་ཐབས་ཅི་ཡོད།
འཇིག་རྟེན་ཟེར་ན་ཆེ་ཡོད་པ་འདྲ།གང་ལྟར་མི་ཡུལ་འདིར་བལྟས་ཏེ་བཤད་ན་འདི་ལྟ་སྟེ།མི་ཡུལ་འདི་རུ་བྱས་པ་ཆེས་ཆེར་འཇོག་པའི་མི་བུ་རླབས་ཆེན་ཕལ་ཆེ་བ་ཞིག་ནི་ཁེར་རྐྱང་དུ་ཁེར་ལམ་འདེད་མཁན་ཏག་ཏག་རེད།ཡང་ན་དཀའ་སྡུག་དང་དུས་ཚོད་ཀྱིས་དུས་ཡུན་རིང་མོ་ཞིག་ལ་བཙོ་སྦྱངས་བྱས་ཏེ་ཐོན་པའི་མི་བུ་ཏག་ཏག་རེད།ཁོ་ཚོ་ཁེར་རྐྱང་དུ་གནས་ཀྱང་མཐའ་མཇུག་གི་རྒྱལ་ཁ་ནི་སྤྱི་ཚོགས་ལས་མངོན་ཡོང་བ་ཞིག་རེད།ཁོ་ཚོ་ཆེད་དུ་མནར་གཅོད་མྱོང་བ་ལྟར་འཚོས་ཀྱང་མཐའ་མཇུག་གི་བདེ་སྐྱིད་ཀྱང་སྤྱི་ཚོགས་སྤྱི་ཡོངས་ནས་ཁས་ལེན་ཐོབ་པའི་རིན་ཐང་ལྟ་བའི་སྟེང་ནས་མངོན་ཡོང་བ་ཞིག་རེད།བརྩོན་པ་རྒྱལ་གྱིས་ཁེར་རྐྱང་དུ་ཁེར་ལམ་རིང་མོ་ཞིག་དེད་དེད་མཐར་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ། དཔེ་སྐྲུན་ཁང་ག་གེ་མོ་རུ《མི་ཚོགས་དང་ཁེར་རྐྱང》ཞེས་པའི་དཔེ་དེབ་པར་དུ་བསྐྲུན་པར་མ་ཟད། དཔལ་འབྱོར་ཡང་མི་ཉུང་བ་ཞིག་བཙལ་ཐུབ་སོང་བས། ངས་ཁོར་ཁྲི་བརྒྱའི་བདག་པོ་ཞེས་བཏགས་པ་ཡིན།
དེ་རིང་ཀླུ་གཞུང་གྲོང་རྡལ་གྱི་ནམ་མཁའ་ཤིན་ཏུ་དྭངས་ཤིང་།དེ་རིང་ཀླུ་གཞུང་གྲོང་རྡལ་གྱི་ཞོགས་པ་ལྷག་ཏུ་མཛེས།བརྩོན་པ་རྒྱལ་དང་ངེད་གཉིས་ཀླུ་གཞུང་གྲོང་རྡལ་གྱི་ཆེས་བཟང་བའི་འཚིག་ཇ་ཁང་ཞིག་ཏུ་ལྷན་འཛོམས་བྱུང་ཡོད།དེ་རིང་ང་ཡི་ངོ་གདོང་དུ་ཡིད་ཚིམ་པའི་རྣམ་འགྱུར་ཞིག་མངོན་ཡོད་པ་ཁོ་ཐག་ཡིན།ངས་ཡིད་ཚིམ་པའི་རྣམ་འགྱུར་ཞིག་དང་བསྡོངས་ཏེ་བརྩོན་པ་རྒྱལ་ལ་རྟེན་འབྲེལ་ཞུས་ཤིང་ཁྲི་བརྒྱའི་བདག་པོ་ཞེས་སེམས་གཏམ་དང་ཀུ་རེ་སྦྲགས་མའི་ཀྱལ་ཀ་རྩེ་ཞོར།དེང་སང་ཡུལ་མི་མང་པོ་ཞིག་རྒྱུ་ཐོག་ལ་བརྒྱབ་རྗེས་གྲོང་ཁྱེར་དུ་སོང་ནས་འཚོ་བ་སྐྱེལ་རྒྱུ་ཞིག་གོམས་འདུག འོ་ན་ཁྱོད་རང་ནམ་ཞིག་ལ་གྲོང་ཁྱེར་དུ་ལོག་རྩིས་ཡོད་ཅེས་བཤད་པར།བརྩོན་པ་རྒྱལ་གྱིས་ཧ་ཅང་གཟབ་ནན་གྱི་རྣམ་འགྱུར་ཞིག་གདོང་ལ་མངོན་བཞིན།“ང་རང་མི་ཆེན་རྒྱུ་ཆེན་ཅི་འདྲར་གྱུར་ཡང་།ཡོད་ཚད་སྔོན་ཆད་ཀྱི་ང་སྟེ་ཉམ་ཆུང་ལ་ཉག་ཕྲ་དུས་ཀྱི་བརྩོན་པ་རྒྱལ་གྱིས་རྒྱུན་འཁྱོངས་མཐར་ཕྱིན་བྱས་པའི་བཀའ་དྲིན་རེད།དེ་བས་ངས་སྔོན་ཆད་ཀྱི་རང་ཉིད་ལ་ཞེ་བསམ་པའི་གཏིང་ནས་བཀའ་དྲིན་ཞུ་སྙིང་བྲོད་སོང་།ཡིན་ན་ཡང་།ང་རང་གྲོང་ཁྱེར་དུ་ལོག་རྩིས་མེད།རྒྱུ་མཚན་ང་རང་ཕ་ཡུལ་གྱི་ཡོད་ཚད་ལ་དགའ།ཐ་ན་ལོ་འདི་དག་གི་རིང་ལ་ངེད་ཚང་གི་ར་སྐོར་ནང་དུ་འཚང་ཁ་བརྒྱབ་འོང་བའི་ལྕུང་ཀ་མཆུ་དམར་དེ་དག་ཀྱང་ང་ལ་མཚོན་ན་འབྲལ་དཀའ་བའི་སྙིང་གྲོགས་ཏག་ཏག་ཡིན།ངས་ནམ་རྒྱུན་དུ་དཔེ་ཀློག་དང་རྩོམ་འབྲིའི་གོ་རིམ་ཁྲོད་ནས་མཚམས་རེར་ར་སྐོར་དུ་ཡོད་པའི་རྡོ་ལེབ་ཆུང་ཆུང་ཞིག་ཏུ་ཕྱུར་བ་དང་རྩམ་པ།ད་དུང་གོོ་རེ་མང་པོོ་དུམ་བུ་དང་དུམ་བུར་བཅག་བཅག་ཧྲུག་ཧྲུག་ཏུ་བཏང་ནས་བཞག་པ་ན།ལྕུང་ཀ་མཆུ་དམར་དེ་དག་དེ་མ་ཐག་ཏུ་འཕུར་ཡོང་ནས་འཚང་ཁ་ཤིག་ཤིག་དང་བཅས་ཏེ་ཕྱུར་བ་དང་རྩམ་པ་དང་གོ་རེ་ཧྲུག་ཧྲུག་དེ་དག་རྩ་མེད་དུ་ཟོས་ཚར་འགྲོ།ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན།མི་མང་པོ་ཞིག་གིས་ང་ནི་རྩ་མི་ཚང་བའི་མི་ཞིག་ལྟར་བརྩིས་ནས་སྣང་མེད་བྱས་ཀྱང་།ལྕུང་ཀ་དེ་དག་གིས་ང་ཡི་ཁེར་རྐྱང་གི་སུན་སྣང་དཀྲོགས་པ་ལྟར་ར་སྐོར་ཆུང་ཆུང་དེ་རུ་ཅ་ཅོའི་སྐད་སྙན་སྣ་ཚོགས་སྒྲོག་ཅིང་ཡར་འཕུར་མར་འཕུར་བྱས་ནས་བསྡད་པའི་ལོ་ཟླ་རིང་མོ་དེ་ནམ་ཡང་བརྗེད་ཐབས་མེད”ཅེས་བཤད་སྐབས།ངས་བརྩོན་པ་རྒྱལ་གྱི་མིག་ནང་དུ་བཞུར་མ་ཐུབ་པའི་མིག་ཆུ་རྡོག་པོ་རེ་འོད་སྣང་དང་བཅས་ཏེ་ཡར་འཁྱིལ་མར་འཁྱིལ་བྱེད་བཞིན་པ་མཐོང་སོང་།
མི་ཞིག་ལ་གང་ཟག་མི་ཡིས་འདུག་གྲོགས་མ་ཐུབ་པར་འདབ་ཆགས་བྱ་ཡིས་འདུག་གྲོགས་ཐུབ་དོན་ཅི།དེ་ནི་ཁེར་རྐྱང་གི་སེམས་པ་ཞིག་གིིས་སེམས་ཀྱི་བརྟེན་པ་གཞན་ཞིག་ལ་སེམས་པ་འཁྲེང་སྟངས་ཡིན་ཡང་སྲིད།གང་ལྟར་བརྩོན་པ་རྒྱལ་གྱི་སྐད་ཆ་འདི་ལ་མཉན་རྗེས་ང་ཡི་སེམས་པ་ཕྱིར་དྲན་གྱི་ཀློང་དུ་རྒྱུ་ཞིང་ངས་ཕྱིར་དྲན་གྱི་ཀློང་ནས་མི་བུ་ཁེར་འགྲོ་ཞིག་གི་སྣང་བརྙན་མཐོང་སོང་།ཀུན་གྱིས་མིག་ནང་དུ་མི་འཇོག་པའི་དཔེ་ཆ་པ་ཞིག་གི་གོམ་པའི་སྟངས་སྟབས་དང་ནམ་ཡང་ཉམ་ཆུང་གིས་འཚོ་བའི་ཤེས་ཡོན་པ་ཞིག་གི་སྐྱིད་སྡུག་མཐོང་ཡོང་བར་མ་ཟད།དེའི་ཆེད་དུ་ངུ་སྙིང་བྲོད་པ་ལྟ་བུའི་སེམས་འགྱུ་ཞིག་གིས་གཙེས་ཏེ་སྣ་ཁུང་གཉིས་ཀྱི་ནང་ལ་སྐྱུར་རྩི་བྱུགས་པ་ལྟ་བུའི་ཚོར་སྣང་ཞིག་གིས་ཀུན་ནས་ཁྱབ་ཀྱང་།ངས་བཙན་གྱིས་མིག་ཆུ་བཞུར་དུ་མ་བཅུག་ལ་ཡིད་སེམས་སྐྱོ་བའི་སྐད་ཆ་ཅི་ཡང་མ་བཤད།རྒྱུ་མཚན་དེ་རིང་ནས་བཟུང་ཏེ་བརྩོན་པ་རྒྱལ་གྱི་མགོ་བོ་ཡར་འགྱོག་འགོ་བརྩམས་པ་མ་ཡིན་ནམ།ལྷག་པར་དུ་དེ་རིང་ནས་བཟུང་ཏེ་བརྩོན་པ་རྒྱལ་གྱི་ཕུགས་བསམ་གྱི་ཞིང་ས་རུ་རེ་བ་དང་ཡིད་ཆེས་ཀྱི་ལྗང་མྱུག་འབུས་འགོ་བརྩམས་པ་མ་ཡིན་ནམ།
ངེད་གཉིས་རང་རང་སར་མ་སོང་གོང་ལ།ངས་ཁུག་མ་ལས《མི་ཚོགས་དང་ཁེར་རྐྱང》ཞེས་པའི་དཔེ་དེབ་ཡར་བླངས་ཏེ། སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་སྣུམ་སྨྱུག་དེ་ཁོའི་ལག་ཏུ་བཞག་སྟེ་མིང་རྟགས་ཤིག་འགོད་རོགས་ཞུས་པ་ན།བརྩོན་པ་རྒྱལ་གྱི་མིག་ཟུང་གི་འོད་མདངས་སྔར་ལས་ཇེ་གསལ་དུ་སོང་བ་ལྟར་གྱུར་ཞིང་།གདོང་ལ་སྔར་མཐོང་མ་མྱོང་བའི་འཛུམ་མདངས་ཤིག་མངོན་བཞིན་ཐྲིག་ཐྲིག་གི་སྒྲ་དང་བཅས་ཏེ་དཔེ་དེབ་སྟེང་དུ་བརྩོན་པ་རྒྱལ་ཞེས་ཆེ་ཞིང་གསལ་ལ་སྙིང་དུ་སྡུག་པའི་མིང་རྟགས་ཤིག་བཀོད་སོང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注