«སྟག་མོ་རོང་གི་ཟམ་པ»དང་འབྲེལ་བའི་གཏམ།
གུས་པས་ལོ་འདི་དག་གི་ནང་ཅུང་ཙམ་ཨེ་འཁྱོང་གི་རེ་བ་དང་བཅས་སྒྲུང་ཐུང་ཁ་ཤས་ཚོད་ལྟའི་ཚུལ་དུ་བྲིས་ཡོད་པ། ད་ལམ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ«སྟག་མོ་རོང་གི་ཟམ་པ»ཞེས་པའི་དེབ་ཆུང་གི་རྣམ་པས་འབྲེལ་ཡོད་བོད་ཡིག་དཔེ་ཁང་དག་ཏུ་སླེབས་ཟིན་ལ། དེ་ལ་མོས་པའམ་མཚར་སྣང་འཛིན་མཁན་ཡོད་ན་ནི་འདིར་ཡང་བསྐྱར་འཕྲིན་བརྡ་སྙན་དུ་བསྒྲོན་པ་ལགས་སོ། ། སྤྱིར་གུས་པས་སྔོན་ཆད་སྒྲུང་རྩོམ་བྲིས་མྱོང་མེད་པས་དེབ་དེ་ལའང་གདེང་ཚོད་མི་རྙེད་དོ། །དེར་བརྟེན། དེབ་འགྲེམས་སྤེལ་བྱས་ཏེ་ཉིན་འགའ་འདས་པའི་རྒྱབ་འདིར། རེ་དོགས་ཚེར་མའི་སྟན་ལ་སྡོད་མ་ཚུགས་ཏེ། ཡང་བསྐྱར་ཡར་ལྡང་ནས་སྒྲུང་ཐུང་དེ་དག་རེ་རེ་ལ་ཀློག་འབྲེལ་ལྟ་བུའི་སྐད་ཆ་འགའ་ངག་ནས་ཤོར་སོང་བ་གཤམ་གསལ་ལྟར་རོ། །
རམ་འདེགས་མི་སྣ། ཕུ་བོ“རེའུ་ཚར་མགོ” པེ་ཏ། ཞི་ལ་ཞོ་ཁ་མ། དགེ་རྒན་ཧྥུ་རུང་སོགས།
སྒྲུང་ཐུང་འདིའི་ནང་ངའི་མིང་ལ་ཨྱོན་སྐར་མ་ཞེས་འབོད། ཧ་ལམ་ཕོ་ལོ་བཅོ་ལྔ་བཅུ་དྲུག་ཙམ་ཞིག་ལ་སོན་ཡོད། འོན་ཀྱང་གཏམ་རྒྱུད་ཀྱི་མི་སྣ་གཙོ་བོ་ང་མ་ཡིན་པར་ངའི་ཨ་ཅེའོ། །ངའི་ཨ་ཅེ་དེས་ང་ད་རུང་ཨ་ཉོག་ཅིག་ཡིན་དུས་ཁ་རུ་ནུ་མའང་བསྣུན་མྱོང་བས་ན། མོ་ནི་ངའི་ཨ་མ་ཆུང་ཆུང་ཡང་ངོ་། །བྱིས་པའི་དུས་སུ་ངའི་ཨ་མ་ཆུང་ཆུང་དེས་སློབ་གྲྭར་འགྲོ་རེ་ཤུགས་དྲག་བཏོན་ཡོད་རུང་འདོད་ཐོག་ཏུ་སྨིན་མེད། དེར་མཐུད་མོ་བཙན་གྱིས་བག་མར་བརྫངས་སོང་བ་རེད། འོན་ཀྱང་ཐེངས་དེར་མོས་རང་དབང་གིས་བཏེགས་པའི་འཇིག་རྟེན་སྣང་བའི་ཕྱིར། གློ་བུར་དུ་རྙི་ཡིས་ཟིན་པའི་བྱིའུ་བག་མ་ཞིག་ལྟར། བོད་སྲོལ་རྒྱུན་ལྕགས་ཀྱི་གཟེབ་ནང་སྲོག་དམར་པོ་གཏའ་ལ་བཞག་སྟེ་སྒྲོ་སྤུ་གྲིའི་སོ་ཁ་ཕངས་མེད་དུ་ཧྲུག་མྱོང་། དོན་ལ་དེ་ནི་ཁྲག་དྲི་འཐུལ་བའི་རང་དམེ་ཐེངས་གཅིག་གོ །ངས་དེ་དོན་གཏམ་རྒྱུད་ཁྲོད་ཐད་ཀར་ལབ་མེད་རུང་ཤུགས་ན་ཤིན་ཏུ་གསལ་ལོ། །ལར་ཤི་གསོན་མཚམས་སུ་གོམ་ཕྱེད་བོར་ཏེ་ཕྱིར་རྒོལ་གྱི་བཟོ་ལྟ་དྲག་པོ་དེ་འདྲ་བསྟན་ནའང་། སྐབས་དེའི་བོད་ཀྱི་བུ་མོ་ཕལ་མོ་ཆེ་ཇི་བཞིན། ཨ་ཅེའི་སྐྱིད་སྡུག་ལ་དོ་སྣང་བྱེད་མཁན་སུ་ཡང་བྱུང་མེད། མཐར་བློ་ཐག་རང་གིས་བཅད་རྗེས་ཨ་ཅེ་ཡུལ་ནས་རྦད་དེ་ཐོན་ཡོད། འོ་ན་ཕྱིས་སུ་མོ་ལ་བདེ་སྐྱིད་ཅེས་པའི་བསེ་རག་ཁ་ཡི་ནོར་བུ་དེ་ཐོབ་ཡོད་དམ་ཞེ་ན། ཨའུ་ཙི། དེ་ལ་སུ་ཞིག་བཤད་ཚོད་ཐིག
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注