བོར་སྟོར། 

བོན་སྐོར་དོན་གྲུབ་ཚེ་རིང་།

སྨུག་ཚ་གྲོང་ལ་ཁངས་སྨུག་གཏིབ་བྱུང་།

དགྲ་རྣམ་གངས་རི་གྲོང་ཚོ་ནས་ལམ་ལ་ཆས་ཏེ། བོར་སོང་བའི་ཨ་མེས་འཚོལ་དུ་སྨུག་ཚ་གྲོང་ལ་ཡོང་བ་རེད་མོད། སྨུག་ཚ་གྲོང་གི་ལས་ཁུངས་རེ་རེའི་སྒོ་འགྲམ་དང་སྲང་ལམ་གྱི་འགེལ་བྱང་དག་ཏུ་བྲིས་པའི་ཕྱོགས་སྟོན་ཡིག་འབྲུ་དེ་ཚོའང་ཁངས་སྨུག་གིས་མི་མཐོང་བར་བྱས་འདུག་པས། ཁོས་ཨ་མེས་ལགས་གྲོང་རྡལ་འདིའི་ཕྱོགས་གང་ཞིག་ལ་འཚོལ་དགོས་མིན་ཚོད་མ་ཐིག་པས་བཞི་མདོའི་ཁང་པ་སྔོན་པོ་དེའི་གྲུ་གར་ལངས་ནས་བསྡད། ཁོས་མགོ་དགྱེ་ནས་ཕྱོགས་བཞི་མཚམས་བརྒྱད་དང་བར་སྣང་ཁམས་ལ་བལྟས་ཙམ་བྱས། དེའི་དུས།  སྔོན་ཆད་ཁོའི་ཨ་མེས་ཀྱིས“ལྷ་བྱའི་བྲུན”ཞེས་བཤད་མྱོང་བའི་ཁ་བ་ལེབ་མོ་དག་ཀྱང་བར་སྣང་ནས་སྨུག་ཚ་གྲོང་གི་རྡོ་གཅལ་དུ་བབས་ཤིང་། དེ་ནས་རྡོ་གཅལ་གྱི་ཚ་དྲོད་དང་ཕྲད་པས་ཆུར་གྱུར་ཏེ་ལམ་འགྲམ་གྱི་ཆུ་དོང་དུ་བཞུར།

སྔོན་ཆད་དགྲ་རྣམ་གྱིས་ཨ་མེས་ལགས་ལ་ཁ་བར་ལྷ་བྱའི་བྲུན་ཟེར་དོན་ཅི་ཡིན་དྲིས་ཚེ། ཨ་མེས་ཀྱིས་ཞྭ་མོ་རྒྱ་སེའི་འདབས་ཁའི་འོག་ལ་འཕྲུག་ཙམ་དང་། རྡོ་ཤེལ་གྱི་མིག་ཤེལ་ནག་པོ་དེ་གདོང་ནས་ཡར་ལ་དེད་མུར་གྲེ་བ་བསལ་ཙམ་གྱིས་ལྷ་བྱ་ཐུགས་དགྱེས་པ་རེད་ཅེས་ཁ་ཤ་མུར་ཙམ་དང་ཨོལ་ཤ་འདར་ཙམ་ངང་བཤད་མྱོང་། ད་ལྟ་དགྲ་རྣམ་ནར་སོན་འདུག་པས། ཁོས་ཁ་བ་ནི་དོན་ངོ་མ་ཅི་ཞིག་ཡིན་པ་གསལ་པོར་ཤེས་ཟེར་ན་མི་ཤེས་ལ། མི་ཤེས་ཟེར་ན་གསལ་པོར་ཤེས་པས་ལྷ་བྱའི་བྲུན་ཡིན་མིན་ལ་མཚམས་ལན་རེར་མ་གཏོགས་ཐེ་ཚོམ་སྐྱེ་ཡི་མེད།

དགྲ་རྣམ་གྱིས་མགོ་ཡར་དགྱེ་བའི་སྐད་ཅིག་མ་དེར། ཁང་པ་སྔོན་པོ་དེ་ལས་ཕྱི་གསལ་ནང་གསལ་གྱི་དངོས་པོ་ཞིག་མར་ཟགས་འོང་ཞིང་།གཟུར་དབང་མ་བྱུང་སྟབས་ཁོའི་སྤྱི་གཙུག་ལ་ཕོག་སྟེ་འཁྱག་སིབ་བེར་བཏང་བས་དེ་འཕྲལ་ཁོའི་ལུས་ལ་ཟ་འཕྲུག་བཟོད་གླགས་མེད་པ་ཞིག་བྱུང་ཞིང་རྐང་པ་གཉིས་ཀྱིས་ལུས་ཀྱི་ལྗིད་མ་ཐེག་པར་ཐང་ལ་འགྱེལ། ཁོས་སྐད་བརྒྱབ་ནས་ལམ་འགྲོ་བ་ཞིག་འབོད་བསམས་ཀྱང་། སྐད་འདོན་རྒྱུ་དེ་མགྲིན་པའི་རང་དབང་ན་མི་འདུག་ལ། ཁོས་ལག་པ་གཡུག་གཡུག་གིས་སུ་ཞིག་ལ་བརྡ་བསྟན་མོད། ཁངས་སྨུག་སྟུག་པས་ཡིན་ནམ་ཅི་ཆ།ཁོ་མཐོང་མཁན་མ་བྱུང་། ཁོས་རང་ཉིད་སྨུག་ཚ་གྲོང་ལ་ཡོང་དོན་དང་རང་ལ་གློ་བུར་བྱུང་བའི་ཉེན་ཁ་དེ་གཞན་ལ་བརྡ་སྤྲོད་དགོས་སྙམ་སྟེ་ཇི་ལྟར་འཕག་འཚག་བྱས་ཚེ་ཁངས་སྨུག་ལྟར་འཛིན་ཐབས་མེད་པའི་དངོས་པོ་དེས་ཁོའི་རྐང་ལག་དྲག་ཏུ་སྡོམ་སྣང་སྟེར་ཞིང་། ཐ་ན་ཐོད་ཁ་ནས་མར་ཉིལ་འོང་བའི་སྐྲ་ཉག་རློན་པ་དེ་ཚོར་ཡང་འགུལ་དབང་མ་བྱུང་། ཁོའི་ལུས་ཡོངས་སུ་འབུ་སྡོམ་རྒྱུ་བ་ལྟ་བུའི་ཟ་འཕྲུག་ཅིག་མཚམས་མེད་པར་ལངས།ཁོས་མི་གཞན་མཐོང་ཐུབ་ཀྱང་མི་གཞན་གྱིས་ཁོ་མཐོང་མི་ཐུབ་པར་གྱུར་པས། ཁོ་འུ་ཐུག་ནས་ཁ་རོག་གེར་མི་སྡོད་རང་སྡོད་དུ་གྱུར།

ཨ་མེས་ནི་གྲོང་ཚོའི་ནང་གི་བགྲེས་པོ་གཅིག་པུ་དེ་ཡིན་ཞིང་།རྟ་འདེད་པ་དང་གྲི་འཕྱར་བའི་གཏམ་རྒྱུད་འཆད་ཤེས་མཁན་ལའང་ཁོ་མ་གཏོགས་མེད། ཁོ་རང་སྨུག་ཚ་གྲོང་ནས་བོར་རྗེས། གྲོང་ཚོའི་ནང་གི་ཨ་མེས་ལས་གཞོན་པའི་མི་དེ་ཚོས་ཨ་མེས་སྨུག་ཚ་གྲོང་ནས་བོར་སོང་མི་ཟེར་བར་སྨུག་ཚ་གྲོང་གིས་ཨ་མེས་བཀབ་སོང་ཟེར། དེ་ལའང་ཁག་མེད་དེ། གྲོང་ཚོའི་ནང་གི་མི་ཡོད་ཚད་ཀྱིས་ཐ་ན་སྨུག་ཚ་གྲོང་གི་ཆུ་སྙིགས་དོང་ལམ་གཅིག་ཀྱང་མ་བསྐྱུར་བར་བཙལ་མོད།ཨ་མེས་རྙེད་རྒྱུ་མ་བྱུང་། ཡིན་ནའང་།ཨ་མེས་བོར་བ་ནས་བཟུང་། སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་རླུང་བཞིན་སྨུག་ཚ་གྲོང་དང་གངས་རི་གྲོང་ཚོའི་ཕྱོགས་བཞིར་ལྡང་། གངས་རི་གྲོང་ཚོའི་སྲིབ་ལུང་དུ་ཉིན་དཀར་ལུག་འཚོ་ཞིང་།ས་རུབ་དུས་སྨུག་ཚ་གྲོང་གི་མགྲོན་ཁང་གང་རུང་དུ་བསྡད་ནས་ཐད་གཏོང་བྱེད་རྒྱུར་དགའ་བའི་རྫི་བོ་གཅོད་པས“ས་སྲོས་དེར། སྨུག་ཚ་གྲོང་གི་བཞི་མདོ་ཆེན་མོའི་ཁང་པ་སྔོན་པོ་དེའི་གྲུ་ག་ནས་བགྲེས་པོ་ཞིག་ཕར་འགྲོ་བའི་རྒྱབ་གཟུགས་མཐོང་བྱུང་ལ།དེ་ནི་ཨ་མེས་ཀྱི་རྒྱབ་གཟུགས་ཡིན་པར་བརྒྱ་ཆའི་གོ་དགུའི་གདེང་ཚོད་འདུག”ཟེར། སྨུག་ཚ་གྲོང་གི་གད་པ་ཕུར་སྐྱིད་ཀྱིས“ཁངས་སྨུག་དྭངས་ཡོད་པའི་ཞོགས་པ་ལ་ལར། ངས་སྲང་ལམ་འཕྱག་སྐབས། ཨ་མེས་ཀྱིས་ཞྭ་མོ་རྒྱ་སེ་གོན་ཞིང་།རྡོ་ཤེལ་གྱི་མིག་ཤེལ་ནག་པོ་དེ་གདོང་ལ་གཟར། རྩིད་ཁྲའི་ཏ་ལེན་དེ་ཕྲག་པར་ཁུར། ཚི་དང་སྣུམ་གྱིས་ནག་པོར་བྱས་པའི་སློག་པ་དེར་སྐ་རགས་སྔོན་པོ་ཞིག་ལྷོད་ལེར་བཅིངས། ལྷམ་སྒྲོག་མེད་པའི་ཨ་ཀྲད་དེ་དྲུད་ནས་བཞི་མདོ་ཆེན་མོའི་ཁང་པ་སྔོན་པོ་དེའི་ཉིན་ཁར་ཉི་མར་ལྡེ་བཞིན་པ་ཐེངས་འགའ་ལ་མཐོང་བྱུང”ཟེར། ནང་ལོགས་ཀྱི་སྐད་གྲགས་ཆོད་པའི་སློབ་ཆེན་ཞིག་ནས་མཐར་ཕྱིན་རྗེས། གཞུང་ཞབས་པ་སོགས་ལ་རྒྱུགས་མ་འཕྲོད་པར་གྲོང་ཁྱེརXཡི་མའེ་ཞོ་པེན་ཁྲིན(མའེ་ཞོ་པེན་ཁྲིན་ནི蜜雪冰城རེད་མོད།རྒྱུན་པར་གྲོང་ཚོའི་ནང་གི་ཡུལ་མི་ལ་ལས་ཕུར་རྒྱམ་ལ། ཁྱོད་ད་ལྟ་གྲོང་ཁྱེར་གྱི་མའེ་ཞོ་པེན་ཁྲིན་དུ་ཧྲང་པན་བྱེད་ཀྱི་ཡོད་དམ་ཞེས་འདྲི་དུས། སྒྲ་གདངས་གོང་གསལ་ལྟར་ཐོན་གྱི་ཡོད། )ཞིག་ཏུ་འཁྱགས་ཞོ་འཚོང་མཁན་གྱི་ལག་རོགས་པ་ཡིན་པའི་སྤྲེའུ་རྒོད(ཁོའི་དངོས་མིང་ལ་ཕུར་རྒྱམ་ཞུ་ཞིང་།སྤྲེའུ་རྒོད་ནི་སློབ་ཆེན་སྐབས་སུ་ཁོས་ནང་ལོགས་ཀྱི་སྙན་དེབ་དག་གི་སྟེང་ལ་སྙན་ངག་འགོད་སྐབས་ཀྱི་སྨྱུག་མིང་ཡིན་པར་གྲགས)ཀྱིས“ཟླ་དེའི་ཚེས་བཅུ་བཞི་ཉིན་གྱི་ས་སྲོས་སུ་ཁོ་སྨུག་ཚ་གྲོང་ལ་སླེབས་མ་ཐག ཨ་མེས་ཁང་པ་སྔོན་པོ་དེའི་གྲུ་གར་འགྲེང་འདུག ཨ་མེས་ཀྱིས་གློ་ལུ་ཞིག་བྱས་རྗེས་ཁ་ལུད་ཚུར་འཕངས་པའི་ཕྱོགས་དེ་ན་ངས་ཏག་ཏག་སྔོན་ཆད་ཨ་མེས་ཀྱིས་རྒྱ་སྤྲང་ཁུག་མར་འབོད་པའི་འདྲུད་སྒམ་དེ་ལག་ལ་བཟུང་ནས་ལངས་འདུག”ཟེར། སྐད་ཆ་དེ་དག་ནི་ཕྱེ་ལེབ་ཅིག་དང་འདྲ་བར་གངས་རི་གྲོང་ཚོའི་སྲང་བར་ནས་ཡར་འཕུར་མར་འཕུར་བྱས་ཚེ། གྲོང་ཚོའི་ནང་གི་མི་རྣམས་ཀྱིས་སྨུག་ཚ་གྲོང་ནི་རྫུ་འཕྲུལ་ཅན་གྱི་གདོན་འདྲེ་ཞིག་དང་འདྲ་ཟེར་ཞིང་།དེ་ལྟར་མིན་ན་ཨ་མེས་བཙལ་མ་མྱོང་སའི་ས་ཞིག་སྨུག་ཚ་གྲོང་ན་མེད་མོད། ད་དུང་ཡང་སྨུག་ཚ་གྲོང་ན་ཨ་མེས་མཐོང་རྒྱུ་འདུག་ཟེར་ན། ད་ནི་སྨུག་ཚ་གྲོང་གིས་ཨ་མེས་བཀབ་ཡོད་པ་མིན་ན་མི་ཤེས་སོ་ཟེར།

ཨ་མེས་ཀྱིས་ལྷ་བྱའི་བྲུན་དུ་འབོད་པའི་ཁ་བ་ནི་སྨུག་ཚ་གྲོང་གི་ཁངས་སྨུག་གི་གསེང་ནས་གཅུ་ལོག་བྱས་ཏེ་ཟ་འཕྲུག་གིས་བཟོད་གླགས་མེད་ཀྱང་ཡན་ལག་སོ་སོར་འགུལ་དབང་མེད་ལ། ཐ་ན་སྐད་ཙམ་འདོན་རྒྱུར་ཡང་དཀའ་ཁག་བྱུང་ཟིན་པའི་ཁོའི་ལུས་སྟེང་ལ་ལྷབ་ལྷུབ་བབས་བྱུང་། སྟབས་ལེགས་པ་ཞིག་ལ།རབ་རིབ་བན་བུན་གྱི་ཁངས་སྨུག་གི་གསེང་ནས་མི་ཞིག་ལྷང་ལ་བུད་བྱུང་།ཕར་བལྟས་ཚོད་ཀྱིས་གཞོན་ཉམས་དོད་པའི་མི་དེས་གདོང་ལ་མིག་ཤེལ་དཀར་པོ་ཞིག་གོན་ཞིང་། ནུབ་ལྭ་དང་ཀོ་ལྷམ་ནག་པོ་ཞིག་གྱོན་ནས་གླང་ཆེན་འགྲོས་ཀྱིས་ཁོའི་ཕྱོགས་སུ་ཡོང་བཞིན་པ་མཐོང་། མི་དེས་ཁོ་མཐོང་གི་ཡོད་པ་ཡིན་ནམ། ཁོ་དགའ་ནས་ཀི་ཞིག་འདེབས་བྲོ་མོད། ཞིབ་ཏུ་བལྟས་པས་མི་དེས་ལྕགས་ཐག་རིང་པོ་ཞིག་རྗེས་ལ་དྲུད་འདུག་པ་མཐོང་བས་ཁོ་སྐྲག་མ་དངངས་ཀྱིས་ཕར་འབྲོ་རྩིས་བྱས་པ་ན། ད་གཟོད་ཁོའི་རྐང་ལག་འགུལ་མེད་དུ་གྱུར་པ་ཚོར། མི་དེ་ཁོའི་ཉེ་སར་སླེབས་པ་དང“ཁྱོད་ཀྱི་མིང་ལ་དགྲ་རྣམ་ཟེར་རམ”ཞེས་དྲིས་རྗེས། ཅི་ལའང་མི་སྒུག་པར་ཐད་ཀར་ཁོའི་གདོང་དཀྱིལ་ལ་ལྕགས་ཐག་ཟུག་འཕེན་བྱས་བྱུང་། མགོ་སྐོར་གླིང་བཞི་མ་དེའི་ཟུར་གཅིག་གིས་ཁོའི་གདོང་ཕྲུམ་བཅག་ནས་ནང་ལ་འཕངས་ཤིང་།ཁྲག་དང་རྣག་ཀྱང་ལྷོག་སེར་ཕྱིར་འཕྱུར་བཞིན་པ་མཐོང་ཐུབ་མོད། ཁོས་མི་དེར་ལག་ཡ་བྱེད་མི་ཕོད་པར་མ་ཟད།ད་དུང་ཁ་ཡག་བཤད་ཅི་ཐབས་ཀྱིས་ཨེ་ཐར་བལྟས། ཁོས་མི་དེར་ཁ་ཡག་བཤད་སྐབས་ལྷ་བྱའི་བྲུན་དུ་འབོད་པའི་ཁ་བ་ནི་གློ་བུར་འབབ་མཚམས་བཞག་སོང་བས། ཁོས་ཨ་མེས་ཀྱིས་བཤད་པ་དེའང་བདེན་སྲིད་ཨང་སྙམ།

ཉིན་དེར། གངས་རིའི་དེའུ་འབུར་ཞེས་འབོད་པའི་གྲོང་ཚོའི་གཉའ་ཡི་དེའུ་འབུར་དེའི་ཀླད་ནས་ཁོས་ཨ་མེས་ལ་ལྷ་བྱ་ཟེར་བ་ཅི་ཞིག་རེད། དེ་ཐུགས་དགྱེས་ཚེ་བྲུན་གཏོར་དོན་གང་རེད་ཅེས་ཡང་ཡང་དྲིས་མཐར། ཨ་མེས་ཀྱིས་ཁོ་ལ“ངས་བསམ་ཅུང་ཙམ་ཤེས་པའི་སྐབས་ཤིག་ནས་བཟུང་། ངའི་རྨི་ལམ་དུ་མིང་འདོགས་མི་ཤེས་པའི་བྱ་ཆེན་ཞིག་ཡང་ཡང་འཁོར་རྒྱུ་ཡོད ”ཅེས་བཤད་ཅིང་། དེ་ནས་ཅུང་ཙམ་རིང་བསྡད་རྗེས། མུ་མཐུད་དུ“ཉིན་དེའི་སྔ་ནུབ་ལ་བྱ་ཆེན་དེ་ངའི་རྨི་ལམ་དུ་འཁོར་བྱུང་།  བྱ་ཆེན་དེ་ངའི་རྨི་ལམ་དུ་མ་འཁོར་གོང་ངས་སྦྲའི་ཧྲག་བར་ནས་ཡར་འཛུལ་འོང་བའི་ཁྱི་ལྡོམ་ཞིག་ལ་འཛིང་རེས་བྱེད་པ་ཞིག་རྨིས་བྱུང་།ངས་གར་ཡོང་མི་ཤེས་པའི་ཁྱི་ལྡོམ་དེའི་རྣ་ལྟག་ལ་མགོ་སྐོར་གྱིས་ལན་གཉིས་གཞུས་པས་ཁྱི་ལྡོམ་དེས་ཙི་འདེབ་ཞོར་སྒོར་བྲོས། ངས་རྗེས་དེད་ནས་སྒོར་བུད་མ་ཐག་ཁྱི་ལྡོམ་གཞན་ཞིག་གིས་གཡོ་སྒྱུ་ཚད་ནས་འཇབ་རྒྱུག་བྱས་ཀྱང་ངས་དེའི་ཁ་ནང་ལ་ཁུ་ཚར་གྱིས་ལན་གཅིག་བརྒྱབས་པས།དེའི་ཁ་ནས་སྐད་ངན་ཞིག་ཤོར་བའི་སྐབས་དེར། བྱ་ཆེན་དེས་གང་ཞིག་ནས་གཤོག་རྡེབ་བྱེད་བཞིན་འཕུར་འོང་ཞིང་། ཁྱི་ལྡོམ་དང་ངེད་གཉིས་ཀྱི་དྲང་ཐད་ལ་སླེབས་མ་ཐག་དེས་བྱ་བྲུན་ཚོམ་བུ་ཞིག་ང་དང་ཁྱི་ལྡོམ་དེའི་ལུས་སྟེང་ལ་གཏོར་བས་ཁྱི་ལྡོམ་དེ་ཁ་ཕྱིར་འཁོར་མེད་པར་ཐག་རིང་ཞིག་ལ་བྲོས་སོང”ཞེས་བཤད་ཅིང་། “ཕྱི་ཉིན་ནམ་ལངས་དུས།གངས་རི་གྲོང་ཚོར་ཁངས་ཆེན་ཞིག་བབས་འདུག ཁངས་སྨུག་འཐིབས་མེད་ནའང་འབབ་མཚམས་ད་དུང་བཞག་མི་འདུག སྐབས་དེ་ཙམ་ལ།  མོས་ཡིད་འོང་གི་ཚེ་སྲོག་དེ་བཙའ་དཀའ་བར་གྱུར་པས་ང་འུ་ཐུག་ཐབས་ཟད་དུ་གྱུར། སྐབས་དེར། ད་ལྟའི་སྨུག་ཚ་གྲོང་ཞེས་པ་གན་གྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པས་སྨན་ཁང་ཞེས་པའང་གང་ན་ཡོད། དེ་ལྟ་ནའང་།སྐབས་དེར་ངའི་མེས་པོ་དང་ཤ་གྱོད་ཡོད་པའི་གྲོང་ཚོའི་རྐང་རྗེན་སྨན་པར་ངས་ཞུ་བ་བྱས་འགྲོ་བའི་དཔེ་མེད་པས། མོ་དང་མོའི་མངལ་གྱི་ཚེ་སྲོག་དེ······”ཞེས་མིག་རྩ་དམར་པོར་གྱུར་ཅིང་། ལོ་ཟླའི་གདུག་རྩུབ་ཀྱི་རི་མོ་ལུས་ཀྱི་སྐྱི་མོར་བབས་པའི་ཨ་མེས་ཀྱིས་ཨེན་ཙམ་ལ་ཐག་མི་རིང་བའི་ས་ན་མི་ཡུལ་གྱི་ཅི་མི་སྙམ་པ་དག་ལ་ཅི་མི་སྙམ་པར་ཅེར་ནས་ཡོད་པ་འདྲ་བའི་གངས་རིར་ཅེར་ནས་བསྡད། སྐབས་དེར། ཟ་འགྲམ་གཉིས་ཀྱི་སྐྲ་བཞར་ཡག་བྱས་ཤུལ་དུ་ལྷན་སྦྱར་སྙིང་རིས་གཉིས་མདའ་མོས་སྦྲེལ་བའི་རི་མོ་ཞིག་ཕབ་འདུག་པའི་དགྲ་རྣམ་གྱི་མགོ་ལ་ཉི་འོད་ཕོག་པས་ཡིན་ནམ།ཁོས་མགོ་ལ་འཕྲུག་ཞོར་དཀྲི་ཀ་ཡོད་ཀྱང་གསལ་རྒྱུ་མེད་པའི་མིག་གིས་ཨ་མེས་ཀྱི་གདོང་ལ་ཅེར་ནས་ཤ་གྱོད་ཟེར་བ་ཅི་རེད་ཅེས་དྲིས་པ་ན། ཨ་མེས་ཀྱིས་དུད་ཁྱིམ་བཅོ་ལྔ་ལྷག་གིས་གྲུབ་པའི་གངས་རི་གྲོང་ཚོར་ལན་གཅིག་གཟིགས་རྗེས།  “ངའི་མེས་པོ་དང་ཁོའི་ལག་རོགས་དེ་ཚོ་ས་འདིར་མ་སླེབས་གོང་།གྲོང་ཚོ་འདི་ཡོད་པ་མ་རེད།གྲོང་ཚོའི་གཉའ་ཡི་དུར་ས་དེ་དག་ཀྱང་མེད། ཕྱིས་སུ་མེས་པོའི་ཚ་བོའི་བུ་དེ་རྐང་རྗེན་སྨན་པའི་ཚ་བོས་གྲིས་བརྒྱབས་ནས་བསད།  དེ་ལ་ཤ་གྱོད་ཟེར”ཞེས་བཤད་པ་ན། དགྲ་རྣམ་ཧ་ལས་པའི་ཚུལ་གྱིས“ས་འདི་འདྲ་ཆེ། རང་རང་སར་མི་འགྲོ་བར་དགྲ་བོ་དང་མཉམ་དུ་ད་ལྟའི་བར་གྲོང་ཚོ་གཅིག་ནས་ལྷན་དུ་སྡོད་དོན་གང་རེད”ཅེས་དྲིས་པ་ན། “ཡིན་ནའང་།དུར་སའི་གྲས་སུ་ཕྱོགས་གཉིས་ཀའི་མེས་པོའི་ས་ཡོད་པས།  ཕྱོགས་གཉིས་ཀའི་མི་རབས་ཕྱི་མ་སུས་ཀྱང་མེས་པོའི་རྣམ་ཤེས་འཐིམ་སའི་ས་དེ་བསྐྱུར་ནས་འགྲོ་སྲོལ་མེད་པས་རེད”ཅེས་བཤད་ཅིང་། མཐུད་ནས“ཕྱིས་སུ་ངས་ཉིན་དེའི་སྔ་ནུབ་ལ་རྨིས་པའི་རྨི་ལམ་དེ་ཕ་རྒན་ལ་བཤད་པ་ན། ཕ་རྒན་གྱིས‘རྨི་ལམ་དུ་ཁངས་འབབ་པ་རྨི་སླ་མོད། རྨི་ལམ་དུ་བྱ་བྲུན་གཏོང་བ་རྨི་བའི་དཔེ་མེད། དེ་རྨིས་ཚེ་ལྷ་བྱས་ཁྱོད་ལ་བྲུན་གྱི་དངོས་གྲུབ་བསྩལ་བ་རེད་དེ།ཁྱོད་ཀྱིས་ཁྱི་ལྡོམ་ལ་འཐབ་ཕོད་པའི་ངང་ཚུལ་དེར་ལྷ་བྱ་ལགས་ཐུགས་དགྱེས་ནས་ཁྱོད་ལ་བྲུན་གྱི་དངོས་གྲུབ་བསྩལ་བར་མ་ཟད།ཕྱི་ཉིན་བབས་པའི་ཁངས་ཆེན་དེའང་ལྷ་བྱས་ཁྱོད་ཀྱི་རྨི་ལམ་ནས་བསྩལ་བའི་དངོས་གྲུབ་ཀྱི་རྟགས་མཚན་རེད’ ཟེར་མོད། ཡིན་ནའང་། རྟགས་མཚན་དེ་ངའི་སྙིང་ཉེ་བའི་ཚེ་སྲོག་གཉིས་འཇིག་རྟེན་དང་གྱེས་པའི་ཟམ་ཆེན་ཞིག་ཏུ་འགྱུར་དོན་གང་ཡིན་ནམ······”ཟེར་ཞོར་ཨ་མེས་ཀྱིས་མཆིལ་མ་ཞིག་སྒོག་སེར་མིད་ཤུལ་དུ་ཨོལ་མདུད་ཡར་འགུལ་མར་འགུལ་བྱེད་ཅིང་། རྫི་མ་དང་མིག་སྐྱི་འདར་ཙམ་འདར་ཙམ་བྱེད་ཞོར“ཕལ་ཆེར་ང་ནི་མི་བསོད་ཟད་ཅིག་ཡིན་པས་རེད”ཟེར།

དགྲ་རྣམ་གྱིས་བྱ་བྲུན་ལྟ་བུའི་ཁ་བ་གློ་བུར་འབབ་མཚམས་བཞག་པ་ནི་འབྲེལ་བ་མེད་ཅིང་ཆ་རྒྱུས་མེད་པའི་མི་འདིས་ངའི་གདོང་ཕྲུམ་བཅག་ཀྱང་ངས་ལག་ཡ་བྱེད་མ་ཕོད་པར་ད་དུང་འདི་ལ་ཁ་ཡག་བཤད་པས་ལན་པ་ཡིན་ངེས་སྙམ་ནས་ཕྱིར་སྐད་ཆ་ཞིག་བཤད་དགོས་སྙམ་ཚེ་ཁོ་ལ་སྐྱོན་ཞུགས་པའི་ངག་དེ་ཙམ་ལས་མེད་ཅིང་།ལག་ཡ་བྱེད་སྙམ་པ་ན་ཁང་པ་སྔོན་པོ་དེ་ལས་ལྷུང་བའི་གཟུགས་མེད་ཀྱི་དངོས་པོ་དེས་འགུལ་དཀའ་བར་བཏང་བའི་གཞན་དབང་གི་རྐང་ལག་དེ་མ་གཏོགས་མི་འདུག ཁོ་འུ་ཐུག་པའི་སྐབས་དེར། མདུན་གྱི་མི་ཆ་མེད་དེ་གློ་བུར་མི་མཐོང་བར་གྱུར་པས། སྨུག་ཚ་གྲོང་སླར་ཡང་ཁངས་སྨུག་གིས་བཏུམ་སོང་། ཞྭ་མོ་རྒྱ་སེ་མནབས་ཤིང་། རྡོ་ཤེལ་གྱི་མིག་ཤེལ་ནག་པོ་གདོང་ལ་བཀལ་བའི་ཨ་མེས་ལགས་ཀྱང་སྨུག་པ་དེའི་ཀློང་ནས་ལྷང་ལ་བུད་བྱུང་བས།   དགྲ་རྣམ་གྱིས་བོར་ཟིན་པའི་ཨ་མེས་རྙེད་བྱུང་སྙམ་ནས་ཀི་འདེབས་ཞོར་ཨ་མེས་ཀྱི་སར་རྒྱུག་བསམ་པ་ན། ཨ་མེས་ལགས་ཀྱིས་ཁངས་སྨུག་སྟུག་པོ་དེའི་ཀློང་ནས་སྨུག་ཚ་དང་ཐག་མི་རིང་བའི་གངས་རི་གྲོང་ཚོའི་ཕྱོགས་ལ་ལག་བརྡ་ཞིག་བྱས་ཤིང་།གློ་ལུ་ཞིག་བྱས་རྗེས་ཀྱི་ལུད་པ་དེ་ཁོའི་ཕྱོགས་ལ་འཕངས་རྗེས་མི་མངོན་པར་གྱུར། ཨ་མེས་དེ་ལྟར་སླར་ཡང་སྨུག་པའི་གསེང་ནས་མི་སྣང་བར་གྱུར་པས། ཁོས“ཨ་མེས། ཨ་མེས”ཞེས་འབོད་སྙམ་པ་ན་གློ་བུར་འབོད་ཐུབ་པར་གྱུར་ཅིང་།  ཨ་མེས་ཀྱི་རྗེས་ལ་རྒྱུག་བསམ་པ་ན་རྒྱུག་ཀྱང་ཐུབ་སོང་མོད། སྐད་ཅིག་མ་དེར།ཁོས་ཨ་མེས་དེ་ལྟར་གློ་བུར་ལྷང་ལ་བུད་ཅིང་སླར་ཡང་མི་སྣང་བར་འགྱུར་དོན་ལ་བསམ་བློ་བཏང་། ཁོས་ད་སྔོན་མི་ཆ་མེད་ཅིག་གིས་རང་ལ་བརྙས་ཤིང་རང་གིས་དེར་ལག་ཡ་བྱེད་མ་ཕོད་པའི་བཟོ་དེ་ཨ་མེས་ཀྱིས་མཐོང་མེད་པས། ཁོང་གིས་ཁ་ལུད་དེ་ངའི་ཕྱོགས་སུ་འཕངས་པ་ཡང་སྟེས་དབང་ཡིན་པ་ལས་ནང་དོན་གཞན་ཡོད་མི་སྲིད་སྙམ་ཞིང་། ཨ་མེས་ད་ལྟའི་བར་བོར་བའང་ཁངས་སྨུག་སྟུག་པ་ཁོ་ནས་རེད་སྙམ།ཁོས་དེ་ལྟར་བསམ་སྐབས། སྨུག་པས་སླར་ཡང་ཁོ་བཏུམ་བྱུང་།   སྨུག་པའི་ཀློང་ནས་ཁོས་རང་དབང་མེད་པར་ཞྭ་མོ་རྒྱ་སེ་མནབས་ཤིང་།རྡོ་ཤེལ་གྱི་མིག་ཤེལ་ནག་པོ་ཞིག་གདོང་ལ་བཀལ་ནས་བོར་ཟིན་པའི་ཨ་མེས་ཀྱི་བཟོ་ལྟ་ཇི་བཞིན་དུ་སྟོན་རྒྱུ་བྱུང་ན་ཅི་མ་རུང་སྙམ་མོད།བརྒྱ་ལ་ཨ་མེས་ཀྱི་ཕྱིའི་བཟོ་ལྟ་དེ་འདྲ་ཡོང་ཐུབ་པའི་དབང་དུ་བཏང་ཡང་།ཆ་ཤས་གང་ཞིག་ནི་སྨུག་པའི་གསེང་ནས་ཡོང་ཐབས་མི་འདུག་སྙམ་ལ། ཡང་ན་ཡོང་ཐུབ་རུང་སྨུག་པའི་གསེང་ནས་བོར་སླ་བའི་དོགས་པ་བྱུང་། ཁོས་ཁངས་སྨུག་གི་ཀློང་ནས་སྨུག་ཚ་གྲོང་གི་བཞི་མདོའི་ཕྱོགས་སུ་བལྟས་པ་ན། བྱིས་པ་ཞིག་གིས་དཔེ་ཁུག་ཅིག་ཁུར་ནས་བཞི་མདོའི་ཕྱོགས་སུ་ཡོང་བཞིན་པ་མཐོང་།བྱིས་པ་དེའི་གདོང་རིད་ཅིང་གཟུགས་ཐུང་ལ་སྐེ་དཀྲིས་དམར་པོ་ཞིག་མགུལ་དུ་མདུད་འདུག  སློབ་ལྭ་སྔོ་ཁྲ་ཞིག་དང་རྩལ་ལྷམ་དཀར་པོ་ཞིག་གོན་འདུག་པས་བལྟས་མ་ཐག་ནས་སློབ་མ་ཞིག་ཡིན་པ་ཤེས་ཐུབ། ཁོས་བྱིས་པ་དེ་མཐོང་བའི་མོད་ལ་ཡིད་ལ་དོན་དག་ཅིག་དྲན། ལོ་མང་པོའི་སྔོན་གྱི་ཉིན་དེར། དགྲ་རྣམ་སློབ་གྲྭར་བོས་མོད། ཁོའི་ཨ་མེས་ཀྱིས་ཁ་ཤར(ཤར་ནི་འདིར་ཕྱིན་ཅི་ལོག་གི་དོན་ཡིན)ལ་འཁོར་འགྲོ་ཟེར་ནས་དགྲ་རྣམ་སློབ་གྲྭར་མ་མངགས། ཡང་དང་བསྐྱར་དུ་བརྡ་ཐོན་པས། ཨ་མེས་ཀྱང་འུ་ཐུག་པར་གྱུར། ཨ་མེས་ཀྱིས་དགྲ་རྣམ་སློབ་གྲྭར་བུད་སོང་ཚེ་གངས་རི་གྲོང་ཚོ་མཚེར་སར་འགྱུར་བའི་དུས་ཤིག་ཡོད་ཅེས་བཤད་པ་ན། གངས་རི་གྲོང་ཚོའི་མི་རྣམས་བགད་ནས་ཁ་མི་སུམ་པར་གྱུར་ཅིང་།ཨ་མེས་ལ་ཁྱོད་ཧོན་ལོག་འདུག་ཅེས་སེམས་གསོ་བྱས་མྱོང་བ་དེ་ཁོའི་ཡིད་ལ་དྲན་སྐབས། བཞི་མདོའི་བྱིས་པ་དེས་གློ་བུར་ཁོའི་མིང་ནས་བོས་བྱུང་།  ཁོས་ཞིབ་ཏུ་བལྟས་པ་ན།དེ་ནི་ཁོའི་བུ་ཆུང་བ་ཝ་སྲས་རེད། ཁོས་ཨ་ལན་ཞིག་སྟེར་བསམ་མོད།ངག་ལ་སྔར་བཞིན་སྐྱོན་ཞུགས་འདུག་ཅིང་།རྐང་ལག་ཀྱང་དེ་ལྟར།ཟ་འཕྲུག་ཀྱང་སྔར་བཞིན་ལངས་པས་ཁོས་རང་གི་བུ་ཆུང་གིས་ཅི་བྱེད་ལ་བལྟས་ནས་སྡོད་པ་ལས་ཐབས་ཅི་ཡང་མེད་པར་གྱུར། ཁོས་བུ་ཆུང་གསལ་པོར་མཐོང་མོད། སྨུག་པ་ཤིན་ཏུ་སྟུག་པས།སུས་ཀྱང་ཁོ་མཐོང་གི་མེད་པ་ཡིན་ནམ། དེ་སུས་ཀྱང་མི་ཤེས། ཝ་སྲས་ཀྱིས་ཕ་དགྲ་རྣམ་འབོད་ཞོར་སྨུག་ཚ་གྲོང་གི་བཞི་མདོའི་ཁང་པ་སྔོན་པོ་དེའི་གྲུ་གར་སླེབས་བྱུང་།དེའི་དུས།སྨུག་ཚ་གྲོང་ལ་ཁངས་སྨུག་འཐིབས་འདུག སྨུག་ཚ་གྲོང་གི་ལས་ཁུངས་རེ་རེའི་སྒོ་འགྲམ་དང་སྲང་ལམ་གྱི་འགེལ་བྱང་དག་ཏུ་བྲིས་པའི་ཕྱོགས་སྟོན་ཡིག་འབྲུ་དེ་ཚོའང་ཁངས་སྨུག་གིས་མི་མཐོང་བར་བྱས་འདུག་པས།ཁོས་བོར་ཟིན་པའི་ཨ་ཕ་ལགས་གྲོང་རྡལ་འདིའི་ཕྱོགས་གང་ཞིག་ལ་འཚོལ་དགོས་མིན་མ་ཤེས་པར་ཕྱོགས་བཞི་མཚམས་བརྒྱད་ལ་བལྟས། དེ་དུས། བཞི་མདོའི་ཁང་པ་སྔོན་པོ་དེ་ལས་གདོང་ལ་མིག་ཤེལ་ནག་པོ་གོན་ཞིང་། ནུབ་ལྭ་དང་ཀོ་ལྷམ་ནག་པོ་གྱོན་པའི་མི་ཞིག་སྒོར་བུད་ཅིང་། ཝ་སྲས་ཀྱི་གཉའ་ལྟག་ལ་ལག་པའི་ནང་ངོས་གླན་ཞིང་སྐེད་པ་མར་སྒུར་ཙམ་གྱིས་ཅི་ཞིག་འདྲི་ཞིང་། བུ་ཆུང་གིས་ཀྱང་མི་དེར་སྐད་ཆ་ཅི་ཞིག་བཤད་སོང་མོད། དགྲ་རྣམ་གྱིས་མི་དེའི་སྐད་ཆའི་ཧ་ག་ལ་གོ ཐ་ན་བུ་ཆུང་གིས་ཅི་ཞིག་བཤད་བཞིན་པ་དེའི་ཧའང་གོ་མ་བྱུང་། ཁོས་འདི་ཡོད་ཚད་འཁྲུལ་སྣང་ཞིག་གམ་རྨི་ལམ་ཞིག་ཡིན་ངེས་སྙམ་སྐབས།ཁངས་སྨུག་ཀྱང་རིམ་གྱིས་དྭངས་མགོ་བརྩམས་ཤིང་།གྲོང་རྡལ་གྱི་འུར་ཟིང་ཡང་ཇེ་ཆེར་འགྲོ་མགོ་བརྩམས་པས་ཁོས་ཀྱང་དེ་དག་ཡོད་ཚད་འཁྲུལ་སྣང་དང་རྨི་ལམ་མིན་པའི་ངེས་ཤེས་རྙེད། མི་ཆ་མེད་དེས་བུ་ཆུང་ཝ་སྲས་ཁྲིད་ནས་བཞི་མདོའི་ཁང་པ་དེར་འཛུལ་སོང་། དང་ཐོག་བུ་ཆུང་གིས་བོར་ཟིན་པའི་ཨ་ཕ་འཚོལ་དགོས་པ་ལས་འདི་ལྟར་འགྲོ་མི་རུང་བའི་བཟོ་ལྟ་བསྟན་ནས་དལ་ཙམ་དང་ལྷོད་ཙམ་བྱེད་ཅིང་།བཞི་མདོ་ནས་དགྲ་རྣམ་གྱི་མིང་ནས་ཐེངས་འགར་འབོད་མོད། མི་དེས་ཅི་ཞིག་བཤད་པ་ན།ཡུན་གྱིས་བུ་ཆུང་གིས་མི་དེའི་རྗེས་བསྙེགས་ནས་ཁང་པ་སྔོན་པོ་དེའི་ནང་འཛུལ་སོང་། བུ་ཆུང་ཁང་པ་སྔོན་པོ་དེར་འཛུལ་བའི་ཚུལ་དེ་དགྲ་རྣམ་གྱིས་གསལ་པོར་མཐོང་ཐུབ་པས།  དགྲ་རྣམ་གྱི་སེམས་སུ་ཡར་སྔོན་རང་ཉིད་ཀྱང་བཞི་མདོའི་ཁང་པ་སྔོན་པོ་དེའི་གྲུ་གར་འགྲེང་སྡོད་སྐབས། ལྷ་བྱའི་བྲུན་དུ་འབོད་པའི་ཁ་བ་ལེབ་མོ་དག་ནི་ལྷབ་ལྷུབ་ངང་མར་འབབ་ཅིང་། སྨུག་ཚའི་སྲང་གི་རྡོ་གཅལ་གྱི་ཚ་དྲོད་དང་ཕྲད་རྗེས། ཆུ་རུ་གྱུར་ནས་ལམ་འགྲམ་གྱི་ཆུ་དོང་དུ་བཞུར་འགྲོ་བ་དེ་དྲན། ཁོས་རྡོ་གཅལ་གྱི་ཚ་དྲོད་དང་གཟར་ཚད་ནི་ཁ་བ་དང་ཆུ་ལ་ཁ་ལོ་སྒྱུར་བྱེད་འབའ་ཞིག་ནི་ནམ་ཡང་རེད་འདོད་མོད། ཡང་ཁ་བས་ཀྱང་ཚ་དྲོད་ནོན་པའི་དུས་ཀྱང་ཡོད་པ་མིན་ན། ཁ་བ་ས་ངོས་སུ་ཆགས་ཐུབ་རྒྱུ་མ་རེད་སྙམ་པས།དེའི་དུས། ཨ་མེས་ཀྱིས་ཁྱི་ལྡོམ་ལའང་ཕྱིར་འཐབ་མ་ཕོད་ཚེ་དར་འཁྱག་མེ་ཡིས་བཞུས་པ་ལྟར་མཇུག་འབྲས་རང་ལ་རྨས་སྐྱོན་འཕོག་ངེས་རེད་ཅེས་བཤད་མྱོང་བ་བདེན་འདུག་སྙམ། འོན་ཏེ། ལོ་མང་པོའི་རྗེས་ཀྱི་ཉིན་དེར། ཁོས་གངས་རི་གྲོང་ཚོ་ནས་སྨུག་གྲོང་གི་སློབ་གྲྭར་རྐང་ཐང་ལ་བསྐྱོད་དགོས་པའི་བུ་ཆུང་ཝ་སྲས་ལ། སློབ་གྲྭར་འགྲོ་བའི་ལམ་བར་ནས་ཁྱི་ལྡོམ་མཐོང་ཚེ་གཞའ་དགོས་ལ་འཕྲད་ཚེ་འབྲོ་དགོས་ཞེས་གདམས་པ་ལས་གཞའ་མི་རུང་ལ་འབྲོ་ནི་དེ་བས་ཀྱང་མི་རུང་ཞེས་གདམས་མ་མྱོང་།ཁོས་དེ་ལྟར་གདམས་མ་མྱོང་བའི་རྐྱེན་གྱིས་ཝ་སྲས་ཀྱིས་ཁོའི་ཕའི་གདོང་ཕྲུམ་གཅོག་མཁན་གྱི་མི་ཆ་མེད་དེ་ལ་འཐབ་ཕོད་རྒྱུ་ཕར་ཞོག དེའི་ཕྱི་བཞིན་འབྲངས་སོང་སྙམ།

སྨུག་ཚ་གྲོང་ལ་སླར་ཡང་ཁངས་སྨུག་འཐིབས་བྱུང་།སྲང་ལམ་གྱི་འུར་ཟིང་སྨུག་པར་འདྲེས་ཤིང་།སྨུག་པའི་གསེང་གི་ཆུ་རྡུལ་ཕྲ་མོ་དག་ནི་འུར་ཟིང་གི་གཏིང་ལ་སིམ་པ་དེ་འུར་ཟིང་གིས་མ་ཚོར་ལ་ཚོར་ཡང་མི་སྲིད།སྨུག་གྲོང་གི་བཞི་མདོ་ཆེན་མོ་ནས་ཕྱོགས་བཞིར་བསྲིངས་པའི་ལམ་ཆེན་བཞི་ནི་བྱ་ཆེན་ཞིག་གི་གཤོག་པ་དང་མཚུངས་ཤིང་།དེས་ཉིན་རེ་རེར་ཕྱི་ཡི་སྨུག་པ་དང་འུར་ཟིང་སྨུག་གྲོང་ལ་བསུ་ཞིང་།སྨུག་གྲོང་གི་འུར་ཟིང་དང་སྨུག་པ་ཕྱི་རུ་སྐྱེལ་བཞིན་པ་དང་མཚུངས། བཞི་མདོའི་ཁང་པ་སྔོན་པོ་དེ་ནི་དུས་ཚོད་ཀྱི་གས་སྲུབས་ཤིག་ནས་འཇུར་འོང་བའི་འབུ་སྡོམ་ཞིག་དང་མཚུངས་པས། ཁང་པ་སྔོན་པོ་དེར་འཛུལ་མཁན་དག་ནི་འབུ་སྡོམ་གྱིས་ཟོས་ཤིང་དེ་ནས་ཕྱིར་བསྐྱུགས་པ་དང་མཚུངས།སྐབས་ཤིག་ལ། གདོང་ལ་མིག་ཤེལ་ནག་པོ་གོན་ཞིང་། ནུབ་ལྭ་དང་ཀོ་ལྷམ་ནག་པོ་གྱོན་པའི་མི་ཞིག་གིས་ལག་མགོར་བྱིས་པ་ཞིག་ཁྲིད་ནས་བཞི་མདོའི་ཁང་པ་སྔོན་པོ་དེ་ལས་སྒོར་བུད་བྱུང་།དགྲ་རྣམ་གྱིས་ཞིབ་ཏུ་བལྟས་པས་མི་དེ་ཝ་སྲས་ཡིན་པ་ཚོར་ཞིང་། ལག་མགོར་ཁྲིད་པ་དེ་ཝ་སྲས་ཀྱི་བུ་ཆུང་ཡིན་འདུག ཝ་སྲས་ཀྱིས་གདོང་གི་མིག་ཤེལ་ཡར་འདེད་ཙམ་བྱས་ཤིང་། མགུལ་ཆིངས་ཇེ་བདེར་གཏོང་ཙམ་བྱས་རྗེས། བུ་ཆུང་ལ་ལག་བརྡ་ཞིག་བསྟན་ཞིང་ཁ་ཤ་འགུལ་ཙམ་གྱིས་ཅི་ཞིག་བཤད་སོང་། འོན་ཏེ། དགྲ་རྣམ་གྱིས་སྔར་བཞིན་ཝ་སྲས་ཕ་བུས་ཅི་ཞིག་བཤད་པ་ཧ་གོ་མ་སོང་། ཝ་སྲས་ཀྱིས་བུ་ཆུང་གང་ཞིག་ལ་མངགས་རྗེས། ས་དེར་འགྲེང་ནས་དགྲ་རྣམ་གྱི་ཕྱོགས་ལ་བལྟས་མོད། ཁངས་སྨུག་ཤིན་ཏུ་སྟུག་པས་ཝ་སྲས་ཀྱིས་ཕ་རྒན་མ་མཐོང་བ་ཡིན་ནམ། ཁོས་ཡར་སྔོན་བཞིན་ཕ་དགྲ་རྣམ་གྱི་མིང་ནས་བོས་མ་སོང་། ཅུང་ཙམ་གྱི་རྗེས་སུ། ཁང་པ་སྔོན་པོ་དེ་ལས་སྔོན་གྱི་མི་ཆ་མེད་དེ་སྒོར་བུད་བྱུང་བས། ཝ་སྲས་ཀྱིས་མིག་ཤེལ་མར་ཕུད་ཅིང་། ཁོག་སྟོད་སྒུར་ཙམ་གྱིས་གདོང་ལ་འཛུམ་ཞིག་བསྡུས་ནས་ཅི་ཞིག་བཤད་སོང་། སྐབས་དེར།ཝ་སྲས་ཀྱི་བུ་ཆུང་ཡང་གང་ཞིག་ནས་ཕྱིར་རྒྱུགས་ནས་ཐོན་ཞིང་། ཕའི་ལག་མགོར་འབྱར་རྩིས་བྱས་པ་ན། ཁོའི་ཕ་ཝ་སྲས་ནི་འགུལ་རིས་བརྙན་འཕྲིན་ནང་གི་གློག་མི་དེ་ཚོས་རྫུ་འཕྲུལ་བསྟན་པ་དང་འདྲ་བར་གང་ཞིག་ལ་མི་སྣང་བར་གྱུར་ཅིང་། ཤུལ་དུ་ཁ་བ་ལེབ་མོ་དག་རྡོ་གཅལ་གྱི་ཚ་དྲོད་དང་ཕྲད་ནས་ཞུ་བའི་ཆུ་ཐིགས་འགའ་རེ་ཕན་ཚུན་འདྲེས་ཤིང་རིམ་བཞིན་ཆེ་རུ་གྱུར་ནས་ཕར་འགྲམ་གྱི་ཆུ་དོང་དུ་བཞུར་བ་ལས་ཅི་ཡང་མ་མཐོང་། བུ་ཆུང་གིས་སྐད་བརྒྱབ་ཀྱང་ཁངས་སྨུག་གི་གསེང་ནས་ཅི་ཡང་མ་ཐོས་ལ་གང་ཡང་མ་མཐོང་། ཁོས་གློ་བུར་བོར་སོང་བའི་ཨ་ཕ་ལགས་སྨུག་ཚ་གྲོང་གི་ཕྱོགས་གང་ཞིག་ལ་འཚོལ་དགོས་པར་ཚོད་ཀྱིས་མ་ཐིག

ལྷ་བྱའི་བྲུན་དུ་འབོད་པའི་ཁ་བ་ལེབ་མོ་དག་ནི་བར་སྣང་ནས་ལྷབ་ལྷུབ་ངང་འཁོར་ནས་སྨུག་ཚའི་གྲོང་ལ་འབབ་ཅིང་།  དེ་ནས་སྨུག་ཚ་གྲོང་གི་རྡོ་གཅལ་ངོས་ཀྱི་ཚ་དྲོད་དང་ཕྲད་རྗེས་ཆུ་རུ་གྱུར་ནས་ལམ་འགྲམ་གྱི་ཆུ་དོང་དུ་བཞུར་སོང་། །

རྩོམ་པ་པོ་ངོ་སྤྲོད།

བོན་སྐོར་དོན་གྲུབ་ཚེ་རིང་། བྱ་མདོ་མར་ལོ་དང་རྡོ་སྲས་ཞེས་ཀྱང་འབོད། མཚོ་སྔོན་མང་རྫོང་གི་མི་ཡིན། རྩོམ་རིག་རབ་འབྱམས་པ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ད་ལྟའི་བར《མི་རིགས་ཀྱི་རྩོམ་རིག》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》དང《ཟླ་ཟེར》 《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《གངས་དཀར་རི་བོ》 《བོད་ཀྱི་རྩོམ་རིག་ཞིབ་འཇུག》སོགས་སུ་སྒྲུང་གཏམ་གཙོས་བརྩམས་ཆོས་བརྒྱ་ལྷག་བཀོད་མྱོང་། 2017ལོར་སྒྲུང་ཐུང་ཕྱོགས་བསྒྲིགས་དེབ《ལྷམ》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། 2016ལོར་རྒྱལ་ཡོངས་བོད་ཀྱི་ལྷུག་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། 2019ལོར་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། སྒྲུང་རིང《ནུབ》ཅེས་པ་མི་འགྱང་བར་པར་དུ་བསྐྲུན་འཆར་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号