ལ་དོན་ལས་རྣམ་དབྱེ་གཉིས་པ་དང་བཞི་པའི་གནད་དོན་སྐོར་རགས་ཙམ་བཤད་པ།

ལ་དོན་ལས་རྣམ་དབྱེ་གཉིས་པ་དང་བཞི་པའི་གནད་དོན་སྐོར་རགས་ཙམ་བཤད་པ།

དཀོན་མཆོག་དོན་གྲུབ།

དང་པོ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་གནད་དོན་སྐོར།

ལ་དོན་གྱི་འཇུག་ཡུལ་ལས་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་བཞི་པ་དགོས་ཆེད་གཉིས་ལ་རྩོད་གཞི་ཆེ་བས་མཁས་པ་སོ་སོར་བཞེད་པ་མི་མཐུན་པ་སྣ་ཚོགས་བྱུང་ཡོད། “བྱ་བའི་ཡུལ་ལ་བྱ་བ་བྱས་པ་གཙོ་བོར་སྟོན་པ་ནི་ལས་སུ་བྱ་བ་དང་བྱ་བའི་ཡུལ་ལ་ཕན་འདོགས་པའི་ཆེད་དུ་བྱ་བ་བྱས་པ་ནི་དགོས་ཆེད་ཡིན”ཞེས་མཚན་ཉིད་མཛད་དེ་དཔེ་བརྗོད་བཞག་པ་ལས་ཞིབ་ཏུ་ཞིབ་འཇུག་གནང་མེད་ཅིང་། འདི་ལྟར་རྩོད་གཞི་འབྱུང་དོན་ཡང་དོན་ལ་གཞོལ་ཆེ་བ་ལས་ཚིག་གི་སྦྱོར་ལུགས་དང་ཕྲད་ཀྱི་ནུས་པར་བརྟག་དཔྱད་མ་གནང་བས་རེད་སྙམ།

དེ་ལས། ལས་སུ་བྱ་བའི་ཐད་དུ་ཨ་ཁུ་བསྟན་པ་རྒྱ་མཚོ་ཚང་གིས“ལས་སུ་བྱ་བ་ཟེར་བའང་ཕལ་ཆེར་ཁ་སྐད་ལ་ལས་རྒྱུའི་བྱ་བ་ཟེར་བ་དང་འདྲ། དེ་འདྲའི་དོན་ཅན་གྱི་ལ་དོན་རྣམས་ལ་ལས་སུ་བྱ་བའི་རྣམ་དབྱེ་ཟེར། དེ་ཡང་འདི་ལྟར་ཡིན་ཏེ། མི་ཞིག་གིས་བྱ་བ་ཞིག་བྱེད་པའི་ཚེ། ཡུལ་དང་ཕྱོགས་དང་གཞི་དང་དངོས་པོ་སོགས་གང་ལ་བྱེད་དགོས་ན་དེ་དག་གོ་ཆེད་དེ་ལ་ལ་དོན་ཞིག་སྦྱར་དགོས་པ་རེད།”ཅེས་གསུངས་པ་དང་། མཚན་ཉིད་འདི་ལས་ལས་སུ་བྱ་བ་ཞེས་བྱ་བའི་ལས་ལ་སྤྱིར་བྱ་ཚིག་ལ་ལས་ཚིག་ཅེས་པའི་ལས། བྱ་ལས་བྱེད་ལས་ཅེས་པའི་ལས། བྱ་བྱེད་ལས་གསུམ་གྱི་ལས་ཞེས་མང་ཡང་འདིར་ཁོང་གིས་ཕལ་ཆེར་ཁ་སྐད་ཀྱི“ལས་རྒྱུའི་བྱ་བ་ཟེར་བ་དང་འདྲ”ཞེས་གསུངས་མོད། འདི་ལ་དོགས་པ་ཞིག་ཡོད་པ་ནི་ལས་རྒྱུའི་བྱ་བ་ཟེར་བ་དེ་བྱ་བྱེད་ལས་གསུམ་གྱིི་ལས་ཏེ་ལས་རྒྱུའི་དངོས་པོ་ཞེས་པ་དང་འདྲ་འམ། འདྲ་ན་ལས་སུ་བྱ་བ་ཞེས་པའི་མཚན་ཉིད་དང་མི་མཐུན་པར་འདོད་དེ་བྱ་བའི་ཡུལ་ལ་བྱ་བ་བྱས་པ་གཙོ་བོར་སྟོན་པ་ལས་ལས་ཀྱི་དངོས་པོ་དེ་མི་སྟོན་ནོ། ། “བཀྲ་ཤིས་ཀྱིས་ནགས་ཚལ་དུ་ཤིང་གཅོད”ལྟ་བུར་མཚོན་ན་ནགས་ཚལ་ནི་བྱ་བ་བསྒྲུབ་སའི་ཡུལ་ཡིན་ཞིང་ཤིང་ནི་ལས་རྒྱུའི་དངོས་པོའོ།། ཡང་ཤིང་ལ་བསྣུན་ལྟ་བུར་མཚོན་ན་ཤིང་ནི་བྱ་བའི་ཡུལ་ཡིན་པ་ལས་ལས་ཀྱི་དངོས་པོ་མིན། དེས་ན་དུ་སྒྲས་གང་དུ་བྱ་བ་བྱེད་སའི་ཡུལ་གཙོ་བོར་སྟོན་པ་ལས་ལས་ཀྱི་དངོས་པོ་དེ་མི་སྟོན་པས། “ལས་དང་བྱ་ཡུལ་དོན་གཅིག་སྟེ། །དེ་ལྟའི་བྱ་བའི་ཡུལ་ཞིག་ལ། །བྱ་བ་བྱས་པར་སྟོན་པ་ལ། །གཉིས་པ་ལས་སུ་བྱ་བ་སྟེ། །”ཞེས་གསུངས་པ་ལྟར།ལས་ཞེས་པ་བྱ་བའི་ཡུལ་ལ་གོ་ན་ཨེ་འགྲིག་སྙམ།

གཞན་ཡང་། ཁོང་གིས“ལས་དང་ཡུལ་ཐ་དད་དུ་མི་སྣང་བ་རྣམས་ལ་བོད་སྐད་ཀྱི་སྐབས་འདིར་ལ་དོན་མི་སྦྱོར་ཏེ”ཞེས་དང“འོག་ཏུ་བྱ་བའི་ཡུལ་དང་ལས་ཐ་དད་དུ་མི་སྣང་བ། ཡང་བྱ་ལས་གཅིག་ཏུ་གྱུར་པས་སོ་སོར་མི་སྣང”ཞེས་དོན་གཅིག་ཀྱང་ཚིག་མི་འདྲ་བ་གསུམ་བཀོལ་བས་ཉོག་དྲ་ཆེ་རུ་བཏང་འདུག་སྙམ་སྟེ། སྤྱིར་ལས་ཞེས་པ་བྱ་བའི་ཡུལ་ལ་གོ་བ་དང་ལས་ཀྱི་དངོས་པོར་གོ་བ། བྱ་ཞེས་པ་བྱ་བའི་ཚིག་ལ་གོ་ཉེན་ཡང་ཆེ་བས་བྱ་བའི་ཡུལ་དང་ལས་ཞེས་གཅིག་གྱུར་བྱུང་ན་བཟང་སྙམ། ཡང་ཚིག་གི་སྦྱོར་བའི་ཆ་ནས་བཤད་ན“ཤ་ཟ་ལྟ་བུའི་ལས་དང་བྱ་བའི་བར་དུ་ལ་དོན་མི་སྦྱོར་ཞིང་། ཤིང་ལ་བསྣུན་ལྟ་བུའི་བྱ་བའི་ཡུལ་དང་བྱ་བའི་བར་དུ་ལ་དོན་སྦྱོར”ཞེས་གོ་བདེ་བར་བཀྲལ་ནའང་མི་ཆོག་པ་མེད་སྙམ།

གཤམ་དུ་དཔེ་བརྗོད་དྲངས་ན། སི་ཏུས《མུ་ཏིག་ཕྲེང་མཛེས》སུ། དབུལ་ཕོངས་ལ་སྦྱིན་པ་གཏོང་ལྟ་བུ་ཆེད་དུ་བྱ་བའི་དོན་ཅན་ཡིན་ཞེས་གསུངས་མོད། ཞིབ་ཏུ་དཔྱད་ན་ལ་སྒྲས་སྦྱིན་པ་གཏོང་ཡུལ་གྱི་དབུལ་པོ་བསྟན་པ་ལས་དབུལ་པོའི་ཆེད་དུ་བྱ་བ་བྱས་པ་ཞིག་མི་སྟོན་པ་དང་། བྱ་བའི་ཡུལ་ལ་བྱ་བ་བྱས་པ་ཙམ་སྟོན་པ་ཞེས་ཙམ་སྒྲས་གཞན་རྣམས་གཅོད་པས་མཚན་ཉིད་དང་ཚིག་གི་སྦྱོར་ལུགས། ཕྲད་ཀྱི་ནུས་པ་སོགས་ལ་བརྟག་རྒྱུ་ཧ་ཅང་གལ་ཆེ་སྟེ། དཔེར་ན་ཤིང་ལ་བསྣུན་ཞེས་པའི་ལ་སྒྲས་ཤིང་དེ་བསྣུན་ཡུལ་ཡིན་པ་སྟོན་ཞིང་ཤིང་བཅད་ལྟ་བུ་ལ་སྒྲ་མེད་ལ་ཤིང་བཅད་པའི་བྱ་བ་ཙམ་ལས་གཞན་མི་སྟོན་པས། བོད་སྐད་ལ་རྣམ་དབྱེ་དང་ཕྲད་ཀྱི་ནུས་པ་ནི་ཤིན་ཏུ་གལ་ཆེའོ། །

གཉིས་པ། རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་གནད་དོན་སྐོར།

དགོས་ཆེད་ཀྱི་སྐབས་སུ་ཁོང་གིས“ཚིག་གི་དགོས་པ་དང་རྣམ་དབྱེའི་དགོས་པ་གཉིས་མི་འདྲ། དེ་བཞིན་དགོས་པ་ཡོད་པ་ཙམ་དང་ཆེད་དུ་སྦྱར་བའི་དགོས་ཆེད་གཉིས་ཀྱང་མི་འདྲ”ཞེས་གནད་དུ་ཕོག་པའི་གདམས་ངག་བསྩལ་ནའང་། གཉིས་པ་ལས་སུ་བྱ་བ་དང་དགོས་ཆེད་ལ་མཚན་ཉིད་འཇོག་དུས“ཡུལ་དང་བྱ་བ་ཅི་རིགས་ལ་ཕན་འདོགས་ཆེད་དུ་ལ་དོན་སྦྱར་པ”ཞེས་གསུངས་ཤིང་།དགོས་ཆེད་དང་ལས་སུ་བྱ་བའི་ཁྱད་པར་གསུངས་དུས་ཀྱང“ལས་སུ་བྱ་བ་འདིར་ཡང་བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པ་ཙམ་གཙོ་བོར་སྟོན་ཆེད་དུ་ལ་དོན་སྦྱར་བ་ཞིག་དགོས་པ་ལས། གལ་ཏེ་ཡུལ་དང་ཕྱོགས་དང་གཞི་དང་དངོས་པོ་དེ་ཚོར་ཕན་གནོད་གང་རུང་འབྱུང་ཕྱིར་ཆེད་དུ་སྦྱར་པ་ཡིན་ན་དགོས་ཆེད་དུ་འགྱུར་འགྲོ”ཞེས་གསུངས་ཏེ་ཕན་འདོགས་པའི་ཆེད་དུ་དང་ཕན་གནོད་གང་རུང་འབྱུང་བའི་ཕྱིར་ཞེས་གསུངས་པ་གཉིས་ལས་ཁོང་གི་དགོངས་པ་དངོས་ནི་ཕན་གནོད་གང་རུང་འབྱུང་བའི་ཆེད་དུ་ཞེས་པ་ཡིན་པར་འདོད། སྤྱིར་ཕན་འདོགས་ཞེས་པ་ནི་ཅུང་མི་འགྲིག་པར་འདོད་དེ་ཕན་འདོགས་པ་དང་གནོད་བསྐྱལ་བ་གང་ཡིན་ཡང་བྱ་བའི་ཆེད་དུ་ཡིན་ཏེ། འདིར་ལ་དོན་གྱི་སྒྲའི་ནུས་པ་ལ་བལྟ་དགོས་ཀྱི་དོན་ལ་བསྙེག་ན་མཐའ་འཁྱོལ་བ་ཞིག་མི་ཡོང་། དཔེར་ན། རི་དྭགས་རྔོན་དུ་སོང་། རི་དྭགས་བསྲུང་དུ་སོང་། ཞེས་པ་གང་ཡིན་ཡང་དགོས་ཆེད་ཡིན་པ་ལས་གཞན་དུ་མེད། འདི་ནི་ཁོང་གིས་ཐུགས་མཉམ་མ་བཞག་པས་ཡིན་ནམ་སྙམ།

ཨ་ཁུ་བསྟན་པ་རྒྱ་མཚོས། མགྲོན་པོར་ཟས་སྦྱིན་ལྟ་བུ་དགོས་ཆེད་ཡིན་པར་བཞེད་ཀྱང་ཞིབ་ཏུ་བསམ་ན་ར་སྒྲ་དེས་ཟས་སྦྱིན་ཡུལ་མགྲོན་པོ་བསྟན་པ་ལས་མགྲོན་པོའི་ཆེད་དུ་ཟས་སྦྱིན་པ་ཞིག་མི་གོ་བས། འདི་ནི་གཉིས་པ་ལས་སུ་བྱ་བར་བཞག་ན་འགྲིག་པར་སྙམ།

གཞན།ཞིང་ལ་ཆུ་འདྲེན་ཞེས་པ་ནི་དགོས་ཆེད་དང་རྐ་ལ་ཆུ་འདྲེན་ཞེས་པ་ནི་ལས་སུ་བྱ་བར་བཞེད་དེ་ཞིང་ལ་ཆུ་འདྲེན་ནི་ཞིང་གི་ཆེད་དུ་ཡིན་ལ། རྐ་ལ་ཆུ་འདྲེན་པ་ནི་རྐའི་ཆེད་དུ་མིན་ཞེས་གསུངས། འདི་ལ་གསལ་བཤད་ཅིག་བྱ་དགོས་པ་ནི་གལ་ཏེ་ཞིང་ལ་ཆུ་འདྲེན་ཞེས་པའི་ཞིང་དེ་ལོ་ཏོག་ལ་གོ་བ་དང་ལོ་ཏོག་སྨིན་ཕྱིར་དུ་ཆུ་འདྲེན་ཞེས་པའི་ཚིག་སྡུད་ཡིན་ན་དགོས་ཆེད་དུ་འགྲོ་བ་ལས་སྤྱིར་ཞིང་ལ་ཆུ་འདྲེན་ཞེས་པ་ནི་ས་ཞིང་ནང་དུ་ཆུ་འདྲེན་ཞེས་པར་གོ་སླ། དེ་ལྟར་གོ་ན་གཉིས་པར་འགྲོ། དགོས་ཆེད་ཀྱི་སྐབས་མཉམ་འཇོག་དགོས་ས་གཙོ་བོ་ཞིག་ནི་ཚིག་སྡུད་ཡིན། དཔེར་ན་མགྲོན་པོ་ལ་མེ་བཏང་ལྟ་བུ་ནི་ཚིག་ངོས་ལྟར་ན་མགྲོན་པོའི་སྟེང་ལ་མེ་བསྒྲོན་པ་ལྟ་བུར་གོ་བས་ལུགས་དང་མི་མཐུན་ཞིང་མགྲོན་པོ་ལ་ཇ་བསྐོལ་ཕྱིར་དུ་མེ་བཏང་ལྟ་བུ་ཡིན་ན་དགོས་ཆེད་ཡིན་པ་གོ་སླ། འདི་ལྟར་ལ་དོན་སྦྱར་སའི་གཞི་སྟེ་བྱ་ཚིག་ཅིག་ཡིན་ན་དེ་ནི་དགོས་ཆེད་ཡིན་པར་ཐེ་ཚོམ་མེད་ཅེས་མཁས་པ་མང་པོས་བཞེད་དོ། །

ཉན་ཤུལ་མཁྱེན་རབ་འོད་གསལ་ཚང་གིས་གསལ་པོར་བཤད་ན“བྱ་ཚིག་གཉིས་ཀྱི་བར་དུ་རྣམ་དབྱེ་བཞི་བའི་རྐྱེན་སྦྱར་བ་ཞིག་ཡིན་པ་དང་། དེའང་བྱ་བ་གཉིས་པ་དེ་བྱ་བ་དང་པོའི་ཆེད་དུ་བྱས་པའི་བྱ་བ་ཞིག་ཡིན་དགོས། དཔེར་ན་སྟ་རེ་བརྡར་བ་ནི་ཤིང་གཅོད་པའི་ཆེད་དུ་སྟེ། བརྡར་བ་ནི་གཅོད་པའི་ཆེད་དུ་ཡིན་པ་ལྟ་བུས་མཚོན་དཔེ་བརྗོད་གཞན་དག་ལའང་རིགས་བསྒྲེ་བར་བྱའོ། །”ཞེས་ཁ་གསལ་གོ་བདེའི་ངང་གསུངས་ཡོད།

གསུམ་པ། རྣམ་དབྱེ་གཉིས་པ་དང་བཞི་པའི་ཁྱད་པར་སྐོར།

ཨ་ཁུ་བསྟན་པ་རྒྱ་མཚོས།“ལས་སུ་བྱ་བ་དང་དགོས་ཆེད་གང་ཡིན་ཡང་འདྲ་ས་ནི། ཡུལ་གང་ཞིག་ལ་བྱ་བ་གང་ཞིག་བྱས་པ་སྟོན་ཆེད་དུ་ལ་དོན་སྦྱར་པ་ཡིན་པ་འདྲ་ཡང་། མི་འདྲ་ས་ནི་ཡུལ་དེ་ལ་བྱ་བ་བྱས་པ་ཙམ་དང་། ཡུལ་དང་བྱ་བ་ཅི་རིགས་ལ་ཕན་འདོགས་ཆེད་དུ་ལ་དོན་སྦྱར་བ་གཉིས་མི་འདྲ་བའི་ཁྱད་པར་རེད། ཁྱད་པར་འདི་ངེས་པར་དུ་ཤེས་དགོས་ཏེ། དེ་བོར་ན་གཞན་དུ་ཁྱད་པར་འབྱེད་བྱེད་བཙལ་ཀྱང་མེད་དོ། །”ཞེས་གསུངས་པས་ཁྱད་པར་གཙོ་བོ་ནི་བྱ་བ་བྱས་པ་ཙམ་དང་ཆེད་དུ་བྱ་བ་བྱས་པ་ཡིན། དཔེར་ན་སློབ་ཁང་དུ་འགྲོ་ཞེས་པའི་སྐབས་སུ་ལ་དོན་གྱི་དུ་སྒྲས་བྱ་བའི་ཡུལ་སློབ་ཁང་དུ་འགྲོ་བའི་བྱ་བ་བྱེད་པ་ལས་གཞན་ཅི་ཡང་མི་སྟོན། སློབ་ཁང་དུ་སློབ་སྦྱོང་བྱེད་དུ་འགྲོ་ཞེས་པའི་དུ་སྒྲ་སྔོན་མ་གོང་དང་འདྲ་ལ། ཕྱི་མས་ནི་བྱ་བ་བྱས་པ་ཙམ་མིན་པར་ཅི་ཞིག་གི་ཆེད་ཡིན་པ་གཙོ་བོར་སྟོན་པས་འགྲོ་བ་ནི་སློབ་སྦྱོང་བྱེད་པའི་ཆེད་དུ་ཡིན་པ་གོ་སླ་ཞིང་དུ་སྒྲ་གཉིས་ཀྱི་དོན་གྱི་ཁྱད་པར་ཡང་འབྱེད་སླའོ། ། དེས་ན་ཚིག་གི་གྲུབ་ལུགས་ལ་བལྟས་ན།ལས་སུ་བྱ་བའི་ལ་དོན་སྦྱར་སའི་གཞི་ནི་དངོས་པོའི་མིང་ཡིན་ཞིང་དངོས་པོའི་མིང་གི་རྗེས་སུ་ལ་དོན་གྱི་ཕྲད། དེའི་རྗེས་སུ་བྱ་བའི་ཚིག་སྦྱར་བ་ཤ་སྟག་ཡིན། དགོས་ཆེད་ལ་གཙོ་བོ་ལ་དོན་སྦྱར་སའི་གཞི་ནི་བྱ་ཚིག་ཅིག་ཡིན་པར་མཁས་པ་ཕལ་ཆེར་ཞལ་མཐུན་ཞིང་།གཞན་དུ་ནི་ཉན་ཤུལ་མཁྱེན་རབ་འོད་གསལ་ཚང་གིས“ཆེད་ཕྱིར་སླད་དོན་བཅས་ཀྱྱི་སྒྲ་དངོས་སུ་ཡོད་པ་དང་། བྱ་བའི་དོན་གྱི་ཡུལ་ཚིག་ཟིན་དུ་ཡོད་པ་རྣམས་བཞི་པ་དགོས་ཆེད་ཡིན”ཞེས་ཁྱད་པར་ཞིབ་ཏུ་ཕྱེ་པ་དང་། དེའི་ཁར་ཚིག་སྡུད་ཡིན་མིན་ལ་བརྟག་པའང་གལ་ཆེ་བར་སེམས། འདི་དག་ལ་མ་བརྟེན་པར་བྱ་བའི་ཡུལ་ལ་ཕན་ཐོགས་ཡོད་མེད་ཙམ་གྱིས་ཁྱད་པར་འབྱེད་དགོས་ཟེར་ན་འགལ་འདུ་དང་རྙོག་འཛིང་ལས་ཐར་བའི་དུས་མེད་དོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号