སྔོ་ཚོད་ཀེའུ་ཞེས་པ་གཡར་མིང་ཡིན་མིན་བཤད་པ།

པདྨ་དོན་གྲུབ།

སྔོ་ཚོད་ཀེའུ་ནི་ཨ་མདོའི་ཡུལ་དུ་དར་ཁྱབ་ཆེ་བ་མ་ཟད་མང་པོས་མཉེས་པོ་གནང་དང་གནང་བཞིན་པའི་ཚལ་རིགས་ཤིག་ཡིན། རོང་ཁུལ་ལ་ལར་ཆེད་དུ་འདེབས་འཛུགས་བྱེད་བཞིན་ཡོད་པ་དང་། ས་བབ་ཅུང་མཐོ་སར་རི་ནས་སྐྱེས་པའི་ཀེའུ་ཡོད་པ་ཡིན། ཡང་དེང་གི་དུས་སུ་ནི་འདེབས་འཛུགས་མ་བྱས་ཀྱང་ཚོང་ར་སོགས་ན་རྒྱུན་དུ་བཙོང་རྒྱུ་ཡོད་པས་ཀུན་ཀྱིས་ནམ་ཞིག་བཟའ་བར་འདོད་ན་དེ་དུས་བཟའ་ཐུབ། ཨ་མདོ་བ་བྱིངས་ནས་འདི་ལ་ཀེའུ་ཞེས་འབོད་བཞིན་ཡོད་ནའང་། བྱེ་བྲག་གི་ཡུལ་ལུང་རེ་འགའ་ནས་ཀྱིག་ཚལ་ཞེས་འབོད་། དེས་ན་ཨ་མདོའི་ཡུལ་དུ་དར་ཁྱབ་ཆེ་བའི་ཚལ་རིགས་ཀེའུ་ཞེས་པ་རང་སྐད་ཡིན་ནམ་རྒྱ་སྐད་ཡིན་ཞེས་དྲིས་ན། ཕལ་ཆེ་བས་རྒྱ་སྐད་འབའ་ཞིག་ཡིན་པར་བསམས་པ་དང་། སྒོས་སུ་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་གི་བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ལེགས་སྦྱར་སྐད་བོད་སྐད་དུ་ཇི་ལྟར་བསྒྱུར་ཚུལ་ཞེས་པར་སྒྲ་བསྒྱུར་ལས་ཡི་གེ་ཅུང་ཟད་ཀྱང་མ་འགྱུར་བར་རང་སོར་བཞག་པའི་སྐོར་འཆད་སྐབས། ཨུཏྤལ་དང་ཙམྤ་ཀ་ལ་སོགས་པའི་མིང་འདི་དག་བོད་སྐད་དུ་བསྒྱུར་བ་ལས་ལེགས་སྦྱར་སྐད་རང་སོར་བཞག་ན་གོ་སླ་བའི་དགོས་པ་ཡོད་པ་དང་། “དེ་ནི་དཔེར་ན་སྔོན་གྱི་དུས་སུ་བོད་ཀྱིས་སོན་འདེབས་མི་བྱེད་པའི་ཙོང་དང་ཀེའུ། ལ་ཕུག སྐེ་ཙེ་སོགས་རྒྱ་ནག་གི་སྐད་སོར་བཞག་བྱས་པ་རིམ་གྱིས་ཟུར་ཅུང་ཟད་ཆག་པ་དེ་ད་ལྟ་བོད་རང་གི་སྐད་མཚན་ཉིད་པར་གྱུར་ཟིན་པ་མ་ཟད། དག་ཡིག་རྣམས་སུའང་དེ་ལྟར་བཀོད་ཡོད་པས་མཚོན་ནོ། །”ཞེས་རང་ལུགས་གསལ་བར་གསུངས་པ་དེས་བོད་ཀྱི་མཐོ་འབྲིང་དང་བཅས་པའི་དགེ་སློབ་རྣམས་ལ་ཀེའུ་ཞེས་པ་སྒྲ་གཟུགས་གཉིས་ཆ་ནས་བོད་སྐད་རྣལ་མ་མ་ཡིན་པར་རྒྱ་སྐད་ཡིན་པའི་བག་ཆགས་བཞག འོ་ན། ཀེའུ་ཞེས་པ་རྒྱའི་ཡི་གེ་གང་ཞིག་གི་སྒྲ་འགྱུར་ཡིན་ཞེ་ན། དེ་ལ་དེ་མཐུན་གྱི་སྒྲའི་ཡི་གེ་ཞིག་བཙལ་དུ་མེད་པར། རྒྱའི་ཡིག་མཛོད་དུ་དེ་ལ་གཅིག་མཐུན་སྒོས་ཀྱིག་ཚལ(韭菜)ཞེས་འབོད་ཀྱིན་ཡོད། དེ་བས། རང་སྐད་དུ་བརྗོད་ཀྱིན་པའི་ཀེའུ་དང་རྒྱའི་འབོད་སྟངས་ཀྱི་སྒྲ་གདངས་བར་ལ་ཕུག་ལ་ལའོ་པུའུ་དང་སྐེ་ཙེ་ལ་ཀེ་ཙི། ལི་རྨིས་ལ་ལི་རྨིད། པི་པའོ་ལ་པི་པི་ལིང་། ལན་ཀན་ལ་ལན་ཀན། ཏིན་ལོན་ལ་ཏིང་ལོ། ཀོན་ཀྲུའུ་ལ་ཀོང་ཇོ། ཕྱིང་སང་ལ་ཆེན་ཤང་ཞེས་བརྗོད་པའི་གཞི་གདངས་སྒྲ་ཉེ་ལྟ་བུ་མ་ཡིན་པར་སྒྲ་གདངས་ཀྱི་ཧེ་བག་ཆེན་པོ་ལྡན་ཕྱིར། ང་ཚོས་ཤ་གཟུག་ཟ་རྐྱང་རང་མ་ཡིན་པའི་དཔེ་བཞིན་ཀེའུ་ཞེས་པ་རྒྱ་སྐད་ཡིན་མིན་ཐད་དཔྱད་པ་ཅུང་ཟད་ཅིག་བགྱི་བའི་དགོས་གལ་མཆིས་ཏེ།

གཅིག སྔོན་གྱི་དག་ཡིག་དང་ཚིག་མཛོད་ཁག་ན་ཀེའུ་ཞེས་པའི་མིང་དོན་བསྟན་དུ་ཡོད་པ།

པཎ་ཆེན་བྱམས་པ་གླིང་བས་སྤྱི་ལོ1434ལོར་བརྩམས་པའི«དག་ཡིག་སྨྲ་རྒྱན»དུ། ཀེའུ་དང་ནི་ཀུན་དོང་སོགས། །ཟས་ལ་མ་ཆགས་ཤིང་ཀུན་དང་། །ཞེས་ཀེའུ་ཡི་མིང་བརྡ་བྱུང་བ་ནི་ཐ་སྙད་འདི་ག་བཀོད་པའི་དག་ཡིག་སྔ་ཤོས་ཡིན་པ་དང་། དེ་ནས་རིང་བོ་མ་སོང་བར་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་དངོས་སློབ་སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་སྤྱི་ལོ1476ལོར་བརྩམས་པའི«བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང»དུ། ཀེའུ་ཞེས་པའི་མིང་བརྡ་བྱུང་བ་མ་ཟད། དེ་ནི་རི་སྒོག་ལ་འཇུག་པའི་དོན་དུ་བཀྲལ་ཅིང་། དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོས་སྤྱི་ལོ1538ལོར་བརྩམས་པའི«དག་ཡིག་མཁས་པའི་ངག་གི་སྒྲོན་མ»སྟེ་ཡོངས་གྲགས་སུ་དག་ཡིག་ངག་སྒྲོན་དུ་འབོད་པར་ཀེའུ་ཀུན་དོང་ཀཀ་ཀི་ཀང་ཞེས་པའི་ཀེའུ་བྱ་བ་དེའི་འགྲེལ་མཛད་མཁན་པོ་ཁུ་ནུ་བ་བསྟན་པའི་རྒྱལ་མཚན་གྱིས་སྒོག་པའི་དོན་དུ་གསུངས་ཡོད། དེ་ནས་ས་སྐྱ་ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་དང་ཅོ་ནེ་གྲགས་པ་བཤད་སྒྲུབ་གཉིས་ཀྱི་མིག་དབང་རབ་གསལ་དང་དག་ཡིག་ཚིག་གསལ་སྒྲོན་མེར་ཀེའུ་ཞེས་པའི་མིང་བརྡ་བྱུང་ཡོད་ནའང་དོན་གྱི་འཇུག་ཚུལ་བསྟན་མེད། དེ་ཕྱིས་ཨ་ལག་ཤ་བསྟན་དར་ལྷ་རམས་པའི་བརྡ་ཡིག་བློ་གསལ་མགྲིན་རྒྱན་དང་དཀའ་ཆེན་པད་མ་བློ་གྲོས་ཀྱི་དག་ཡིག་ཀུན་བཏུས་ཀྱི་དོན་མཆན་མཐོང་བ་ཀུན་ཤེས་བློ་གསལ་མགུལ་རྒྱན། དགེ་བཤེས་འཇིགས་མེད་དམ་ཆོས་ཀྱི་དག་ཡིག་ཤེས་བྱ་རབ་གསལ་བཅས་སུ་ལི་ཤིའི་གུར་ཁང་དང་མཐུན་པར་ཀེའུ་ཞེས་པ་རི་སྒོག་གི་དོན་དུ་བཀྲལ་ཅིང་། ཀློང་རྡོལ་བླ་མའི་བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམ་གྲངས་དང་། རིག་གནས་ཆེ་ཆུང་དང་བརྡ་གསར་རྙིང་གི་མིང་གི་རྣམ་གྲངས། དག་ཡིག་ཐོན་མིའི་དགོངས་རྒྱན། དག་ཡིག་མ་ནོར་ལམ་བཟང་། གྲུབ་རིགས་ཁྱུ་མཆོག་གི་དག་ཡིག་བཅས་སུ་ཀེའུ་ཞེས་པ་རི་སྒོག་གམ་སྒོག་རིགས་སྤྱིའི་མིང་དུ་གོ་དགོས་པར་གསུངས་ཡོད།

ཚིག་མཛོད་ཀྱི་ཐད་ནས། སྐད་ལྔ་ཤན་སྦྱར་གྱི་མཉྫུའི་སྐད་གསལ་བའི་མེ་ལོང་དུ།① ཀིའུ་ལ韭菜དང་ཀིའུ་སེར་ལ黄牙韭ཞེས་བསྒྱུར་པས། ཀེའུ་ཞེས་པ་རྒྱའི་སྐད་དུ་ཀྱིག་ཚལ་ཞེས་པ་དེ་ཡིན་པ་དང་། དེར་ཀེའུ་ལ་ཀིའུ་ཞེས་བཀོད་པ་ནི་ལོ་ཙཱ་བས་ཐུགས་མཉམ་མ་བཞག་པར་སྙམ་མོ། །

དགེ་བཤེས་ཆོས་ཀྱི་གྲགས་པའི་བརྡ་དག་མིང་ཚིག་གསལ་བ་རུ། ཀེའུ་ཞེས་པ་རི་སྒོག་ཏུ་བཀྲལ་ཅིང་། དེའི་རྒྱ་འགྲེལ་དུ། བོད་ཀྱི་གནའ་བོའི་ཚོ་ཁག་ཅིག་གི་མིང་དང་། བྲག་སྐྱིབས་ཀྱི་མིང་དུ་འགྲེལ་སྣོན་བྱས་ཡོད། ཕྱིས་ཀྱི་ཚིག་མཛོད་རྒྱས་ཤོས་བོད་རྒྱ་ཚིག་མཛོད་ཆེན་མོའི་འགྲེལ་བཤད་ཀྱང་ཕལ་ཆེར་འདི་དང་མཐུན། དག་ཡིག་གསར་བསྒྲིགས་སུ། ཀེའུ་ཞེས་པ་ཟ་རུང་བའི་སྔོ་ངད་ཀྱི་རིགས་ཤིག་སྟེ། ལོ་མ་རིང་ལ་ལེབ་མོ་དང་མེ་ཏོག་དཀར་ལ་ས་བོན་ནག་པོ་ཡིན་ཞེས་བཀྲལ་བ་དང་། བཙན་ལྷ་ངག་དབང་གི་བརྡ་དཀྲོལ་གསེར་གྱི་མེ་ལོང་དུ། ཀེའུ་ནི་སྒོག་པའི་བྱེ་བྲག་ཅིག་གི་མིང་སྟེ། «མདོ་དོན་ལྟ་བའི་མིག་འབྱེད»ལས། ཀེའུ་ནི་རི་སྒོག་སྟེ། སྐྱེར་མ་པྲའུ་ལྟར་སྐྱེ་བ་ལེབ་པ་གཙོ་བོར་ལོ་མའི་ཚོད་མ་དེའོ། །ཞེས་ཀེའུ་ནི་སྒོག་པའི་བྱེ་བྲག་ཅིག་ཏུ་བསྟན་པ་དང་། ཨ་ཀྱཱ་ཡོངས་འཛིན་གྱི་མདོ་དོན་ལྟ་བའི་མིག་འབྱེད་ཁུངས་སུ་བྱས་ཏེ། ཀེའུ་ཞེས་པ་རི་སྒོག་ལ་གོ་དགོས་པ་དང་། དེའི་སྐྱེས་ཚུལ་གྱི་དབྱིབས་དང་བཟའ་བྱ་ནི་དེའི་སྡོང་བུ་དང་ལོ་མ་ཡིན་པར་བཀྲལ་ཡོད། ཡང་ཀེའུ་ཞེས་པ་གཟུགས་ཀྱི་ཆ་ནས་བོད་ཡིག་གི་འབྲི་སྟངས་དང་འཚམ་པར་མི་འདོད་ན། འབྲི་དང་བ་མཛོའི་ཕྲུ་གུ་ལ་འབོད་པའི་བེའུ་དང་། རའི་ཕྲུ་གུ་ལ་གོ་བའི་རེའུ། རི་དྭགས་ཤ་བའི་ཕྲུ་གུ་ལ་བརྗོད་པའི་ཤེའུ། སྤྲེལ་གྱི་དོན་ལ་འཇུག་པའི་སྤྲེའུ། བྱ་ཕྲུག་གམ་ཙི་ཙིའི་ཕྲུ་གུ་ལ་གོ་བའི་བྱིའུ། ལོ་གཅིག་ཅན་གྱི་རྟ་ཕྲུག་ལ་རྟེའུ་ཟེར་བ། སྟ་རེ་ཆུང་ངུ་ལ་སྟེའུ། དྲིས་ལན་ཁེལ་མིན་ལ་ལྟོས་ནས་བློ་སྒོ་འབྱེད་པའམ་རྒྱལ་ཕམ་འབྱེད་པའི་ངག་རྩེད་ལ་འཇུག་པའི་ལྡེའུ། སྟོད་ལུང་བདེ་ཆེན་རྫོང་གི་ས་མིང་ཞིག་ཡིན་པའི་སྣེའུ། ལྷ་སྐུ་འཇོག་སའི་ཟ་མ་ཏོག་ལ་འཇུག་པའི་གའུ། ཤིང་གཤག་པ་དང་ཡོ་བྱད་དམ་པོར་བྱེད་སྤྱད་ཀྱི་ཁྱིའུ། མིའི་ཕྲུ་གུ་ཆུང་ངུའི་དོན་ལ་འཇུག་པའི་ཁྱེའུ་སོགས་འབྲི་སྟངས་ཀེའུ་དང་མཚུངས་པའི་ཐ་སྙད་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་ཐེ་ཚོམ་གྱི་གཞིར་འགྱུར་དགོས་པས་དེ་ལྟར་ནི་སུ་ཞིག་གིས་སྨྲར་བཏུབ། ཡང་རང་ཅག་རྣམས་སྔ་དུས་ནས་རྒྱ་གར་དང་འབྲེལ་ཆེ་བས་དེ་ནི་འཕགས་ཡུལ་གྱི་ཐ་སྙད་ཅིག་མིན་ནམ་སྙམ་ན། དེ་ནི་མ་ཡིན་ཏེ། སམ་བོད་སྐད་གཉིས་ཤན་སྦྱར་གྱི་མིང་མཛོད་དུ། ཀེའུ་ལ་ལེགས་སྦྱར་སྐད་དུ་གྲྀཉྫ་ན་ཀཾ་ཞེས་བཀོད་ཡོད་པ་གི་རི་འཇའ་ན་ཀང་དུ་བཀླག་དགོས་པ་ཀེའུ་དང་སྒྲ་གཟུགས་གཉིས་ཆ་ནས་རིང་དུ་སོང་ཡོད་པས་དེ་ག་ལེགས་སྦྱར་སྐད་དང་འབྲེལ་བ་མེད་པ་རྟོགས་ཐུབ། དུས་རབས་བཅོ་བརྒྱད་པར་སེར་བྱེས་མཁན་ཟུར་བྱམས་པ་སྨོན་ལམ་གྱིས་ཕྱག་བཏབ་པའི་ཀེའུ་ཚང་ནུབ་རི་ཁྲོད་དང་། ཕུར་ལྕོག་སྐུ་ཕྲེང་ན་རིམ་གྱི་གདན་ས་ཀེའུ་ཚང་ཤར་རི་ཁྲོད་ཅེས་པའི་ཀེའུ་ནི་དབེན་པ་དང་བྲག་ཕུག་གི་དོན་ཡིན་པ་དང་། རི་ཁྲོད་དེ་གཉིས་ཤིན་ཏུ་གཡང་གཟར་བའི་བྲག་སྐེད་དུ་ཆགས་ཡོད་པས་མིང་དེ་ལྟར་ཐོགས་པ་ཡིན། དེ་ལྟ་བུའི་དོན་ལ་འཇུག་པའི་མིང་བརྡ་སྔ་མོ་ནས་མཆིས་པས་དེ་འབྲེལ་གྱི་ཐ་སྙད་དེ་ཀེའུ་ཚང་རི་ཁྲོད་དང་ཀེའུ་ཚང་ལམ་རིམ་ལྟ་བུའི་མིང་བརྡ་བྱུང་བ་རེད།

གཉིས། འདུལ་གཞུང་དང་གསོ་རིག་གཞུང་དུ་ཀེའུ་ཞེས་པའི་མིང་བརྡ་གསལ་བ།

ཀེའུ་ཞེས་པའི་སྔོ་ཚོད་ཚལ་རིགས་ཀྱི་མིང་དེ་གོང་དུ་དྲངས་ཟིན་པའི་དག་ཡིག་དང་ཚིག་མཛོད་ཀྱི་གཞུང་རྣམས་སུ་མཆིས་པར་མ་ཟད། བསྟན་པའི་ནང་མཛོད་འདུལ་བ་སོགས་རྒྱལ་བའི་བཀའ་བསྟན་ཁག་ཏུ་བཀོད་ཡོད་པ་ནི། འདུལ་བ་ལུང་ལས། སྒོག་སྐྱ་དང་ཀུན་དོང་དང་། ཀེའུ་དག་ཟ་བར་མི་བྱའོ། །ཞེས་རབ་ཏུ་བྱུང་བའམ་དགེ་ཚུལ་སློང་གི་སྤང་བྱའི་ཟས་སུ་ཀེའུ་བསྟན་ཅིང་། ཡང་དེ་ཉིད་དུ། དགེ་སློང་ཞིག་གིས་སྒོག་སྐྱ་བཞེས་པའི་ཉེས་དམིགས་བརྗོད་པའི་བྱུང་བ་ཞིག་ཏུ། སྔོན་དགེ་སློང་ཞིག་གིས་སངས་རྒྱས་ཀྱི་ཆོས་བསྟན་པ་ལ་ཁ་མི་ལྟ་བར་ཁ་གཞན་དུ་ལྟ་བས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་དེ་གང་ཡིན་གསུངས་པས། བཙུན་པ་དགེ་སློང་དེས་སྒོག་སྐྱ་འཚལ་ཏོ། །ཞེས་ཞུས་པས། ཀུན་དགའ་བོ་གལ་ཏེ་དགེ་སློང་འདིས་དེ་རིང་སྒོག་སྐྱ་ཟོས་པར་མ་གྱུར་ན་ད་ལྟ་ཉིད་དུ་འདིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པར་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་དེ་ཕྱིན་ཆད་སྒོག་སྐྱ་དང་། ཀུན་དོང་དང་། ཀེའུ་ཡོངས་སུ་ལོངས་སྤྱད་པར་མི་བྱ་སྟེ། ཡོངས་སུ་ལོངས་སྤྱད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ངས་དགེ་སློང་སྒོག་སྐྱ་ཟ་བའི་ཀུན་ཏུ་སྤྱད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་སྒོག་སྐྱ་ཟ་བས་སྒོག་སྐྱ་ཟ་བཞིན་དུ་གཙུག་ལག་ཁང་ལ་ཡོངས་སུ་ལོངས་སྤྱོད་པར་མི་བྱ། གནས་མལ་ལ་མ་ཡིན། དགེ་འདུན་གྱི་ནང་དུ་འགྲོ་བར་མི་བྱ། བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷག་པ་རྣམས་ལ་ཆོས་བསྟན་པར་མི་བྱ། མཆོད་རྟེན་ལ་ཕྱག་མི་བྱ། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ཁྱིམ་དུ་ཉེ་བར་འགྲོ་བར་མི་བྱ། སྐྱེད་མོས་ཚལ་དང་། ཚོགས་ཁང་དང་། ལྷ་ཁང་དང་། སྐྱེ་བོས་གང་བ་གཞན་དག་ཏུ་གནས་བར་མི་བྱའོ། །ནད་ལ་སོགས་པ་དགོས་པའི་ཕྱིར་ཡོད་ན་ཟ་བར་བྱའོ། །གང་གི་ཚེ་བྱ་བ་ཟིན་པར་གྱུར་པ་དེའི་ཚེ་ཕྱོགས་དེ་ཉིད་ཞག་བདུན་འདུག་པར་བྱའོ། །ཀུན་དོང་ནི་ཞག་གསུམ། ཀེའུ་ནི་ཞག་གཅིག་གོ །དེ་ནས་ཁྲུས་བྱས་ལ་ཆོས་གོས་དག་ཀྱང་བཀྲུ་བར་བྱ་ཞིང་བདུག་པ་དག་གིས་བདུགས་པར་བྱའོ། །སྒོག་སྐྱ་ཟ་བའི་དགེ་སློང་གིས་ཀུན་ཏུ་བཅས་པའི་ཇི་ལྟར་བཅས་པ་རྣམས་ཡང་དག་པར་བླང་སྟེ། མི་གནས་ན་འགལ་ཚབ་ཅན་དུ་འགྱུར་རོ། །②ཞེས་པ་འདིར་དགེ་སློང་རྣམས་ཀྱིས་དྲི་ཁ་བའི་ཟས་ངན་སྤང་བྱའི་གྲས་སུ་ཀེའུ་ཞེས་གསལ་བར་བཀོད་པ་དང་། གལ་སྲིད་དགོས་དབང་གིས་ཀེའུ་ཟོས་ཚེ་ཞག་གྲངས་མ་ལོང་བར་ལྷ་ཁང་སོགས་སུ་བགྲོད་མི་ཆོག་པའི་བཅས་པ་མཛད་ཡོད། རྩེ་མོ་ལས་ཀྱང་། ཤ་དང་ཆང་དང་བཙོང་ལ་སོགས། །དྲི་ངན་ཁ་ཡིས་སྒྲེགས་པ་དང་། །འཁྲིས་པ་འདོད་དང་བསྟན་པ་དང་། །སེམས་ཅན་ཚེ་ལ་དགའ་མི་བྱ། །ཞེས་རང་རེའི་མདོ་སྔགས་ཀྱི་གཞུང་དུ་དྲི་ངན་སྣ་ལ་གཟན་པའི་ཐན་ཟས་སྒོག་བཙོང་སོགས་སྤང་བྱར་གསུང་ཡོད་པ་རྣམས་སུ་ཀེའུ་ཞེས་པའི་མིང་བརྡ་དངོས་སུ་བྱུང་ཡོད།

གསོ་རིག་གི་གཞུང་ཆེན་སྒྲོལ་མ་སྔོ་འབུམ་ལས། སྒོག་པ་ཀེའུ་ཛི་ཞེས་བྱ་བ། །ཁ་ལུང་སྤང་དང་ས་ལ་སྐྱེས། །རྩ་བ་དཀར་བོ་ལག་པ་འདྲ། །ལོ་མ་སྒོག་སྐྱ་དག་དང་འདྲ། །མེ་ཏོག་དཀར་བོ་མི་རྒན་མགོ། །རོ་ནི་ཚ་དང་ཁ་བ་ཡིན། །རང་གི་ནུས་པས་རྨ་རྣམས་གསོ། །སྐྲངས་འདུལ་ཆུ་རྣག་སྐེམ་པ་དང་། །ལྷོག་པ་འབྲས་དང་གག་པ་འདུལ། །ཞེས་པའི་ཀེའུ་ཛི་ནི་རྒོད་སྐྱེས་ཀེའུ་རུ་ངོས་འཛིན་བྱས་ཏེ། རྒྱ་ཡིག་ཏུ野韭ཞེས་བསྒྱུར་ཡོད། «སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ་ལེའུ་སུམ་ཅུ་རྩ་གཅིག་པ་བཞུགས»ཞེས་པར། ཡང་ན་བཅའ་སྒ་དང་། བྱི་ཚེར་དང་། པ་ཤ་ཀ་དང་། གླ་སྒང་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་དོང་ག་དང་། དུག་མོ་ཉུང་གི་ཤུན་ལྤགས་དང་། ཀེའུ་ཀ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །སྨན་གྱི་སྦྱོར་བ་བདུན་པོ་འདི་དག་ཀྱང་བད་ཀན་གྱི་རིམས་སེལ་ཏོ། །③ཞེས་སྒོག་པའི་ཡ་གྱལ་ཀེའུ་ཞེས་པའི་མིང་བརྡ་བྱུང་ཞིང་། དཀོན་མཆོག་རྒྱལ་མཚན་གྱིས་གཙོ་སྒྲིག་བྱས་པའི«འཚོ་བ་ཟས་ཀྱི་རྣམ་བཤད་ཤེལ་གྱི་མེ་ལོང»དུ། ཀེའུ་ནི་རོ་མངར་ལ་ཚ་བ། ནུས་པ་དྲོ་བའི་རིགས། ཕན་ཡོན་ནི། ཕོ་བར་ཕན་པ་དང་ཁ་ཟས་འཇུ་བ། སྲིན་གསོད། གཉན་འཇོམས། རླུང་དང་རོ་ཙ་གསོ་ཞེས་ཚལ་རིགས་ཀེའུ་ཡི་རོ་དང་ངོ་བོ། ཕན་ནུས་བཅས་སྔོ་སྨན་ངོས་འཛིན་གྱི་གོ་རིམ་ལྟར་ཞིབ་པར་བཀོད་ཡོད། དེས་ན། ཤེལ་གོང་ཤེལ་ཕྲེང་ལས། སྐྱེས་ཚད་མཐོང་ཚད་སྨན་དུ་གཏོང་ནུས་ཕྱིར། །ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། །ཞེས་པ་ལྟར་རང་རེའི་ལུས་ཅན་ཀུན་ཀྱི་སྲོག་འཚོ་ཞིང་ཚེ་སྲིང་བར་བྱེད་པའི་གསོ་བ་རིག་པའི་གཞུང་དུ་སྨན་དུ་འགྲོ་བའི་རྫས་སྣ་བརྒྱད་ཁྲི་བཞི་སྟོང་གསུངས་པ་རུ་ཚལ་རིགས་ཀེའུ་ཡི་མིང་བརྡ་བྱུང་ཡོད་པ་མ་ཟད་དེའི་ངོ་རྣམ་ངོས་འཛིན་དང་བྱེད་ནུས་བཅས་ཞིབ་པར་གསལ་བཤད་གནང་ཡོད་དོ། །

གསུམ། ཀེའུ་ནི་བོད་ཀྱི་རོང་ཁུལ་ན་རྒྱ་ཁྱབ་ཏུ་སྐྱེ་བའི་སྔོ་ཚལ་ཞིག་ཡིན།

སྒོག་པ་ཀེའུ་ཛི་ནི་མཚོ་འཕགས་རྨིད3000ནས4500བར་གྱི་སྤང་འཇམ་དང་ཚེར་གསེབ། རྡོ་གསེབ་སོགས་སུ་སྐྱེ་བར་བཤད་པས།རང་རེའི་བོད་ཀྱི་ས་ཆ་ཕལ་ཆེ་བ་མཚོ་འཕགས་རྨིད3000ཡན་ཡིན་པས། སྒོག་པ་ཀེའུ་ཛི་ནི་བོད་ཁུལ་དུ་རྒྱ་ཁྱབ་ཏུ་སྐྱེས་སྲིད་པའི་སྔོ་རྩྭ་ཞིག་ཡིན།དེ་བས་འདི་ལ་ཀེའུ་ཞེས་པའི་རང་མིང་གི་ཐ་སྙད་བྱུང་ཡོད་པ་དང་། དེའང་འདབས་འཁོར་གྱི་རྒྱལ་ཁག་གཞན་དང་རིག་གནས་འབྲེལ་འདྲིས་ལ་བརྟེན་ནས་བྱུང་བ་མ་ཡིན་པར་རང་རེའི་སྲོལ་རྒྱུན་གྱི་ཐ་སྙད་བྱིངས་དང་འདྲ་བར་ཅུང་སྔ་མོ་ནས་ངག་ལ་རྒྱུགས་ཆེ་བ་ནི་གོང་དུ་དྲངས་པའི་འདུལ་བའི་ལུང་དང་བརྡ་དག་སོགས་ལས་གསལ་བར་ཤེས་ཐུབ། ཁོ་བོས་རྒན་ཡོལ་གནང་ཟིན་པའི་དགེ་རྒན་དམ་པ་བླ་མ་སྐྱབས་ལགས་ལ་བཀའ་འདྲི་ཞུས་པར། ཁོ་རང་གི་ཕ་ཡུལ་ནི་གཅན་ཚ་ཐང་ཞེས་པའི་འབྲོག་སྡེ་ཞིག་ཡིན་པ་དང་། དབྱར་དུས་ཕ་ཡུལ་གྱི་ཁུག་གཞོང་དག་ན་ཀེའུ་ནི་ག་ས་གར་ཕུང་ཕུང་དུ་སྐྱེས་ཤིང་། ཡུལ་མི་རྣམས་ཀྱིས་བཟའ་བར་འདོད་ན་མང་པོ་བྲེགས་འོངས་ནས་ཚོད་མ་བཟོ་བཞིན་ཡོད་པར་བཤད། ཨ་མདོའི་ཕྱོགས་ནས་སྔ་དུས་ནས་ཀེའུ་ཡི་ཁ་ཟས་མང་དུ་བསྟེན་པ་དང་། དེས་ཀེའུ་ཚོད་ཅེས་རླངས་པར་བཙོས་པའི་ཚོད་མ་དང་། ཆུར་འཚོད་པའི་ཆུ་ཚོད།སླ་ངར་སྲེག་པའི་སྲེག་ཚོད་བཟོ་བ་མ་ཟད། ད་དུང་འཁྱག་ཐུག་དང་སྲན་ཉོག་གི་སྤོད་དང་། བཟའ་བྱ་གཞན་དང་བསྡེབས་ཏེ་ཚོད་མ་བརྔོ་བ་སོགས་ཀེའུ་དང་འབྲེལ་བའི་ཟས་སྣ་མང་དུ་བཟོ་བའི་སྲོལ་མཆིས། ལྷག་ཏུ་མདོ་སྨད་དུ་དར་ཆེ་བའི་ལྔ་བའི་ལྷ་ཚོད་ཀྱི་དུས་སྟོན་ལ་ཀེའུ་ཚོད་ནི་སྐབས་དེའི་བཟའ་བྱ་གཙོ་བོ་ཞིག་ཡིན། དག་ཡིག་གསར་བསྒྲིགས་སུ། ཀེའུ་ཞེས་པ་ལོ་མ་རིང་ལ་ལེབ་མོ་དང་མེ་ཏོག་དཀར་བོ་ཡིན་པའི་འགྲེལ་སྟངས་ལ་གཞིགས་ན། དེ་ནི་འཇུ་བཀྲ་ཤིས་བཟང་བོས་ཀླུང་སྒོག་ཀེའུ་ཛི་མང་དུ་སྐྱེས་ཡོད་པའི་ཡུལ་ལུང་ཞིག་ན་ཀླུང་སྒོག་ཀེའུ་ཛི་ངོ་སྤྲོད་བྱེད་བཞིན་ཡོད་པ་དང་འདྲ་བོ་འདུག བོད་རྒྱ་ཚིག་མཛོད་ཆེན་མོར། ཀེ་ཛི་ཞེས་པ་ས་དམའ་སར་སྐྱེས་པའི་ཀླུང་སྒོག་ཅིག་ཅེས་པར་གཞིག་ན་དེ་ནི་བོད་ཀྱི་ཡུལ་ལུང་ཕལ་མོ་ཆེར་སྐྱེས་ངེས་པའི་སྔོ་ལྡུམ་ཞིག་དང་། མང་པོར་ངོས་འཛིན་གསལ་ཞིང་གསལ་བ་དང་། སྒོས་སུ་དག་ཡིག་དང་ཚིག་མཛོད་དུ་མ་ཞིག་ན་ཀེའུ་ཞེས་པ་རི་སྒོག་སྤྱིའི་མིང་དུ་བསྟན་པ་ལྟར་ན། སྒོག་སྐྱ་དང་སྒོག་སྔོན། རི་སྒོག བྲག་སྒོག རྒྱ་སྒོག བྱིའུ་སྒོག རུག་སྒོག ཀླུང་སྒོག་སོགས་རང་རེའི་ཡུལ་ན་སྒོག་པའི་རིགས་སུ་གྱུར་པ་མང་དག་ཅིག་ཡོད་པ་དེ་དག་གི་སྤྱི་མིང་ལ་ཀེའུ་ཟེར་བས། སྔོན་གྱི་བརྡར་སྒོག་རིགས་ཀྱི་བྱེ་བྲག་ཏུ་གྱུར་པའི་ཀེའུ་ཡི་མིང་དེ་སྤྱི་ལ་བྱས་པའི་འབོད་སྲོལ་ཀྱང་ཡོད་པར་མངོན།

དེ་ཡང་དབུས་གཙང་ཆོས་ཀྱི་ཆོལ་ཁ་ཞེས་པ་བཞིན། ལྟོས་བཅས་ཀྱིས་དད་སྟོབས་ཆེ་བའི་དབུས་གཙང་དང་ཁམས་ཕྱོགས་སུ། ཆོས་ཀྱི་འདུལ་ཁྲིམས་དང་ཆོས་དད་ཀྱི་རྐྱེན་པས་སེར་སྐྱ་གཉིས་ནས་སྒོག་རིགས་ཀེའུ་ཟ་བར་འཛེམ་འཛི་ནན་མོ་བྱས་པས། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དེ་དང་འབྲེལ་འདྲིས་བྱེད་པའི་གོམས་གཤིས་ལྷོད་པར་གྱུར་པས་ཀེའུ་ཞེས་པའི་ཐ་སྙད་དེ་ཁོ་ཚོ་དང་བར་ཐག་རིང་དུ་ཕྱིན་ཏེ་རིམ་བཞིན་བསྟན་བཅོས་ཀྱི་ཐ་སྙད་ཙམ་ལ་མ་གཏོགས་བརྗོད་པ་མེད་པའི་གནས་སྟངས་ཆགས། དེ་ཕྱིར། དབུས་གཙང་དང་ཁམས་ཕྱོགས་ནས་འདི་ལ་རྒྱ་སྐད་རང་གིས་འབོད་པའི་སྲོལ་ག་བྱུང་བ་དང་། ཨ་མདོའི་ཕྱོགས་ནས་སྲོལ་རྒྱུན་གྱི་རང་མིང་རྣལ་མ་གང་གི་རྒྱུན་བསྐྱངས་ཏེ་རོང་འབྲོག་གཉིས་ཆ་ནས་ཀེའུ་ཞེས་རྗོད་ཀྱིན་ཡོད། ཀེའུ་ལས་གཡོས་པའི་ཟས་དྲི་སྣར་གཟན་པའམ་ཞེ་མེར་བ་ཞིག་ཡིན་རྐྱེན། གཙང་སྦྲ་དང་དད་མོས་ཀྱི་དབང་གིས་ནང་ལོགས་ཀྱི་སྲོལ་རྒྱུན་ལའང་དྲི་ང་བའི་ཚལ་རིགས་ལྔ(五荤)ཞེས་འདྲེན་དུ་ཡོད་པ་ལས་ཀེའུ་ནི་དེ་ལས་གཅིག་ཏུ་བགྲང་སྟེ། ཆོས་པ་རྣམས་ཀྱིས་སྤང་བྱའི་གནས་སུ་བྱས་ཡོད།

མདོར་ན། ཀེའུ་ཞེས་པ་ནི་བོད་སྔ་རབས་ཀྱི་དག་བྱེད་མཁན་པོའི་གཞུང་ཇི་སྙེད་ཅིག་དང་རྗེས་སུ་རིམ་པར་གྲུབ་པའི་ཚིག་མཛོད་མང་པོར་ཐོན་ཡོད་པ་མ་ཟད། ལྷག་ཏུ་བཙན་པོ་རྒྱལ་རབས་ཀྱི་མཇུག་ཙམ་ལ་བསྒྱུར་པའི་ནང་པའི་གཞུང་གི་འདུལ་བ་དང་། གསོ་རིག་གི་གཞུང་དུ་སྔ་མོ་ནས་བཀོད་ཡོད་ལ། ཁོར་ཡུག་གི་གནས་སྟངས་ཀྱི་ཆ་ནས་བཤད་ནའང་ཀེའུ་ནི་རང་རེའི་ཡུལ་ནས་སྐྱེ་འཚར་སླ་བའི་སྔོ་རིགས་ཤིག་ཡིན་པས་ན། སྒོག་རིགས་ལས་ཀེའུ་དང་བྲག་ཕུག གནའ་དུས་བོད་ཀྱི་རུས་བཅས་ཀྱི་དོན་ལ་འཇུག་པའི་ཀེའུ་ཞེས་པ་ནི་གཞན་ནས་འཁྱར་བའི་ཐ་སྙད་ལྡོམ་པོ་ཞིག་མ་ཡིན་པར་བོད་རང་གི་སྲོལ་རྒྱུན་གྱི་དྲི་བསུང་བའི་འཐུལ་བའི་མིང་བརྡ་རྣལ་མ་ཞིག་ཡིན་པར་སྙམ་མོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号