རི་མོ་བ་བསོད་ནམས་ཚེ་རིང་གི་རི་མོའི་འགྲེམ་སྟོན་བྱེད་སྒོ།

ན་གཞོན་རི་མོ་བ་བསོད་ནམས་ཚེ་རིང་གིས་ཟླ6ཚེས1ཉིན་ནས་ཚེས30ཉིན་བར་བོད་ལྗོངས་ལྷ་ས་རུ་རི་མོའི་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོ་ཞིག་སྤེལ་ཡོད། ད་ཐེངས་ཀྱི་འགྲེམ་སྟོན་ཐོག་རི་མོ་བ་ཁོང་ཉིད་ཀྱི་སྒྱུ་རྩལ་གསར་རྩོམ་གྱི་དུས་མཚམས་མི་འདྲ་བའི་རི་མོའི་ཉམས་འགྱུར་ཐད་ཀྱི་འགྱུར་ལྡོག་དང་། དེ་བཞིན་རི་མོ་ཇུས་འགོད་དང་རྒྱུ་ཆ་བཀོལ་སྤྱོད་སོགས་ཀྱི་འགྱུར་ལྡོག་ཐད་ཁྱད་ཆོས་གང་འདྲ་ཡོད་པ་རྣམས་བརྩམས་ཆོས་མི་འདྲ་བར་བརྟེན་ནས་མི་རྣམས་ཀྱི་སྤྱན་སྔར་དྲངས་ཡོད།

རི་མོ་བ་བསོད་ནམས་ཚེ་རིང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ནས་ཡིན་པ་དང་། ཆུང་དུས་ནས་རི་མོ་སྦྱོང་རྒྱུར་སྤྲོ་སྣང་ཆེ་ཞིང་། དགེ་རྒན་མང་པོའི་མཛུབ་ཁྲིད་འོག་སྦྱངས་པ་མཐར་ཕྱིན་བྱས་མཐར། བོད་ལྗོངས་སློབ་གྲྭ་ཆེན་མོའི་མཛེས་རྩལ་སློབ་གླིང་གི་ཐང་ག་འབྲི་བཞེངས་ཀྱི་ཆེད་ལས་སྦྱོང་བའི་བསྐལ་བ་ཐོབ། 2012ལོ་ནས་ད་བར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་གཞུང་ཞབས་པའི་ལས་ཀར་གཞོལ་ཞིང་། ལས་ཞོར་དུ་མུ་མཐུད་རི་མོའི་བརྩམས་ཆོས་གང་མང་བརྩམས་པ་དང་འབྲི་རྩལ་ཐད་དུས་བབ་དང་བསྟུན་ནས་གསར་གཏོད་གང་མང་བྱས་ཤིང་། དེའི་ཐད་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད།

ཁོང་གིས་སྲོལ་རྒྱུན་མཛེས་རྩལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཟུང་དུ་སྦྲེལ་ནས་རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རི་མོ་འབྲི་བཞེངས་བྱེད་པ་དང་། རྒྱུ་ཆ་འདྲ་མིན་སྣ་ཚོགས་སྤྱད་དེ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་བརྩམས་ཆོས་གང་མང་གསར་དུ་བཏོད་ཡོད། དཔེར་ན། བལ་སྐུད་རྒྱུ་ཆར་བྱས་པའི་རི་མོའི་བརྩམས་ཆོས་གང་མང་གསར་རྩོམ་བྱས་ཡོད།  ཁོང་གི་རི་མོར་རྣམ་པ་གསོན་ཉམས་ལྡན་པ་དང་ཚོན་མདངས་སྣུམ་ལ་ཞིབ་ཚགས་པ། པིར་རྩེའི་ཚོན་མདངས་དེ་དག་བརྒྱུད་ནས་གཏམ་རྒྱུད་བརྗོད་པ་བཅས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད།

ཁོང་གི་སའི་གོ་ལ་ཞེས་པའི་རི་མོའི་བརྩམས་ཆོས་དེ་ཡང་ཁྱད་ཆོས་འབུར་དུ་ཐོན་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་རེད། དེའི་ནང་དུ་ཁོང་གི་བློ་ངོར་ཡོད་པའི་བྱིས་དུས་ཀྱི་རྣམ་པ་དང་གཏམ་རྒྱུད་བརྗོད་ཡོད། ཁོང་གིས། ང་རང་རི་མོ་བ་ཞིག་ཡིན་པའི་ངོས་ནས། བྱིས་དུས་ཀྱི་རྨི་ལམ་ལྟ་བུའི་རྣམ་པ་དེ་ཟླུམ་གཟུགས་ཅན་གྱི་ངོས་དབྱིབས་ཐོག་ཏུ་བྲིས་ནས། ཆུང་དུས་སྣང་བརྙན་ཁྲོད་ཀྱི་མཛེས་པའི་ཕ་ཡུལ་གྱི་རྣམ་པ་དེ་མངོན་གང་ཐུབ་བྱེད་ཀྱིན་ཡོད་ཅེས་བཤད།

ཁོང་གིས་བརྩམས་ཆོས་མང་པོ་གསར་རྩོམ་བྱས་མཐར། བརྩམས་ཆོས་འགྲེམ་སྟོན་སྣ་ཚོགས་ལ་ཞུགས་པའི་གོ་སྐབས་ཀྱང་གང་མང་ཐོབ་ཡོད་ཅིང་། ཧི་མ་ལ་ཡ་ཤེས་རྟོགས་ཞེས་པའི་བོད་ཀྱི་དེང་རབས་སྒྱུ་རྩལ་འགྲེམ་སྟོན་ཁྲོད་ཁོང་གི་དེང་དུས་ཀྱི་རི་མོའི་བརྩམས་ཆོས་འགྲེམ་སྟོན་བྱས་པ་དང་། བརྩམས་ཆོས་ལ་ཀུན་གྱི་བསྟོད་བསྔགས་ཐོབ་ཡོད། 2011ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་མི་སྒེར་གྱི་རི་མོ་དང་བོད་ཀྱི་སྲོལ་རྒྱུན་བྱ་འཕུར་འཆར་བཀོད་འགྲན་བསྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང་། 2013ལོར་དབྱི་ཐ་ལིར་སྤེལ་བའི་སྒྱུ་རྩལ་འགྲེམ་སྟོན་ནང་ཞུགས་པ། 2017ལོར་བོད་ཀྱི་དེང་དུས་རི་མོ་འགྲེམ་སྟོན་དང2018ལོར་ཧྲང་ཧའེ་རུ་སྤེལ་བའི་ཤམ་བྷ་ལའི་བོད་ཀྱི་དེང་དུས་རི་མོའི་འགྲེམ་སྟོན་ནང་ཞུགས་པ། 2023ལོར་པེ་ཅིང་དུ་སྤེལ་བའི་ཀྲུང་གོའི་དེང་རབས་གསར་བྱུང་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ལ་ཞུགས་པ་སོགས་དེང་རབས་ཀྱི་སྒྱུ་རྩལ་འགྲེམ་སྟོན་མང་པོའི་ནང་ཞུགས་ཡོད།

བརྩམས་ཆོས་འདི་དག་ནི་རི་མོ་བ་ཞིག་གི་པིར་རྩལ་ལས་འཁྲུངས་པའི་ལྷད་མེད་ཀྱི་ཚོན་མདངས་རེད་ལ། སེམས་གཏིང་ནས་མཚོན་འདོད་པའི་གཏམ་རྒྱུད་ཀྱང་རེད། ཁོང་གིས་རི་མོའི་བརྩམས་ཆོས་འདི་དག་བརྒྱུད་རང་གི་མི་ཚེའི་ཁ་དོག་མངོན་པ་དང་། ནང་སེམས་ཀྱི་ཟབ་ས་ནས་ཚེ་སྲོག་གི་རང་མདངས་དང་བྱ་དངོས་ཁྲི་མ་འབུམ་གྱི་ངོ་བོར་གོ་བ་ལེན་སྟངས་སོགས་མངོན་བཞིན་ཡོད། ད་ལྟ་ཁོང་གི་རི་མོའི་བརྩམས་ཆོས་མང་པོར་མི་རྣམས་ཀྱི་དགའ་བསུ་དང་བསྟོད་བསྔགས་ཆེན་པོ་ཐོབ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号