གནམ་གཤིས་འགྱུར་ལྡོག་གིས་སྙིང་ཁམས་ཁྲག་རྩའི་བདེ་ཐང་ལ་ཤུགས་རྐྱེན་ག་འདྲ་ཐེབས་སམ།

ས་ཚིགས་ལ་འགྱུར་ལྡོག་འབྱུང་བ་དང་གྲང་རླུང་ཆེ་བའི་དུས་སུ་སྙིང་ཁམས་ཁྲག་རྩའི་ནད་འབྱུང་བ་མང་སྟེ། དེ་ནི་གཙོ་བོ་དྲོད་ཚད་དམའ་བ་དང་། འགུལ་སྐྱོད་ཉུང་བ། བཟའ་བཏུང་ཚད་ལས་བརྒལ་བ། རྒྱུན་པར་ནད་འགོ་བ་སོགས་རྒྱུ་རྐྱེན་བཞི་དང་འབྲེལ།

གནམ་གཤིས་ཇེ་འཁྱགས་སུ་འགྲོ་བའི་སྐབས་སུ། མིའི་ལུས་ཕུང་གི་ཁྲག་རྩ་ཕྲ་མོ་དག་འཁུམ་ཞིང་། སྙིང་གི་ལྡིང་ཚད་ཇེ་མགྱོགས་དང་ཁྲག་ཤེད་ཇེ་མཐོར་སོང་བས་སྙིང་གི་གནོན་ཤུགས་ཇེ་ཆེར་བཏང་སྟེ། སྙིང་ལ་གཟེར་རྒྱག་པའམ་ཡང་ན་སྙིང་རྩ་འགག་པ་སོགས་འབྱུང་སྲིད། ལུས་སྟོབས་ཞན་པའི་རྒན་པ་ཚོར་དྲོད་ཚད་ཇེ་དམར་འགྲོ་བའི་སྐབས་སུ་རྒྱུན་དུ་ཆམ་པ་དང་ཆམ་རིམས་སོགས་དབུགས་ལམ་མ་ལག་གི་ནད་གཞི་དག་མཉམ་པོར་འབྱུང་སྲིད་ལ། གློ་བུར་དུ་སྙིང་རྩ་འགག་ནས་ཤི་བ་དང་དང་གློ་བུར་ཤི་བ་སོགས་ཀྱང་འབྱུང་སྲིད།

དེ་ལས་གནམ་གཤིས་ལ་འགྱུར་ལྡོག་འབྱུང་བ་དང་ལྷག་པར་གྲང་ངར་ཆེ་བའི་སྐབས་སུ། ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་། དེ་དང་འབྲེལ་ནས་སྙིང་ཁམས་ཁྲག་རྩའི་ནད་སྣ་ཚོགས་འབྱུང་བའམ་ཡང་ན་སྔར་ཡོད་ཀྱི་ནད་གཞི་གློ་བུར་ཇེ་སྡུག་ཏུ་འགྲོ་སྲིད། རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་དུ་འཚོ་གནས་ཀྱི་སྙིང་རྩ་འགག་ནད་དང་ཁྲག་ཤེད་མཐོ་བའི་ནད་སོགས་དལ་གཤིས་ནད་ཕོག་མཁན་དག་དང་དེ་བཞིན་རྒན་པ་རྣམས་ཀྱིས་སྙིང་ཁམས་ཁྲག་རྩའི་ནད་སྔོན་འགོག་བྱེད་པར་མཐོང་ཆེན་བྱེད་དགོས།

སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོས་གྲང་ངར་གྱི་ཚོད་བགམ་ལ་ཇི་ལྟར་ཁ་གཏད་དགོས།

སྙིང་ཁམས་ཁྲག་རྩའི་ནད་ཡོད་མཁན་ཚོས་གཤམ་གསལ་གྱི་ཕྱོགས་ལྔའི་ཐད་དོ་སྣང་བྱེད་དགོས་པ་སྟེ།

གཅིག དྲོད་ཚད་དང་རང་ཉིད་ཀྱི་ཚོར་སྣང་ལ་གཞིགས་ནས་ལྭ་བ་གྱོན་དགོས། དུས་ཚིགས་བརྗེ་དུས་ཕྱི་ལ་སྐྱོད་སྐབས་གྱོན་གོས་དྲོན་པོ་ཞིག་འཁྱེར་ན་ལེགས།

གཉིས། ལུས་པོ་གསོ་བའི་བཟའ་བཏུང་མང་མི་རུང་། སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོའི་ངོས་ནས་བརྗོད་ན། ཚྭ་མང་བ་དང་ཞག་ཚིལ་མང་བའི་བཟའ་བཏུང་ནི་ནད་གཞི་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་རྐྱེན་དུ་འགྱུར་བས། བཟའ་བཏུང་གི་ཐད་ནས་ནད་པས་དམར་ཟས་དང་དཀར་ཟས་མཉམ་བསྲེས་དང་། ཚྭ་དང་ཞག་ཚིལ་ཉུང་བའི་བཟའ་བཏུང་སྤྱད་ན་ལེགས།

གསུམ། ལུས་སྦྱོང་འོས་འཚམ་བྱེད་དགོས། ལུས་སྦྱོང་འོས་འཚམ་བྱས་ན་ཁྲག་གི་འཁོར་སྐྱོད་ཇེ་ལེགས་སུ་གཏོང་ཐུབ་ཅིང་། དུས་ཚིགས་ལ་འགྱུར་ལྡོག་འབྱུང་བའི་སྐབས་སུའང་སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོས་ལུས་སྦྱོང་བྱེད་མཚམས་འཇོག་མི་རུང་བ་དང་། ཙོག་ཡུན་རིང་མི་རུང་། ལུས་སྦྱོང་འོས་འཚམ་བྱེད་དགོས་ཏེ། ཞོགས་པའམ་དགོང་མོ་མཐོང་ལམ་མི་གསལ་བའམ་ཡང་ན་སྨུག་རྡུལ་འཐིབས་པའི་སྐབས་སུ་ཕྱི་ལ་ལུས་སྦྱོང་བྱེད་དུ་འགྲོ་མི་རུང་།

བཞི། དུས་ཐོག་ཏུ་ཆམ་རིམས་འགོག་ཁབ་བརྒྱག་དགོས། སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོས་ལོ་རེར་ཆམ་རིམས་འགོག་ཁབ་བརྒྱབ་སྟེ། ཆམ་རིམས་ལྕི་མོ་དང་དེ་ལས་ཐོན་པའི་སྙིང་ཁམས་ཁྲག་རྩའི་ནད་མི་འབྱུང་བ་བྱེད་དགོས།

ལྔ། ནད་གཞིའི་ཐད་རང་གིས་རང་ལ་བདག་སྐྱོང་བྱེད་པར་ཤུགས་སྣོན་དགོས། སྙིང་ཁམས་ཁྲག་རྩའི་ནད་ནི་དལ་གཤིས་གཅོང་ནད་ཅིག་ཡིན་པས། ནད་པས་རང་གིས་རང་ལ་བདག་སྐྱོང་བྱ་རྒྱུ་ནི་ནད་གཞི་གཏན་ཆགས་གཏོང་བའི་ཐབས་མཆོག་ཅིག་རེད། ནད་པས་ངེས་པར་དམིགས་ཚད་ལྟར་བརྟག་དཔྱད་བྱེད་དགོས་པ་སྟེ། དཔེར་ན་རང་གིས་རང་ལ་ཁྲག་ཤེད་དང་ཁྲག་མངར་འཇལ་བ་དང་། སྙིང་ཤུགས་ཉམས་པའི་ནད་པས་ལུས་པོའི་ལྗིད་ཚད་དང་བཏུང་བྱ་འཐུང་ཚད། གཅིན་པ་བབས་ཚད་སོགས་ལ་བརྟག་དཔྱད་བྱེད་དགོས། ནད་པས་སྨན་པའི་ངག་ལྟར་དུས་ཐོག་ཏུ་སྨན་འཐུང་དགོས་ཤིང་། སྨན་གྱི་མང་ཉུང་གང་འདོད་ལྟར་སྣོན་འཕྲི་བྱེད་པའམ་ཡང་ན་སྨན་འཐུང་མཚམས་འཇོག་མི་རུང་། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་བྱས་ཏེ་དུས་བཅད་ལྟར་སྨན་ཁང་དུ་སོང་ནས་སྨན་བཅོས་དང་བསྐྱར་བརྟག་བྱེད་དགོས་ལ། ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ནད་པས་ལུས་རྩལ་གྱི་རྩ་དོན་གང་དག་བརྩི་སྲུང་བྱེད་དགོས་སམ།

“ཚེ་སྲོག་ནི་ལུས་རྩལ་ལ་རག་ལས་ཡོད”ཅེས་པ་དེ་སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོར་སྔར་བཞིན་འཚམ་སྟེ། སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོས་ལུས་སྦྱོང་རྒྱུན་འཁྱོངས་བྱེད་དགོས་ཤིང་། གཟའ་འཁོར་རེར་མ་མཐའ་ཡང་འགུལ་སྐྱོད་འབྲིང་ཙམ་གྱི་ལུས་སྦྱོང་སྐར་མ150འམ་ཡང་ན་འགུལ་སྐྱོད་ཆེ་བའི་ལུས་སྦྱོང་སྐར་མ78བྱེད་དགོས།

སྟབས་བདེའི་བརྡར་ཤ་གཅོད་སྟངས་འདི་ལྟ་སྟེ། འགུལ་སྐྱོད་འབྲིང་ཙམ་གྱི་ལུས་སྦྱོང་བྱེད་སྐབས་ང་ཚོའི་སྙིང་གི་འཕར་ཚད་དང་དབུགས་འབྱིན་རྔུབ་བྱེད་ཚད་ཇེ་མགྱོགས་སུ་འགྲོ་མོད། འོན་ཀྱང་ད་དུང་རྒྱུན་ལྡན་ལྟར་གླེང་མོལ་བྱེད་ཐུབ་པ་ཡིན། ཤུགས་ཚད་ཆེ་བའི་ལུས་སྦྱོང་བྱེད་སྐབས་རྒྱུན་ལྡན་ལྟར་གླེང་མོལ་བྱེད་མི་ཐུབ།

གྲང་ངར་ཆེ་བའི་དུས་སུ་དལ་རྒྱུག་དང་། རི་འཛེགས། མྱུར་འགྲོ། སྤོ་ལོའི་རིགས་ཀྱི་ལུས་རྩལ་སོགས་འཚམ་མོད། ནད་པ་ཕྱི་རུ་ལུས་སྦྱོང་དུ་འགྲོ་སྐབས་གྱོན་གོས་འོས་འཚམ་གྱོན་དགོས་ཤིང་། འགུལ་སྐྱོད་མ་བྱས་གོང་ལ་གྲབས་སྦྱོང་གང་ལེགས་བྱེད་དགོས་པ་དང་། ལུས་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུས་ཐོག་ཏུ་ཆུ་འཐུང་དགོས་ལ། ལུས་རྩལ་ཚད་ལས་བརྒལ་མི་རུང་།

ཁྲག་ཤེད་མཐོ་བའི་ནད་པས་བཟའ་བཏུང་ཐད་དོ་སྣང་གང་དག་བྱེད་དགོས་སམ།

དུས་རྒྱུན་གྱི་བཟའ་བཏུང་ཁྲོད་དུ། ཁྲག་ཤེད་མཐོ་བའི་ནད་པས་ཅཱ་ཇེ་མང་དང་ནཱ་ཇེ་ཉུང་དུ་གཏོང་བར་དོ་སྣང་བྱེད་དགོས་ཏེ། ནཱ་ཚྭ་ཡིས་ཁྲག་ཤེད་ཇེ་མཐོར་གཏོང་བ་ཡིན། ཁྲག་ཤེད་མཐོ་བའི་ནད་པས་ནཱ་ཚྭ་ཡང་ཉུང་དུ་གཏོང་དགོས་ཏེ། མི་རེས་ཉིན་རེར་ཚྭ་སྤྱོད་ཚད་ཁེ5ལས་བརྒལ་མི་རུང་། ཅཱ་འདུས་པའི་ཟས་རིགས་ཏེ། དཔེར་ན་ཁྲེ་དང་། གྲོ། པོ་ཚལ། ངང་ལག་སོགས་མང་ཙམ་ཟ་དགོས་ལ། ཞག་ཚིལ་དང་མངར་ཆ་མང་བའི་ཟས་རིགས་དང་ཟས་རྗེན་པ་དང་ཁ་ཚ་བའི་རིགས་ཟ་མི་རུང་། གཞན་སྔོ་ཚལ་དང་། ཤིང་འབྲས། འབྲུ་རིགས་སོགས་མང་ཙམ་ཟ་དགོས།  །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号