ནད་པ་མང་ཤོས་ལ་མཚོན་ན། དལ་གཤིས་མཁྲིས་པའི་གཉན་ཚད་དང་མཁྲིས་པའི་རྡེའུ་སྐྲན་གཉིས་ནི་རྒྱུན་དུ་མཐོང་ནའང་རྒྱུས་མངའ་ཆེན་པོ་མེད་པའི་ནད་རིགས་ཤིག་རེད། རྒྱུན་དུ་མཐོང་དོན་ནི་ནད་རིགས་དེ་གཉིས་ཀྱི་ཕོག་ཚད་ཅུང་མཐོ་བས་ཡིན་ལ། རྒྱུས་མངའ་མེད་དོན་ནི་དལ་གཤིས་མཁྲིས་པའི་གཉན་ཚད་དང་མཁྲིས་པའི་རྡེའུ་སྐྲན་བྱུང་བའི་ནད་པར་དུས་ཡུན་རིང་པོར་ནད་རྟགས་མེད་པས་ནད་བྱུང་ཡོད་པ་མི་ཤེས་པ་དང་། སྨན་བཅོས་ཇི་ལྟར་བྱེད་དགོས་པ་དེ་བས་ཀྱང་ཤེས་ཀྱིན་མེད་པ་རེད།
ནད་རིགས་དེ་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད།
དལ་གཤིས་མཁྲིས་པའི་གཉན་ཚད་ནི་མཁྲིས་པའི་རྡེའུ་སྐྲན་བྱུང་ནས་ཡུན་རིང་འགོར་བའམ་ཡང་ན་མྱུར་གཤིས་མཁྲིས་པའི་གཉན་ཚད་ཡང་ཡང་བྱུང་བ་ལས་བསྐྱེད་པ་རེད། ཕལ་ཆེར་ནད་པ70%ལ་ནད་རྟགས་མེད་ཅིང་། ནད་པ་ཁ་ཤས་ལ་ཡང་དང་བསྐྱར་དུ་གསུས་པའི་གཡས་སྟོད་མི་བདེ་བའི་ཚོར་སྣང་འབྱུང་སྲིད། གསུས་པའི་ཚད་བརྒལ་སྒྲ་རླབས་བརྟག་དཔྱད་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་པ་དང་བསྟུན་ནས། ནད་པ་ཁག་ཅིག་གིས་ལུས་པོར་བརྟག་དཔྱད་བྱས་པའི་ཁྲོད་མཁྲིས་པར་རྡེའུ་སྐྲན་ཡོད་པ་ཤེས་ཤིང་། རྗེས་སུ་དལ་གཤིས་མཁྲིས་པའི་གཉན་ཚད་དུ་ངོས་འཛིན་གྱིན་ཡོད། གསུས་པའི་ཚད་བརྒལ་སྒྲ་རླབས་བརྟག་དཔྱད་ལས་གལ་ཏེ་མཁྲིས་སྣོད་མཐུག་པོར་ཆགས་ན། (མཐུག་ཚད་ཧའོ་སྨི3ལས་ཆེ་བའམ་མཚུངས་པ་ཡིན) དལ་གཤིས་མཁྲིས་པའི་གཉན་ཚད་འབྱུང་བར་དོགས་ཟོན་བྱེད་དགོས།
དལ་གཤིས་མཁྲིས་པའི་གཉན་ཚད་ཀྱི་འབྱུང་རྐྱེན།
དལ་གཤིས་མཁྲིས་པའི་གཉན་ཚད་ཀྱི་འབྱུང་རྐྱེན་གཙོ་བོ་ནི་སྣུམ་ཚིལ་ཆེ་བའི་བཟའ་བཏུང་དང་ཤ་རྒྱགས་པ། མཆིན་པ་ཚིལ་རྒྱས། གཅིན་སྙི་ཟ་ཁུ། ཁྲག་ཤེད་མཐོ་བ། འགུལ་སྐྱོད་མི་འདང་བ། ཞོགས་ཟས་མི་ཟ་བ། དེ་མིན་མཁྲིས་པའི་རྡེའུ་སྐྲན་སོགས་ཁྱིམ་རྒྱུད་ཀྱི་ནད་ཡོད་པའི་མི་སོགས་ཡིན།
ཚི་སྣ་མཐོ་བའི་བཟའ་བཏུང་དང་སིལ་ཏོག ཤིང་ཏོག་སྐམ་པོ། དཀར་ཟས་བཅས་མང་ཙམ་ཟ་བ། དེ་མིན་འཚིག་ཇ་འོས་འཚམ་འཐུང་ན་ཚད་ངེས་ཅན་གྱི་སྟེང་ནས་དལ་གཤིས་མཁྲིས་པའི་གཉན་ཚད་ཀྱི་འབྱུང་ཚད་ཇེ་ཉུང་དུ་གཏོང་ཐུབ།
དལ་གཤིས་མཁྲིས་པའི་གཉན་ཚད་གསོ་བཅོས་བྱེད་ཚུལ།
ནད་པ་མང་པོ་ཞིག་གིས་རང་ཉིད་ལ་དལ་གཤིས་མཁྲིས་པའི་གཉན་ཚད་ཡོད་པ་ཤེས་རྗེས་དྲ་ལམ་ནས་ནད་རིགས་སྨན་བཅོས་སྐོར་གྱི་ཆ་འཕྲིན་འཚོལ་བ་རེད། རང་ཉིད་ཀྱི་བདེ་ཐང་ལ་དོ་སྣང་བྱེད་པ་དང་རང་འགུལ་ངང་ནད་ཀྱི་ཆ་འཕྲིན་རྒྱུས་ལོན་བྱེད་པ་ནི་གོམས་གཤིས་ཧ་ཅང་བཟང་པོ་ཞིག་ཡིན་མོད། འོན་ཀྱང་ཆེད་ལས་ཀྱི་ཤེས་བྱ་མི་འདང་བས་མི་མི་ཉུང་བ་ཞིག་ལ་ལྡོག་ཕྱོགས་ཆ་འཕྲིན་གྱི་ཤུགས་རྐྱེན་ཐེབས་ཏེ་དངངས་འཚབ་དང་སེམས་ཁྲལ་སློང་གི་འདུག དོན་དངོས་སུ་དལ་གཤིས་མཁྲིས་པའི་གཉན་ཚད་སྨན་བཅོས་བྱེད་རྒྱུ་དེ་འདྲའི་དཀའ་མོ་ཞིག་མིན་པས། གཤམ་ནས་སྟབས་བདེའི་ངོ་སྤྲོད་ཅིག་བྱེད།
བཟའ་བཏུང་གིས་གསོ་བ། དལ་གཤིས་མཁྲིས་པའི་གཉན་ཚད་ཡོད་པའི་ནད་པས་བཟའ་བཏུང་ལུགས་མཐུན་གྱིས་སྤྱོད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཚྭ་ཉུང་བ་དང་ཚིལ་ཉུང་བར་དོ་སྣང་བྱེད་དགོས་པར་མ་ཟད་དྲོད་ཚད་དམའ་རུ་གཏོང་དགོས།
སྨན་གྱིས་གསོ་བ། ནད་རྟགས་མེད་པར་མ་ཟད་ཕྱི་ནད་ཚན་ཁག་གི་སྨན་བཅོས་གང་ཡང་མ་བསྟེན་པའི་དལ་གཤིས་མཁྲིས་པའི་གཉན་ཚད་དང་མཁྲིས་པའི་རྡེའུ་སྐྲན་ནད་པར་དུས་བཅད་ལྟར་ལྟ་ཞིབ་བྱས་པ་ལས། གནས་སྐབས་སུ་སྨན་བཅོས་མ་བྱས་ཀྱང་ཆོག ནད་རྟགས་ཡོད་པའི་མཁྲིས་པའི་རྡེའུ་སྐྲན་ནད་པས་སྨན་པའི་མཛུབ་སྟོན་འོག་ནད་དང་བསྟུན་ནས་སྨན་འཐུང་དགོས། གལ་ཏེ་ནད་པར་ཕོ་སྐྱུར་ལྡོག་པ་དང་། སྐྱུག་མེར་ལངས་པ། ཨིག་ཀ་ཆེ་བ། གསུས་པ་སྦོས་པ་སོགས་འཇུ་བྱེད་མ་ལག་གི་བྱེད་ནུས་འཁྲུགས་པའི་གནས་ཚུལ་བྱུང་ན་མཁྲིས་ཁུ་འདྲེས་གྲུབ་དང་འཇུ་བྱེད་རྩབས་ཟགས་ཐོན་བྱེད་པའི་སྨན་འཐུང་ཆོག གལ་ཏེ་ནད་པར་དལ་གཤིས་གསུས་ཁོག་ཡང་མོ་ན་བའི་ནད་རྟགས་ཡོད་ན། ཀལ་གྱེས་རྡུལ་བརྒྱུད་ལམ་འགོག་རྒོལ་རྫས་འཐུང་ནས་ཤ་གནད་ཀྱི་ན་ཟུག་དང་རྩ་འཁུམ་སེལ་བར་བྱེད་ཆོག མཁྲིས་གཟེར་ལྕི་མོ་ལངས་སྐབས། ཙན་གཟུགས་མིན་པའི་རིགས་ཀྱི་གཉན་ཚད་འགོག་པའི་སྨན་འཐུང་ནས་མྱུར་གཤིས་མཁྲིས་པའི་གཉན་ཚད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས། གལ་ཏེ་ཕན་འབྲས་མི་བཟང་ན་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། དལ་གཤིས་མཁྲིས་པའི་གཉན་ཚད་ལ་སྤྱིར་བཏང་དུ་དུག་སྲིན་འགོག་སྨན་གྱིས་གསོ་བཅོས་བྱེད་མི་དགོས་ལ། གལ་ཏེ་མྱུར་གཤིས་ནད་ཕོག་ན་སྔོན་འགོག་རང་བཞིན་གྱི་དུག་སྲིན་འགོག་སྨན་བཀོལ་ཆོག
དེ་མིན་ཀྲུང་ལུགས་གསོ་རིག་ལའང་དལ་གཤིས་མཁྲིས་པའི་གཉན་ཚད་གསོ་བཅོས་བྱེད་ཐབས་མི་ཉུང་བ་ཞིག་ཡོད། ཀྲུང་ལུགས་གསོ་རིག་གི་ངོས་ནས་བལྟས་ན། དལ་གཤིས་མཁྲིས་པའི་གཉན་ཚད་ལ་རིགས་དབྱེ་ན་མང་པོ་ཡོད་པས། སྨན་པས་ནད་པའི་གནས་ཚུལ་ལ་གཞིགས་ནས་ནད་རྟགས་དབྱེ་འབྱེད་བྱས་རྗེས་སྨན་བཅོས་བྱེད་དགོས།
ཕྱི་ནད་ཚན་ཁག་གི་སྨན་བཅོས། དལ་གཤིས་མཁྲིས་པའི་གཉན་ཚད་ཀྱི་ནད་པར་སྔོན་འགོག་རང་བཞིན་གྱི་མཁྲིས་སྣོད་གཅོད་པའི་གཤགས་བཅོས་བྱེད་མི་དགོས་མོད། འོན་ཀྱང་དུས་བཅད་ལྟར་བསྐྱར་བཤེར་དང་རྗེས་འདེད་བྱས་ཏེ། ནད་རིགས་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་བྱེད་དགོས། གཤམ་གསལ་གྱི་གནས་ཚུལ་འབྱུང་སྐབས་ནད་པས་ཕྱི་ནད་ཚན་ཁག་གི་སྨན་བཅོས་བྱེད་དགོས། མཁྲིས་པའི་གཉན་ཚད་ཀྱི་ན་ཟུག་བྱུང་རྗེས་སྨན་འཐུང་ནའང་ན་ཟུག་གཅོག་མི་ཐུབ་པས། གསུས་པའི་ཚད་བརྒལ་སྒྲ་རླབས་བརྟག་དཔྱད་བྱས་རྗེས་མཁྲིས་སྣོད་མཐུག་པོར་ཆགས་ཏེ་ཧའོ་སྨི4ཡན་ལ་སླེབས་པའམ་ཡང་ན་མཁྲིས་སྣོད་ཆ་ཤས་མཐུག་པོར་ཆགས་ན་མཁྲིས་པའི་འབྲས་སྐྲན་དང་མཁྲིས་པའི་ཤ་ལུ་སོགས་ཀྱི་ནད་འབྱུང་བ་རེད། མཉམ་འཇོག་དགོས་པ་ཞིག་ནི། མཁྲིས་པའི་ཤ་ལུ་ཇི་ལྟར་ཆེ་ན་མཁྲིས་པའི་འབྲས་སྐྲན་འབྱུང་ཚད་དེ་ལྟར་མཐོ་བ་དང་། ཚངས་ཐིག་ལི་སྨི1ལས་ཆེ་བའམ་མཚུངས་པའི་མཁྲིས་པའི་ཤ་ལུ་དེ་འབྲས་སྐྲན་དུ་འགྱུར་ཚད50%ལ་སླེབས་ཡོད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注