ཁ་ལ་ཞིམ་པའི་བཏུང་བྱ་དེ། གཅིན་མངར་ནད་ཀྱི་འབྱུང་རྐྱེན་ཡིན།
མི་མང་པོ་ཞིག་གིས་གཅིན་པ་མངར་འགྱུར་གྱི་ནད་ནི་གཙོ་བོ་ཟ་མ་ཟ་མང་བ་དང་ཤ་རྒྱགས་པ། ལུས་པོར་སྦྱོང་བརྡར་མི་འདང་བ་དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་མོད། འོན་ཀྱང་། རྒྱུན་དུ་རྒྱུ་རྐྱེན་གལ་ཆེན་ཞིག་སྣང་མེད་གཏོང་གི་ཡོད་པ་དེ་ནི་མངར་ཆ་འདུས་པའི་བཏུང་བྱ་དེ་དག་རེད། ཉེ་ཆེར། ཧ་ཧྥོ་སློབ་ཆེན་གྱི་ཞིབ་འཇུག་ཞིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ང་ཚོས་བཏུང་བྱ་མངར་མོ་ཁམ་གང་བཏུངས་པ་ན་གཅིན་པ་མངར་འགྱུར་གྱི་ནད་འབྱུང་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལུས་པོ་སྦྱོང་བརྡར་བྱས་ནའང་དེའི་གནོད་འཚེ་སེལ་ཐུབ་ཀྱི་མེད་པ་རེད།
2025ལོའི་ཟླ་1པར། ཧ་ཧྥོ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས《གཅིན་པ་མངར་འགྱུར་རིག་པ》ཞེས་པའི་དུས་དེབ་ཐོག་སྤེལ་བའི་ཞིབ་འཇུག་ཞིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། མངར་ཆ་འདུས་པའི་བཏུང་བྱ་དང་མིས་བཟོས་མངར་རྫས་འདུས་པའི་བཏུང་བྱ་བཏུངས་ན་གཅིན་པ་མངར་འགྱུར་གྱི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད་ཅིང་། བཏུང་བྱའི་མངར་མོ་ཧ་ལམ་མི་བཏུངས་མཁན་དང་བསྡུར་ན། ཉིན་རེར་མངར་ཆ་འདུས་པའི་བཏུང་བྱ་ཕོར་བ་གཉིས་སམ་དེའི་ཡན་བཏུངས་ཚེ།གཅིན་པ་མངར་འགྱུར་ཕོག་པའི་ཉེན་ཁ་41%མཐོ་རུ་འགྲོ་བ་དང་། ཉིན་རེར་མིས་བཟོས་མངར་རྫས་འདུས་པའི་བཏུང་བྱ་ཕོར་བ་གཉིས་སམ་དེའི་ཡན་བཏུངས་ཚེ།གཅིན་པ་མངར་འགྱུར་གྱི་ཕོག་པའི་ཉེན་ཁ་11%འཕར་སྲིད། (བཏུང་བྱ་ཕོར་བ་གང་ལ་ཧའོ་ཧྲེང་240ཡིན།)
དེ་བས་གལ་ཆེ་བ་ཞིག་ནི། གཟའ་འཁོར་རེར་ཉུང་མཐར་ཡང་སྐར་མ་150ཡི་ཤུགས་ཚད་འབྲིང་མའི་ལུས་སྦྱོང་གི་ཚད་ལ་སླེབས་ཀྱང་། བཏུང་བྱ་མངར་མོའི་རིགས་དེ་དག་གིས་ད་དུང་གཅིན་པ་མངར་འགྱུར་ཕོག་པའི་ཉེན་ཁ་ཆེ་རུ་གཏོང་སྲིད། དེ་ལས་ལུས་པོ་སྦྱོང་བརྡར་གྱིས་ཀྱང་བཏུང་བྱ་མངར་མོས་བཟོས་པའི་གནོད་འཚེ་ཡོངས་སུ་སེལ་མི་ཐུབ་པ་གསལ་བཤད་བྱས་ཡོད།
མིའི་ལུས་ཀྱི་བདེ་ཐང་དང་ཆེས་འཚམ་པའི་བཏུང་བྱ་ནི་ཚ་གྲང་རན་པའི་ཆུ་ཁོལ་ཡིན་པ་དང་། ཆུ་ཁོལ་ལ་མིའི་ལུས་ཁམས་ཀྱི་བྱེད་ནུས་སྙོམས་སྒྲིག་བྱེད་པའི་ནུས་པ་གལ་ཆེན་ལྡན་ཞིང་། ལུས་ཁམས་དོ་མཉམ་རྒྱུན་འཁྱོངས་དང་། རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད། འཇུ་བྱེད་མ་ལག་གསོ་ཞིང་རྟུག་འགག་སེལ་བ་སོགས་ཀྱི་ནུས་པ་ལྡན་པའི་ཁར། ཆུ་ཁོལ་ནང་དུ་བསྲེས་སྦྱོར་གྱི་རྫས་གང་ཡང་འདུས་མེད་སྟབས། དེས་ལུས་ཕུང་ལ་དཀའ་ངལ་ཐོད་པ་མི་བཟོས་པ་དང་དེ་ནི་ཆེས་བདེ་འཇགས་ཀྱི་བཏུང་བྱ་ཡིན་པ་རེད།
གཞན་ཡང་། རྒྱུན་དུ་ཇ་བཏུངས་ནའང་ལུས་ཕུང་ལ་ཕན་པ་མང་པོ་ཡོད་དེ། ཞིབ་འཇུག་མང་པོ་ཞིག་ལ་མངོན་པར། རྒྱུན་དུ་ཇ་བཏུངས་ན་འབྲས་སྐྲན་དང་། གཟའ་གྲིབ་ནད།ཁྲག་ཤེད་མཐོ་བའི་ནད། སྙིང་ཁམས་ཁྲག་རྩའི་ནད། གླེན་ནད། འཆི་བ་སོགས་ཀྱི་ཉེན་ཁ་ཆུང་དུ་གཏོང་ཐུབ་པས། ཉིན་རྒྱུན་ཇ་འོས་འཚམ་ཞིག་བཏུངས་ན་བདེ་ཐང་ལ་ཕན་ཆ་ཆེ། འོན་ཀྱང་རྟག་པར་ཇ་གར་པོ་མང་པོ་བཏུངས་ན་ཡང་འགྲིག་གི་མེད་པ་རེད
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注