ཁྲག་རྩ་འགག་པའི་ནད་རྟགས་མངོན་ཚུལ།

མིའི་ལུས་པོའི་ཁྲག་རྩ་མི་བཟང་པ་དེ་ངོ་གདོང་དང་རྐང་པའི་སྟེང་ནས་མངོན་ཐུབ་པས། གཤམ་གྱི་ནད་རྟགས་དྲུག་པོ་འདི་དག་ཡོད་མཁན་གྱིས་ངེས་པར་དུ་ཡིད་གཟབ་གནང་དགོས།

གཅིག ངོ་གདོང་ལ་ནད་རྟགས་འདི་གསུམ་ཐོན་ན་ཁྲག་རྩ་འགག་པའི་རྟགས་རེད།

1.རྣ་གཤོག་ལ་ལྟེབ་གཉེར་ཆགས་པ།

ནད་ཐོག་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྣ་གཤོག་ཐོག་ལྟེབ་གཉེར་ཡོད་ན། པྲོག་རྩའི་སྙིང་ནད་དང་འབྲེལ་བ་ངེས་ཅན་ཡོད་པ་དང་།  ལྟེབ་གཉེར་ཇི་ཙམ་མཐུག་ན་པྲོག་རྩའི་སྙིང་ནད་ཕོག་ཚད་དེ་ལྟར་མཐོ་བ་རེད། སྐབས་རེར་རྣ་གཤོག་སྟེང་ལྟེབ་གཉེར་ཆགས་པའ་སྣང་ཚུལ་དེར་པྲོག་རྩའི་ཤུར་ཁ་ཟེར་ཞིང་། དེ་ནི་ཁྲག་རྩ་འགག་པའི་བརྡ་རྟགས་ཤིག་རེད། གལ་སྲིད་ཁྲག་ནང་དུ་ཚིལ་རྫས་ཀྱི་གད་སྙིགས་ཇེ་མང་དུ་ཕྱིན་ན་ཁྲག་གི་བརྗེ་ཚབ་མྱུར་ཚད་ཇེ་དལ་དུ་འགྲོ་བ་དང་། སྐབས་དེར་རྣ་གཤོག་སྟེང་དུ་ལྟེབ་གཉེར་འབྱུང་སྲིད། འོན་ཀྱང་རྣ་གཤོག་སྟེང་དུ་ལྟེབ་གཉེར་ཆགས་པ་ཡོད་ཚད་ལ་པྲོག་རྩའི་སྙིང་ནད་ཕོག་པའི་ངེས་པ་མེད་པས། དུས་རྒྱུན་དུ་ལྟ་ཞིབ་ནན་ཏན་བྱེད་དགོས།

2.མཆུ་མདོག་སྨུག་པོ་ཆགས་པ།

གལ་སྲིད་ཁྲག་རྩ་འགག་ཚེ། དེ་དང་བསྟུན་ནས་ལུས་པོའི་ཁྲག་གི་རྒྱུག་ཚད་ཇེ་དམའ་རུ་འགྲོ་སྲིད་པ་དང་། ཁྲག་རྒྱུན་གྱི་གར་ཚད་ཀྱང་ཇེ་མཐོར་འགྲོ་སྲིད། སྐབས་དེར་མཆུ་སྒྲོས་ལ་ཁྲག་འདང་ངེས་མཁོ་འདོན་མ་ཐུབ་པའི་དབང་གིས་མཆུ་མདོག་སྔོ་སྨུག་ཆགས་སྲིད་པ་ཡིན།

3.གཉིད་སྐབས་མཆུ་ཟུར་ནས་ཁ་ཆུ་བཞུར་བ།

གལ་ཏེ་གཉིད་ཁུག་པའི་སྐབས་སུ་གཞོགས་གཅིག་གི་མཆུ་ཟུར་ནས་ཁ་ཆུ་བཞུར་བའི་སྣང་ཚུལ་བྱུང་ན་དོགས་ཟོན་བྱེད་དགོས། དེ་ནི་སྤྱིར་བཏང་ཀླད་པའི་ཁྲག་རྩ་འགག་རྗེས་དབང་རྩའི་དཀྱིལ་གཞུང་གི་རྒྱུན་ལྡན་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་པའི་མཇུག་འབྲས་རེད།

གཉིས། རྐང་པའི་སྟེང་དུ་ནད་རྟགས་འདི་གསུམ་ཐོན་ན་ཁྲག་རྩ་འགག་པའི་རྟགས་རེད།

1.རྐང་པ་སྐྲངས་ནས་ན་བ།

གལ་ཏེ་རྐང་པའི་སྡོད་རྩ་འགག་ནས་ཁྲག་དབལ་བྱུང་ན། རྐང་པར་སྐྲངས་སྦོས་ཐེབས་ཤིང་། ཚབས་ཆེ་བའི་སྐབས་སུ་ད་དུང་ན་ཟུག་སྐྱེས་སྲིད།

2.རྐང་པར་ཆུ་སྐྲངས་ཐོན་པ།

གལ་ཏེ་རྐང་པའི་སྡོད་རྩའི་ཁྲག་གི་འཁོར་རྒྱུག་ཡག་པོ་མེད་ཅིང་དེ་འགག་ན། ཁྲག་དབལ་བྱུང་ཞིང་པགས་འོག་ཏུ་ཆུ་གསོག་སླ་བ་དང་། ལག་མཛུབ་ཀྱིས་རྐང་པ་མནན་ན་རྗེས་ཤུལ་ཐོན་སྲིད།

3.རྐང་པའི་ཤ་མདོག་ཐལ་སྐྱ་དང་གྲང་མོ་ཆགས་པ།

འཕར་རྩའི་ཁྲག་རྩ་འགག་རྗེས་ཁྲག་འཁོར་རྒྱུག་ཡག་པོ་བྱེད་མི་ཐུབ་པས། སྐབས་དེར་སྐྱི་པགས་ཀྱི་མདོག་དམར་པོ་དང་སྔོ་སྨུག སྔོན་པོ་བཅས་ལ་འགྱུར་བ་དང་ཆབས་ཅིག་ན་ཟུག་ལངས་པ་དང་ཤ་མདོག་ཐལ་སྐྱར་འགྱུར་བ་སོགས་ཀྱི་ནད་རྟགས་ཀྱང་ཐོན་སྲིད།

གསུམ། གནས་མི་འདྲ་བའི་ཁྲག་རྩ་འགག་པའི་ནད་རྟགས་ཀྱང་མི་འདྲ།

1.གློ་བ།

གལ་སྲིད་ཁྲག་རྩའི་ནང་དུ་ཁྲག་དབལ་ཡོད་ན། གློ་བའི་འཕར་རྩ་དང་ཡན་ལག་གཞན་འགག་ནས་གློ་བ་རེངས་འགག་འབྱུང་སྲིད། དེ་ལ་ཐོག་མའི་དུས་སུ། དབུགས་འབྱིན་རྔུབ་དཀའ་བ་དང་། གློ་ལུ་བ། བྲང་ཁ་ན་བ་བཅས་ཀྱི་ནད་རྟགས་འབྱུང་སྲིད། གལ་ཏེ་དུས་ཐོག་ཏུ་ཤེས་རྟོགས་དང་སྨན་བཅོས་མ་བྱས་ན། ནད་གཞི་ཇེ་སྡུག་ཏུ་འགྲོ་བ་དང་བསྟུན་ནས་སྲོག་ལ་ཉེན་ཁ་བཟོ་སྲིད།

2.ཀླད་པ།

ཁྲག་འགག་ནས་ཀླད་པའི་འཕར་རྩ་ནས་ཁྲག་བཞུར་ན། ཀླད་པའི་ཕྲ་ཕུང་ལ་གསོ་རླུང་མི་འདང་བར་ཁྲག་དབལ་རང་བཞིན་གྱི་གྲིབ་ནད་འབྱུང་སྲིད།

3.སྙིང་།

རྒྱུན་དུ་སྙིང་གི་ཁྲག་དབལ་འཕར་རྩའི་ནང་དུ་བྱུང་སྟེ། སྙིང་གཟེར་དང་སྙིང་ཤ་རེངས་ཤི་སོགས་ཀྱི་ནད་རྟགས་འབྱུང་སླ་བ་ཡིན། སྙིང་གི་ཁྲག་དབལ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་འཕར་རྩ་སྲ་འགྱུར་ཤུགས་ཆེར་སོང་བའི་རྐྱེན་གྱིས་ཡིན་ཞིང་། ཁྲག་རྩ་གུ་དོག་པོར་གྱུར་ནས་ལྡེམ་ཤུགས་མེད་ན། ཁྲག་དབལ་འབྱུང་སླ་བ་ཡིན་ནོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号