གཅིག མཆིན་ཚད་ཁ་པ།
མཆིན་པའི་འགོས་ནད་མཆིན་ཚད་ཁ་པ་ལས་སྤྱི་ཚོགས་འཚོ་བ་རུ་མིའི་རིགས་ཀྱི་བདེ་ཐང་དང་ཚེ་སྲོག་ལ་ཚད་མི་འདྲ་བའི་གནོད་པ་རབ་དང་རིམ་པ་ཐེབས་དང་ཐེབས་ཀྱིན་ཡོད། མཆིན་ཚད་ཁ་པ་ཕོག་པའི་རྒྱུ་ནི་མཆིན་ཚད་ཁ་པའི་ནད་དུག(HBV)ཡིན་པ་རེད། མཆིན་ཚད་ཁ་པའི་ནད་དུག་ལ་གསོན་ཤུགས་ནུས་པ་ཧ་ཅང་ཆེ་སྟེ། མིའི་ལུས་དང་བྲལ་ཡང་ཕྱི་རོལ་ཁོར་ཡུག་ཏུ་དུས་ངེས་ཅན་ཞིག་ལ་གནས་ཐུབ། དྲོད་ཚད་གོར་ཐིག་མན་གྱི་ཏུའུ20རུ་ལོ་བཅུ་ལྷག་ལ་གནས་ཐུབ། དྲོད་ཚད་ཏུའུ20-32རུ་ཆེས་ཉུང་མཐའ་ཡང་ཟླ་དྲུག་ལ་གསོན་ཐུབ། དྲོད་ཚད་ཏུའུ37ཙམ་དུ་ཉིན་བདུན་ལ་གསོན་ཐུབ། དྲོད་ཚད་ཏུའུ56འོག་ཏུ་ཆུ་ཚོད་དྲུག་ལ་གནས་ཐུབ། མཆིན་ཚད་ཁ་པའི་ནད་པ་དང་། ནད་རྟགས་མེད་པའི་མཆིན་ཚད་ཁ་པའི་ནད་དུག་ཅན་གཉིས་ནི་མཆིན་ཚད་ཁ་པའི་ནད་འགོས་མཆེད་ཀྱི་ཁུངས་ཡིན། རང་རྒྱལ་གྱིས་ལོ་རེར་གསར་བྱུང་གི་མཆིན་ཚད་ཁ་པའི་ནད་པ་ཁྲི་ལྔ་བཅུའི་སྙན་ཞུ་འབུལ་གྱིན་ཡོད་པ་དང་། དེས་རྒྱལ་ཡོངས་ཀྱི་འགོས་རིམས་ཀ་པ་དང་ཁ་པའི་ནད་བྱུང་ཚད་སྤྱིའི་བཞི་ཆའི་གཅིག་ཟིན་པ་རེད།
གཉིས། མཆིན་ཚད་ཁ་པའི་འགོ་ལམ།
1.མ་བུ་བརྒྱུད་དེ་འགོ་བ།
མཆིན་ཚད་ཁ་པ་ལ་མ་བུའི་འགོས་ཁྱབ་དང་ཕ་བུའི་འགོས་ཁྱབ་བཅས་རྣམ་པ་གཉིས་ཡོད། སྦྲུམ་མའི་ལུས་ཀྱི་མཆིན་ཚད་ཁ་པའི་ནད་དུག་དེ་མངལ་ཆགས་སྐྱེ་བཙའ་དང་མའི་ནུ་ཞོ་བསྟེན་པ་བརྒྱུད་དེ་བྱིས་པ་དམར་འབྱར་ལ་འགོས་པར་མ་བུའི་འགོས་ཁྱབ་ཟེར། བྱིས་པ་དམར་འབྱར་མང་ཆེ་ཤོས་ལ་མའི་མངལ་ལས་བཙའ་དུས་མཆིན་ཚད་ཁ་པའི་ནད་དུག་འགོས་པ་ཡིན་ཏེ། དེ་ཡང་དེའི་དུས་སུ་མའི་མངལ་ཁྲག་གམ་འགོ་ཆུ་དང་། གསང་ལམ་ཟགས་ཐོན་རྫས་སོགས་ཁོང་དུ་སོང་བའམ། ཡང་ན་བྱིས་པ་དམར་འབྱར་གྱི་འཇམ་རློན་གྱི་པགས་སྐྱིར་རྨ་བཏོད་པ་ལ་རུ་མའི་མངལ་ཁྲག་སོགས་སིམ་སྟེ་འགོས་པ་ཡིན་ཞིང་། དེ་ལ་བཙའ་བའི་དུས་ཀྱི་འགོས་ཁྱབ་ཟེར། གཞན་ཡང་མའི་མཆིན་ཚད་ཁ་པའི་ན་ཚ་དེ་མའི་ཟུངས་ཁྲག་བུ་རོགས་སུ་རྒྱུ་བ་ལས་མངལ་གནས་སྦྲུམ་བུ་ལ་འགོས་པའམ། ཡང་ན་སྐྱེ་འཕེལ་ཕྲ་ཕུང་ལས་སྦྲུམ་བུ་ལ་འགོ། འདི་ལ་མངལ་ནང་འགོས་ཁྱབ་ཟེར། གལ་ཏེ་མ་ཡིས་ནུ་ཞོ་སྣུན་པ་ལས་འགོས་པ་ཡིན་ན། དེ་ལ་བཙས་རྗེས་འགོས་ཁྱབ་ཟེར།
2.ཟུངས་ཁྲག་བརྒྱུད་དེ་འགོ་བ།
ནད་པ་ཟུངས་ཟད་སོགས་ལ་མཆིན་ཚད་ཁ་པའི་ནད་དུག་ཅན་གྱི་ཁྲག་ཧའོ་ཧྲེང0.00004བརྒྱབ་པ་ཙམ་གྱིས་ཀྱང་མཆིན་ཚད་ཁ་པའི་ནད་དུག་འགོ་བ་རེད། དེ་བཞིན་དུ་སྨན་ཁབ་དང་ཁབ་མགོ། དངུལ་ཁབ་བམ་སྐམ་ཁབ། སྐྲ་གྲི། ཁ་སྤུ་བཞར་ཆས་སོགས་ལ་མཆིན་ཚད་ཁ་པའི་ནད་པའི་ནད་ཁྲག་འགོས་པ་ལ་ཚད་ལྡན་གྱི་དུག་སེལ་མ་བྱས་པར། ཐ་མལ་ནད་མེད་ཀྱི་མིའི་ལུས་ལ་གཙགས་པའམ་སྤྱད་པས་ཀྱང་མཆིན་ཚད་ཁ་པའི་ན་ཚ་འགོ་བར་བྱེད། ད་དུང་དེང་གི་སྐབས་སུ་ལུས་ལ་རི་མོ་བརྐོ་བ་དང་རྣ་བ་འདྲུ་པ། རྣ་ཕུག་པ། སོ་ལ་ཁུང་བུ་བརྟོལ་བ། སོ་བཏོགས་པ། རྫི་མ་གཤགས་འབྲི། མིག་ལ་ཆ་ག་བཟོ་བ་བཅས་ཀྱི་ངོ་གདོང་མཛེས་བཟོའི་གོ་རིམ་ལས་ཀྱང་། དུག་སེལ་མེད་པའི་བཤག་གྲི་སོགས་བརྒྱུད་དེ། ད་གཟོད་མཆིན་ཚད་ཁ་པ་ཅན་གྱི་མཛེས་བཟོ་བྱེད་པོ་སྔ་མ་ཡི་ན་ཚ་དེ། ཐ་མལ་རྒྱུན་ལྡན་གྱི་མཛེས་བཟོ་མཁན་ཕྱི་མ་དེ་ལ་འགོ་བ་རེད།
3.ཕོ་མོའི་ལུས་འབྲེལ་བརྒྱུད་དེ་འགོ་བ།
མཆིན་ཚད་ཁ་པ་ནི་ཕོ་མོའི་ལུས་འབྲེལ་བརྒྱུད་དེ་འགོ་བ་ཡིན་ཞིང་། དེ་ཡང་མཆིན་ཚད་ཁ་པ་ཅན་གྱི་ནད་པའི་ཟླ་མཚན་དང་། ཟུངས་ཁྲག གསང་ལམ་ཟགས་ཐོན་རྫས། སྐྱེས་པའི་ཁུ་བ་བཅས་སུ་མཆིན་ཚད་ཁ་པའི་ནད་དུག་མཆིས་ཤིང་། དེ་དག་ལས་ཕོ་མོ་ཕན་ཚུན་ལ་འགོ་བར་བྱེད་དེ། དཔེར་ན། མཆིན་ཚད་ཁ་པ་ལྡན་པའི་ཕོ་མོ་གང་རུང་དེ་གའི་ཟླ་མཚན་ནམ་ཁུ་བ་སོགས། ཐ་མལ་བདེ་ཐང་གི་ཕོ་མོ་གང་དེའི་གསང་ལམ་མམ། མཚན་མའི་གནས་གང་རུང་གི་སྐྱི་པགས་རལ་ཏེ་རྨ་ཁར་སིམ་པ་ཡིན་ན། དེ་མ་ཐག་དེ་ལ་འགོ་བ་ལྟ་བུའོ། །
གསུམ། སྔོན་འགོག
1.ཐོག་མར་སྐྱེས་ཕོ་མོ་སུ་ཡིན་ཡང་ཞོགས་པ་ལྟོ་སྟོང་ལ་སྨན་ཁང་དུ་སོང་སྟེ་ཁྲག་བཤེར་བརྒྱུད་མཆིན་ཚད་ཁ་པ་མཆིས་མིན་བརྟག་པ་དང་། གལ་ཏེ་མཆིན་ཚད་ཁ་པ་ལྡན་ན་འབྲེལ་ཡོད་ཀྱི་སྨན་བསྟེན་རྒྱུ་དང་། ཐ་མལ་ནད་མེད་ཡིན་ན་མཆིན་ཚད་ཁ་པ་སྔོན་འགོག་བྱེད་པའི་འགོག་སྨན་དུས་ལྟར་རྒྱག་དགོས། སྔོན་འགོག་སྨན་དུས་བཅད་ལྟར་ཐེངས་གསུམ་ལ་རྒྱག་དགོས་ཀྱང་། ད་ལྟ་ཐེངས་གཅིག་བརྒྱབ་ན་ཆོག་པ་ཞིག་ཀྱང་འདུག་པས། དེ་ནི་ཧ་ཅང་སྟབས་བདེ།
2.སྐྱེས་མ་ཐག་པའི་བྱིས་པ་ལ་ཡང་འགོར་འགྱངས་མེད་པར་སྨན་པའི་མངག་བྱ་ཇི་བཞིན་མཆིན་ཚད་ཁ་པའི་འགོག་སྨན་རྒྱག་དགོས།
3.གཉེན་སྒྲིག་ཟིན་པའི་ཁྱོ་ཤུག་གཉིས་ཀྱི་གང་རུང་ཞིག་ལ་མཆིན་ཚད་ཁ་པ་མཆིས་ཚེ། གཅིག་ན་ནད་མེད་བདེ་ཐང་ཅན་དེས་མཆིན་ཚད་ཁ་པའི་འགོག་སྨན་རྒྱག་རྒྱུ་དང་། གཉིས་སུ་ཉལ་པོ་སྤྱོད་དུས་ཀྱང་སྦྲུམ་འགོག་འགྱིག་ཤུབས་དང་བུ་སྣོད་ཞྭ་མོ(子宫帽)སོགས་སྤྱོད་པའི་ཐབས་ཤེས་ལ་བརྟེན་ཏེ་མཆིན་ཚད་ཁ་པར་དོགས་ཟོན་བྱེད་པ་དང་། ནད་དུག་ལྡན་པ་དེས་འབྲེལ་ཡོད་ཀྱི་སྨན་བསྟེན་དགོས།
4.གལ་ཏེ་སྦྲུམ་མ་ལ་མཆིན་ཚད་ཁ་པ་མཆིས་ཀྱང་། བྱིས་པ་དམར་འབྱར་བཙས་མ་ཐག་གི་ཁྲག་བཤེར་ལས་མཆིན་ཚད་ཁ་པའི་ནད་དུག་མི་ལྡན་ན། མའི་ནུ་ཞོ་མི་སྣུན་པར་བྱིས་པ་ཁ་གསོ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། དེ་ལྟར་བྱས་ཚེ་བྱིས་པ་དམར་འབྱར་ལ་མའི་ནུ་ཞོ་བརྒྱུད་དེ་བཙས་རྗེས་ཀྱི་མཆིན་ཚད་ཁ་པ་འགོ་མི་ཐུབ་པ་ཡིན། འོ་ན་མ་ལ་མཆིན་ཚད་ཁ་པ་ཕོག་ཡོད་ཀྱང་མངལ་གནས་སྦྲུམ་བུ་ལ་ཅིའི་ཕྱིར་མ་འགོས་པ་ཡིན་ནམ་ཞེ་ན། དེ་ནི་བུ་རོགས་ཀྱི་ནད་འགོག་གི་ནུས་པ་ཡིན་པ་གོར་མ་ཆག་སྟེ། ཤེལ་གོང་ཤེལ་ཕྲེང་ལས། མི་ཡི་ཕྲུ་མས་དྭངས་མའི་དུག་རྣམས་ཞི། ། (1)ཞེས་གསུངས་པ་ལས་མ་འདས་སོ། །
བཞི། རེ་བ།
མཆིན་ཚད་ཁ་པ་འདིས་མིའི་རིགས་ཀྱི་བདེ་ཐང་ལ་གནོད་པ་ཚབས་ཆེན་སྐྱེལ་བ་དང་། ལོ་ན་ཆུང་ཆུང་གི་སློབ་མ་སློབ་གྲྭར་ཞུགས་པ་དང་། ན་གཞོན་ལས་ཞུགས་བྱེད་པ། རྒན་དར་ལ་མཆིན་ཚད་ཁ་པ་བྱུང་སྟེ་ཡུན་ལོན་པ་ལས། མཆིན་ཁམས་ལ་ཉེར་འཚེ་ཐེབས་ཏེ་མཐར་མཆིན་པ་སྲ་འགྱུར་དུ་སོང་ནས། མི་འདོད་བཞིན་དུ་རྔ་ལམ་དུ་བརྫངས་པའང་ཉུང་ཉུང་མིན་པས། ང་ཚོས་ཆུ་མ་ཡོང་གོང་གི་རགས་ཀྱི་དཔེ་ལྟར། ནམ་རྒྱུན་གྱི་འཚོ་བ་རུ་མཆིན་ཚད་ཁ་པའི་སྔོན་འགོག་ལ་མཐོང་ཆེན་བྱ་རྒྱུ་ནི་ཀུན་ལས་ཀྱང་གལ་ཆེའོ། །
དཔྱད་གཞིའི་ཡིག་ཆ།
(1)ཤེལ་གོང་ཤེལ་ཕྲེང་། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས2001ལོའི་ཟླ5པར་པེ་ཅིན་དུ་པར་ཐེངས1པོ་དཔར། P423
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注