རུས་སོབ་རང་བཞིན་གྱི་རུས་ཆག་སྔོན་འགོག་གི་ཤེས་བྱ།
རུས་སོབ་ནད་ནི་ན་ཚོད་གང་གི་མི་ལའང་འབྱུང་སྲིད་མོད། འོན་ཀྱང་མང་ཤོས་ནི་ཟླ་མཚན་ཆད་རྗེས་ཀྱི་བུད་མེད་དང་སྐྱེས་པ་རྒན་པར་འབྱུང་བ་རེད། རུས་སོབ་ནད་ཤིན་ཏུ་ལྕི་བའི་མཚོན་རྟགས་ནི་རུས་སོབ་རང་བཞིན་གྱི་རུས་ཆག(སོབ་གཤིས་རུས་ཆག་ཀྱང་ཟེར)ཡིན་ལ། ཕྱི་རྨས་ཅུང་ཙམ་ཐེབས་ནའང་རུས་ཆག་འབྱུང་བ་ཡིན། རྒན་པ་རྣམས་ལ་མཚོན་ན། རུས་སོབ་རང་བཞིན་གྱི་རུས་ཆག་སྔོན་འགོག་ཤེས་བྱར་རྒྱུས་ལོན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །
རྒྱུན་མཐོང་གི་རུས་ཆག་འབྱུང་སླ་ས།
དཔྱི་མགོའི་རུས་ཆག དཔྱི་མགོའི་རུས་ཆག་ནི་ཚབས་ཆེ་བའི་རུས་སོབ་རང་བཞིན་གྱི་རུས་ཆག་ཡིན་ལ། དེར་རྐང་རུས་དང་སྐེ་རུས་ཆག་པ་དང་། རྐང་རུས་འཁོར་ལོའི་བར་གྱི་རུས་ཆག རྐང་རུས་འཁོར་ལོ་འོག་གི་རུས་ཆག་སོགས་འདུ། རྒན་པར་དཔྱི་མགོའི་རུས་ཆག་བྱུང་བའི་རྒྱུན་མཐོང་གི་རྒྱུ་རྐྱེན་ནི་ཐང་ལ་འགྱེལ་བ་དེ་རེད། དཔྱི་མགོའི་རུས་ཆག་བྱུང་རྗེས། ནད་པར་རྐང་ལག་ཡ་མ་གཟུགས་དང་རྐང་ལག་ཇེ་ཐུང་དུ་འགྲོ་བ། ན་ཟུག་ལངས་པ། བྱེད་ནུས་ལ་གནོད་པ་ཐེབས་པ་སོགས་འབྱུང་སྲིད། འགྲོ་ཐུབ་པ་ལ་རུས་ཆག་བྱུང་མེད་པར་གཏན་ནས་འདོད་མི་རུང་། དོན་དངོས་སུ། གནས་སྤར་མེད་པའི་ཐིག་དབྱིབས་རུས་ཆག་དང་ཕྲ་འཛེར་རུས་ཆག་བྱུང་རྗེས་ནད་པ་སྔར་བཞིན་གོམ་པ་སྤོས་ནས་འགྲོ་ཐུབ། འོན་ཀྱང་སྐབས་དེར་མུ་མཐུད་དུ་འགུལ་སྐྱོད་བྱས་ན་རུས་ཆག་གནས་སྤོར་དང་ནད་གཞི་ཇེ་སྡུག་ཏུ་སོང་ནས་སྨན་བཅོས་བྱེད་ཇེ་དཀའ་རུ་བཏང་བ་རེད།
སྒལ་ཚིགས་བཙིར་གནོན་རང་བཞིན་གྱི་རུས་ཆག སྒལ་ཚིགས་བཙིར་གནོན་རང་བཞིན་གྱི་རུས་ཆག་ནི་ཆེས་རྒྱུན་མཐོང་གི་རུས་སོབ་རང་བཞིན་གྱི་རུས་ཆག་ཅིག་རེད། རྒན་པ་རྣམས་ཀྱི་སྒལ་ཚིགས་རུས་པ་སོབ་པའི་རྐྱེན་གྱིས་ཐང་ལ་འགྱེལ་བ་དང་སྦྲིད་པ། དངོས་པོ་ལྕི་མོ་འདེགས་པ་སོགས་ཕྱི་ཤུགས་ཀྱི་ནུས་པ་ཅུང་ཙམ་ཐེབས་སྐབས། སྒལ་ཚིགས་ལ་བཙིར་གནོན་རང་བཞིན་གྱི་རུས་ཆག་འབྱུང་སླ། དེ་ལས་གཞན། མཐོ་ས་ནས་མར་ལྷུང་སྟེ་རྨས་པའམ་འགྱེལ་རྨས་ལྕི་མོ་བྱུང་བ་སོགས་ཀྱི་སྐབས་སུའང་སྒལ་ཚིགས་ལ་བཙིར་གནོན་རང་བཞིན་གྱི་རུས་ཆག་འབྱུང་སླ་བ་རེད། རུས་ཆག་བྱུང་རྗེས་ནད་པར་སྐེད་རྒྱབ་ཏུ་ན་ཟུག་ལངས་པ་དང་། ཉལ་རྗེས་ན་ཟུག་རིམ་བཞིན་མེད་པའམ་ཇེ་ཆུང་དུ་འགྲོ་བ་རེད། རུས་ཆག་ཚབས་ཆེན་སྐབས་སུ་ནད་པའི་རྐང་ལག་གི་ཤེད་ཤུགས་ཉམས་པ་སོགས་དབང་རྩའི་བྱེད་ནུས་ཉམས་པའི་ནད་རྟགས་མངོན་སྲིད།
ལག་པའི་རུས་ཆག ཐང་ལ་འགྱེལ་སྐབས་གལ་ཏེ་ལག་པ་སར་བརྒྱབ་ཚེ། ལག་ངར་ལ་ཕྱི་ཤུགས་ཆེན་པོ་ཐེབས་ནས། ལག་པའི་རུས་ཆག་འབྱུང་སླ། རུས་ཆག་བྱུང་རྗེས་མཁྲིག་ཚིགས་ལ་ན་ཟུག་ལངས་པའམ་སྐྲང་སྦོས་བྱུང་བ། ཡ་མ་གཟུགས། ལག་པའི་མཁྲིག་མའི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་པ་སོགས་འབྱུང་སྲིད།
དཔུང་བའི་རུས་ཆག ཐང་ལ་འགྱེལ་བ་དང་གདོང་ཐུག་རྒྱག་པ། འགྲིམ་འགྲུལ་དོན་རྐྱེན་སོགས་ཀྱིས་དཔུང་བའི་རུས་ཆག་འབྱུང་སླ། དཔེར་ན། ཐང་ལ་འགྱེལ་སྐབས་ལག་མཐིལ་དང་གྲུ་མོ་སྔོན་ལ་སར་བརྒྱབ་ཚེ། དཔུང་བའི་རུས་ཆག་འབྱུང་བ་དང་། དྲག་ཤུགས་ཀྱིས་ཕྲག་པར་རྡུང་རྡེག་གམ་ཐང་ལ་འགྱེལ་སྐབས་ཕྲག་པ་སར་བརྒྱབ་ཚེ། ཚིགས་ཆེན་རུས་གས་འབྱུང་བ་རེད། དཔུང་བའི་རུས་ཆག་བྱུང་རྗེས། ནད་པར་ཕྲག་པར་ན་ཟུག་ལངས་པ་དང་སྐྲང་སྦོས། འགུལ་སྐྱོད་བྱེད་ནུས་ལ་གནོད་འཚེ་ཐེབས་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད།
གོམས་གཤིས་བཟང་པོ་ཆགས་ན་རུས་པའི་བདེ་ཐང་ལ་ཕན།
རུས་རྒྱུ་ཤོར་བ་ནི་དུས་ཡུན་རིང་ལ་རྒྱུན་མཐུད་ཀྱི་གོ་རིམ་ཞིག་ཡིན། རྒན་པ་རྣམས་ཀྱིས་འཚོ་བའི་གོམས་གཤིས་བཟང་པོ་ཆགས་པར་བྱས་ནས་རུས་སོབ་རང་བཞིན་གྱི་ནད་རྟགས་འབྱུང་བ་སྔོན་འགོག་བྱེད་དགོས།
ལུགས་མཐུན་གྱི་བཟའ་བཏུང་། རྒན་པ་རྣམས་ཀྱིས་ཉིན་རྒྱུན་ཉ་དང་ཤ། སྒོ་ང་། འོ་མ། སྔོ་ཚོད། སིལ་ཏོག་བཅས་འདང་ངེས་ཤིག་བཟའ་དགོས་ལ། ཟ་མ་གཡོས་སྦྱོར་བྱེད་སྐབས་སྣུམ་དང་ཚྭ་ཉུང་ངུ་བསྟེན་དགོས།
ཚད་མཐུན་དང་ཆོས་ཉིད་ལྡན་པའི་འགུལ་སྐྱོད། རྐང་ཐང་དུ་འགྲོ་བའམ་མྱུར་མོར་འགྲོ་བ། དལ་མོར་རྒྱུག་པ། ཐའེ་ཅི་དྲག་རྩལ་སྦྱོང་བ་སོགས་ཀྱིས་རྒན་པ་རྣམས་ལ་རྐང་ལག་གི་མཐུན་སྦྱོར་རང་བཞིན་དང་སྟབས་བསྟུན་རང་བཞིན་ཇེ་མཐོར་གཏོང་བར་རོགས་རམ་བྱེད་ཐུབ། རྒན་པ་རྣམས་ཀྱིས་རང་ཉིད་ཀྱི་གནས་ཚུལ་དང་དགའ་ཕྱོགས་ལྟར། རང་ཉིད་ལ་འཚམ་པའི་འགུལ་སྐྱོད་བདམས་ནས་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱས་ཏེ། ཐང་ལ་འགྱེལ་བ་ལས་བྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།
ཉི་མར་ལྡེ་བ། ཉི་མར་ལྡེ་ཚད་མང་ན་ལུས་སྟེང་གི་འཚོ་རྒྱུDཡི་འདུས་ཚད་ཇེ་མང་དུ་བཏང་ནས་ཀལ་གྱི་བསྡུ་ལེན་ལ་རམ་འདེགས་བྱེད་ཐུབ། འཚོ་བའི་ཁྲོད་དུ། ཕྱི་རོལ་གྱི་བྱ་འགུལ་ཁྲོད་མང་པོ་ཞུགས་ཏེ་ཉི་འོད་ཕོག་ཚད་ཇེ་མང་དུ་གཏོང་དགོས།
དུ་ཆང་གཅོད་པ། དུ་བ་འཐེན་ན་རྒྱུ་ཀལ་གྱི་བསྡུ་ལེན་ཇེ་ཉུང་དུ་གཏོང་བ་དང་། དུས་ཡུན་རིང་པོར་ཆང་འཐུང་ན་རུས་དབྱིབས་ཆགས་ཚད་ཇེ་དམའ་རུ་གཏོང་བ་རེད། དུ་ཆང་གཅོད་པ་ལས་གཞན། རྒན་པ་རྣམས་ཀྱིས་ད་དུང་ཁོ་ཧྥེ་དང་ཐན་སྐྱུར་བཏུང་བྱ་ཉུང་འཐུང་བྱས་ཏེ། རུས་པའི་ཀལ་རྫས་ཤོར་བ་སྔོན་འགོག་བྱེད་དགོས།
ངལ་གསོ་རན་པར་བསྟེན་པ་དང་སེམས་ཁམས་སྐྱིད་པོ། རྒན་པ་རྣམས་ཀྱིས་ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་ལ་དོ་སྣང་བྱེད་དགོས་ཤིང་། ཚད་ལས་བརྒལ་བའི་ངལ་དུབ་འབྱུང་དུ་འཇུག་མི་རུང་། སེམས་མི་སྐྱིད་པའི་དོན་དག་དང་འཕྲད་སྐབས། རང་ཉིད་ཀྱི་དགའ་ཕྱོགས་ལྟར་མི་གཞན་ལ་སེམས་གཏམ་བཤད་པའམ་ཕྱི་རོལ་དུ་རོལ་རྩེད་ལ་གཡེངས་ཏེ་སེམས་ཁམས་སྙོམ་སྒྲིག་བྱེད་དགོས།
དུས་བཅད་ལྟར་རུས་པའི་སྟུག་ཚད་ལ་བརྟག་བཤེར་བྱེད་པ། རྒན་པ་རྣམས་ཀྱིས་ལུས་ཕུང་བརྟག་བཤེར་བྱེད་སྐབས། རུས་པའི་སྟུག་ཚད་ལ་རང་རྟོགས་སྒོས་བརྟག་བཤེར་བྱས་ཏེ། རང་ཉིད་ཀྱི་རུས་པའི་བདེ་ཐང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས། རུས་པ་རྒྱུན་ལྡན་ཡིན་པའི་རྒན་པ་རྣམས་ཀྱིས་རྒྱུན་ལྡན་གྱི་བཟའ་བཏུང་དང་ཡང་ན་སྨན་པའི་མཛུབ་སྟོན་འོག་ཏུ་ཀལ་རྫས་ཁ་གསབ་བྱེད་དགོས། རུས་པ་རྒྱུན་ལྡན་མིན་པའི་རྒན་པ་རྣམས་ཀྱིས་དུས་མཉམ་དུ་ཀལ་དང་འཚོ་རྒྱུDཁ་གསབ་བྱས་ཏེ། རུས་སོབ་རང་བཞིན་གྱི་རུས་ཆག་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས། གལ་ཏེ་རུས་ཆག་བྱུང་བའམ་རུས་ཆག་གི་ཉེན་ཁ་ཅུང་ཆེན་པོ་འབྱུང་སྐབས། སྨན་ཁང་དུ་སོང་ནས་ཆེད་ལས་ཀྱི་རུས་སོབ་ནད་རྟགས་འགོག་བཅོས་བསྟེན་དགོས།
ཐང་ལ་འགྱེལ་བ་ལས་བྱུང་བའི་རུས་ཆག་སྔོན་འགོག་བྱེད་པ། ཐང་ལ་འགྱེལ་བ་སྔོན་འགོག་བྱ་རྒྱུ་ནི་རུས་སོབ་རང་བཞིན་གྱི་རུས་ཆག་སྔོན་འགོག་གི་ཆེས་ཐད་ཀར་དང་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན། ཁོར་ཡུག་ཁྲོད་ཀྱི་བདེ་འཇགས་རྐྱེན་ངན་གྱིས་རྒན་པ་རྣམས་ཐང་ལ་འགྱེལ་བའི་ཉེན་ཁ་ཇེ་ཆེར་གཏོང་བ་རེད། ལྷག་པར་དུ། མཚན་མོ་ནི་རྒན་པ་རྣམས་ཐང་ལ་འགྱེལ་ཚད་མང་བའི་དུས་སྐབས་ཤིག་ཡིན་ལ། རྒན་པ་རྣམས་མ་གཉིད་པའི་སྔོན་ལ་ཆུ་ཉུང་འཐུང་བྱེད་དགོས་ཤིང་། སྤྱོད་ཁང་དུ་འགྲོ་སྐབས་ངེས་པར་དུ་གློག་བཀར་དགོས། དེ་ལས་གཞན། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད། སྙིང་ནད་སོགས་དལ་གཤིས་རང་བཞིན་གྱི་ནད་ཡོད་པའི་རྒན་པ་རྣམས་ཀྱིས་སྨན་པའི་ངག་བཞིན་དུ་སྨན་འཐུང་དགོས་ལ། དུས་བཅད་ལྟར་སྨན་ཁང་དུ་སོང་ནས་བརྟག་བཤེར་བྱེད་དགོས་པ་དང་། ནད་གཞི་བྱུང་ནས་མགོ་ཡོམ་འཁོར་བ་སོགས་བྱུང་ནས་ཐང་ལ་འགྱེལ་བའི་ཉེན་ཁ་སྔོན་འགོག་བྱེད་དགོས་སོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注