ཉིན་གུང་གཉིད་པའི་དུས་ཡུན་ལ་དོ་སྣང་བྱ་དགོས།

ཉིན་གུང་གཉིད་པ་དེས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པ།

ཞིབ་འཇུག་ལས་ཤེས་པ་ལྟར་ན། དུས་ཡུན་རིང་པོར་ཉིན་གུང་གཉིད་པའི་མི་དང་ཉིན་གུང་གཏན་ནས་མི་གཉིད་པའི་མི་གཉིས་བསྡུར་ན། གཤམ་གྱི་ཕྱོགས་འགའ་ནས་ཁྱད་པར་ངེས་ཅན་ཡོད།

ཉིན་གུང་གཉིད་ན་ཀླད་པ་རྙིད་འཁུམ་འབྱུང་ཚད་ཇེ་དལ་དུ་གཏོང་ཐུབ། ཨ་རིའི་ཧྭ་ཧྥུའུ་སློབ་ཆེན་གྱི་ཞིབ་འཇུག་ཅིག་ལས་ཤེས་པ་ལྟར་ན། དུས་རྒྱུན་ཉིན་གུང་གཉིད་པ་དང་ཀླད་པའི་ཤོང་ཚད་བར་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པར་མ་ཟད། དུས་ཡུན་རིང་པོར་ཉིན་གུང་ཅུང་ཙམ་གཉིད་ན་ཀླད་པའི་རྙིད་འཁུམ་འབྱུང་ཚད་ཇེ་དལ་དུ་གཏོང་ཐུབ།

ཉིན་རྒྱུན་ཉིན་གུང་ཅུང་ཙམ་གཉིད་ན་ཁྲག་ཤེད་ཇེ་དམའ་རུ་གཏོང་ཐུབ། ཨ་རིའི་སྙིང་ནད་སློབ་ཚོགས་ཀྱིས་བསྒྲགས་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཁྲག་ཤེད་མཐོ་བའི་རིགས་ལ་གདོང་གཏོད་སྐབས། ཉིན་གུང་ཅུང་ཙམ་གཉིད་པ་དེ་སྨན་རྫས་ཁ་ཤས་ཀྱི་ནུས་པ་དང་གཅིག་མཚུངས་རེད།

ཉིན་གུང་གཉིད་ན་རྣམ་རིག་གསལ་བ་དང་དོགས་ཟོན་རང་བཞིན་ཆེ་རུ་གཏོང་ཐུབ། ཉི་མ་རེར་ཆ་སྙོམས་ཀྱིས་སྐར་མ26ལ་གཉིད་ན། མིའི་རྣམ་རིག་ཇེ་གསལ་དུ་འགྲོ་བ་དང་། དོགས་ཟོན་རང་བཞིན50%ཡི་ཡན་ཇེ་མཐོར་གཏོང་ཐུབ།

ཉིན་གུང་གཉིད་ན་ཀླད་སྙིང་ཁྲག་རྩའི་ནད་རིགས་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། ཞིབ་འཇུག་ལས་ཤེས་པ་ལྟར་ན། ཉིན་གུང་གཏན་ནས་མི་གཉིད་པའི་མི་དང་བསྡུར་ན། སྐབས་འགར་ཉིན་གུང་གཉིད་པའི་མིར་ཀླད་སྙིང་ཁྲག་རྩ་འགག་པ་དང་སེམས་ཤུགས་ཉམས་པའི་ཉེན་ཁ48%ཀྱིས་ཇེ་དམའ་རུ་འགྲོ་བ་རེད།

ཉིན་གུང་གཉིད་སྐབས་དུས་ཡུན་ལ་དོ་སྣང་བྱ་དགོས།

ཉིན་གུང་གཉིད་ན་བཟང་ཆ་མང་པོ་ཡོད་མོད། འོན་ཀྱང་དུས་ཡུན་ལ་དོ་སྣང་བྱ་དགོས། འོ་ན་ཉིན་གུང་དུས་ཡུན་ག་ཚོད་ལ་གཉིད་ན་ད་གཟོད་ཚན་རིག་དང་མཐུན་པ་ཡིན་ཞེ་ན།

ཉིན་གུང་གཉིད་ཡུན་རིང་ན་འཆི་བའི་ཉེན་ཁ་ཇེ་ཆེར་འགྲོ། ཡོ་རོབ་སྙིང་ནད་སློབ་ཚོགས་ཀྱིས་བསྒྲགས་པའི་ཞིབ་འཇུག་ཅིག་ལས་ཤེས་པ་ལྟར་ན། དགོང་མོར་གཉིད་འདང་ངེས་ཡིན་པའི་མི་ཉིན་གུང་དུས་ཚོད་གཅིག་ལས་མི་བརྒལ་བ་གཉིད་ན་སྙིང་གི་བདེ་ཐང་ལ་ཕན་པ་ཡོད་མོད། འོན་ཀྱང་ཉིན་གུང་གཉིད་ཡུན་དུས་ཚོད་གཅིག་ལས་བརྒལ་ན། འཆི་བའི་ཉེན་ཁ30%ཇེ་ཆེར་འགྲོ་བ་དང་། སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ35%ཡིས་ཇེ་ཆེར་འགྲོ་སྲིད།

ཉིན་གུང་གཉིད་ཡུན་ཚད་ལས་བརྒལ་ན་ཧོན་ལོག་པའི་ཉེན་ཁ་ཇེ་ཆེར་འགྲོ། ཞིབ་འཇུག་ལས་ཤེས་པ་ལྟར་ན། ཉིན་གུང་གཉིད་པ་དང་ཀླད་པ་རྒས་པའི་བར་ཕྱོགས་གཉིས་འབྲེལ་བ་ཡོད། ཉིན་མོར་གཉིད་ཡུན་ཚད་ལས་བརྒལ་ན་ཚེ་སྨད་དུ་ཧོན་ལོག་པའི་ཉེན་ཁ་ཇེ་ཆེར་འགྲོ་བ་རེད།

ཉིན་གུང་གཉིད་ཡུན་ཚད་ལས་བརྒལ་ན་ཤ་རྒྱགས་པའི་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ། ཞིབ་འཇུག་ལས་ཤེས་པ་ལྟར་ན། ཉིན་གུང་མི་གཉིད་པའི་མི་དང་བསྡུར་ན། ཉིན་གུང་གཉིད་ཡུན་སྐར་མ་སུམ་ཅུ་ལས་བརྒལ་བའི་མིའི་ལུས་པོའི་སྤུས་ཚད་དང་སྐེད་པའི་སྦོམ་ཕྲ། ཁོག་སྟོང་ཁྲག་མངར། བཙིར་གནོན། རྙིང་ཚབ་གསར་བརྗེའི་ཕྱོགས་བསྡུས་ནད་ཕོག་པའི་ཉེན་ཁ་སོགས་འབྲེལ་ཡོད་གྲངས་ཚད་སྔར་ལས་མཐོ་བ་དང་། ཉིན་གུང་གཉིད་ཡུན་སྐར་མ་སུམ་ཅུ་ལས་ཉུང་བའི་མིར་གོང་གསལ་གྱི་བདེ་ཐང་ཉེན་ཁ་མེད།

མི་ཚོགས་འདིའི་རིགས་རབ་ཡིན་ན་ཉིན་གུང་མ་གཉིད་ན་བཟང་།

གསལ་འདེབས་ཞུ་དགོས་པ་ཞིག་ལ། མི་ཚང་མ་ཉིན་གུང་གཉིད་པར་འཚམ་པ་མིན་ཏེ། གཤམ་གྱི་མི་ཚོགས་འདིའི་རིགས་ཀྱིས་ཉིན་གུང་གཉིད་པའི་དུས་ཡུན་ཇེ་ཐུང་དུ་གཏོང་དགོས་ལ། རབ་ཡིན་ན་ཉིན་གུང་མ་གཉིད་ན་བཟང་།

དུས་ཡུན་རིང་པོར་གཉིད་མི་ཁུག་མཁན། དུས་ཡུན་རིང་པོར་གཉིད་མི་ཁུག་མཁན་གལ་ཏེ་ཉིན་གུང་གཉིད་ན་མཚན་མོར་གཉིད་མི་ཁུག་པའི་གནས་ཚུལ་ཇེ་སྡུག་ཏུ་གཏོང་སྲིད། ཡུན་རིང་འགོར་ན། རིམས་འགོག་ནུས་པ་ཇེ་ཆུང་དང་ཉིན་མཚན་ལྡོག་པའི་གནས་ཚུལ་འབྱུང་སྲིད།

ཁྲག་ཤེད་དམའ་བའི་ནད་པ། ཁྲག་ཤེད་དམའ་བའི་ནད་པའི་ཁྲག་རྒྱུན་འཁོར་རྒྱུག་ཅུང་དལ་བ་དང་རྙིང་ཚབ་གསར་བརྗེ་བྱེད་ཚད་དལ་བས། ངལ་དུབ་དང་རྣམ་རིག་མི་གསལ་བ། ཤུགས་མེད་པ་སོགས་ཀྱི་གནས་ཚུལ་འབྱུང་སྲིད། ཉིན་གུང་གཉིད་པ་དེས་ཁྲག་ཤེད་དམའ་བའི་ནད་པའི་ཁྲག་ཤེད་ཆ་སྙོམས་ཀྱིས་ཧའོ་སྨི་ལྔ་ཇེ་དམའ་རུ་གཏོང་བ་རེད།

ལོ་ན་ཆེ་ཞིང་ཤ་རྒྱགས་པའི་མི། ལོ་ན་ཆེ་ཞིང་ཤ་རྒྱགས་པའི་མིར་མ་གཞི་ནས་ཀླད་སྙིང་ཁྲག་རྩའི་ནད་རིགས་འབྱུང་སླ་བ་དང་། ཉིན་གུང་གཉིད་སྐབས། སྙིང་གི་ལྡིང་ཚད་དང་ཁྲག་ཤེད་སོགས་ལ་གཡོ་འགུལ་བྱུང་ནས། གྲིབ་ནད་དང་སྙིང་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号