ལུས་ཤ་སྐམ་དུ་གཏོང་བའི་སྨན་འདི་སྲོག་བཅོམ་པའི་དུག་ཀྱང་ཡིན་སྲིད།

གལ་ཏེ་མི་ཞིག་གིས་ཁྱེད་ལ་ཟ་མར་ཚོད་འཛིན་བྱེད་མི་དགོས་ལ་ལུས་སྦྱོང་ཡང་བྱེད་མི་དགོས་པར་སྟབས་བདེ་པོའི་ངང་ནས་ལུས་ཤ་སྐམ་དུ་གཏོང་ཐུབ་ཅེས་ཟེར་ན་ཁྱེད་རང་གིས་ཡིད་ཆེས་བྱེད་དམ།  ཉེ་བའི་ལོ་ཤས་རིང་། གློག་རྡུལ་ཚོང་དོན་སྟེགས་བུ་ཁ་ཤས་སུ༼སྐད་གྲགས་ཡོད་པའི་ལུས་ཤ་སྐམ་གཏོང་སྤྱིན་ཐུམ་དམར་པོ༽ཟེར་བ་ཞིག་ཐོན་ཡོད་པ་དང་།  ཐོན་རྫས་དེ་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ཡོད།   ཚོང་པས།  ཁོག་པ་སྟོང་པར་སྨན་དེ་རིལ་བུ་གཅིག་ཟོས་ན། ལུས་པོའི་ཚིལ་ལུ་བཞུར་ཐུབ་ཅེས་ཟེར་གྱི་ཡོད། དེས་ན་དེ་ལྟ་བུའི་ལུས་ཤ་སྐམ་དུ་གཏོང་བའི་སྨན་རྫས་ལ་ཡིད་ཆེས་བྱེད་རུང་ངམ།  

ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་འཕེལ་རྒྱས་དང་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས།  རང་རྒྱལ་གྱི་ལུས་ཤ་རྒྱགས་པོ་ཆགས་པའི་མིའི་གྲངས་འབོར་དེ་རྒྱུན་མཐུད་ངང་མང་དུ་འགྲོ་བཞིན་ཡོད། <<ཀྲུང་གོའི་གྲོང་མིའི་འཚོ་བཅུད་དང་གཅོང་ནད་གནས་ཚུལ་སྙན་ཞུ(2020ལོ)>>ཡི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། རང་རྒྱལ་གྱི་གྲོང་མི་དར་མ་ཕྱེད་ཀ་ཡན་ལ་གཟུགས་པོའི་ལྗིད་ཚད་བརྒལ་བའམ་ཡང་ན་རྒྱགས་པ་ཆགས་པའི་གནས་ཚུལ་ཡོད།  དེ་དང་ཆབས་ཅིག་ཏུ། ལོ6ནས17བར་དང་ལོ6མན་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་ཚོའི་ཁྲོད་དུ་གཟུགས་པོའི་ལྗིད་ཚད་བརྒལ་བ་དང་རྒྱགས་པ་ཆགས་པའི་གནས་ཚུལ་ཡང་ཉུང་ཉུང་ཞིག་མིན་པ་དང་།  དེ་གཉིས་ཁག་སོ་སོར19%དང10.4%ཟིན་ཡོད། 

གོང་གསལ་གྱི་ཐོན་རྫས་ཞིབ་དཔྱད་ཚད་ལེན་ལས་ཁུངས་ལ་བསྐྱལ་ནས་ཞིབ་དཔྱད་བྱས་པ་ལས་མངོན་པར།   གོང་དུ་བརྗོད་པའི་ཤ་སྐམ་དུ་གཏོང་བའི་སྤྱིན་ཐུམ་ནང་བཀག་སྡོམ་བྱས་པའི་དངོས་པོ་ཤིས་པུའུ་ཆུས་མིང་ཞེས་པ་འདུས་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན། ཤིས་པུའུ་ཆུས་མིང་ནི་དབང་རྩའི་ཚོད་འགོག་སྨན་རྫས་ཤིག་ཡིན་པ་དང་། དེས་མིའི་ལུས་པོའི་རྒྱགས་ཚོར་ཆེ་རུ་གཏོང་ཐུབ་པ་དང་ཟས་ཀྱི་ཡི་ག་ཆུང་དུ་གཏོང་ཐུབ་པས་དེ་སྔ་སྐབས་ཤིག་རིང་ཤ་རྒྱགས་དྲག་པའི་ནད་བཅོས་པའི་སྨན་དུ་སྤྱོད་མྱོང་ཡོད།

ཡིན་ནའང་ཕྱིས་སུ་ནད་ཐོག་ཞིབ་འཇུག་བྱས་པ་བརྒྱུད། ཤིས་པུའུ་ཆུས་མིང་གིས་མིའི་ལུས་པོའི་འཇུ་བྱེད་མ་ལག་དང་དབང་རྩའི་མ་ལག སྙིང་ཁམས་ཁྲག་རྩའི་མ་ལག་བཅས་ཚང་མར་ཞོར་སྐྱོན་བཟོ་གི་ཡོད་པ་དང་། དེའི་ནང་ལྷག་པར་དུ་སྙིང་ཁམས་ཁྲག་རྩར་ཤུགས་རྐྱེན་མངོན་གསལ་དོད་ཤོས་ཐེབས་ཤིང་། ཚབས་ཆེ་བའི་སྐབས་སུ་ཚེ་སྲོག་ལའང་ཉེན་ཁ་བཟོ་གི་ཡོད། དེར་བརྟེན2010ལོ་ནས་བཟུང་། རང་རྒྱལ་གྱིས་ཤིས་པུའུ་ཆུས་མིང་གི་སྨན་རྫས་སྦྱོར་རྟ་བྱེད་པ་དང་། སྨན་རྒྱུ་ཐོན་སྐྱེད་དང་བྲིན་ཚོང་། བེད་སྤྱོད་བྱ་རྒྱུ་སོགས་གཏན་འགོག་བྱས་ཡོད།   

གསར་འགོད་པར་ཤེས་རྟོགས་བྱུང་བར། ལོ་མང་རིང་འབྲེལ་ཡོད་སྡེ་ཚན་གྱིས་ཤིས་པུའུ་ཆུས་མིང་ཁྲིམས་འགལ་ངང་ཐོན་སྐྱེད་དང་བྲིན་ཚོང་བེད་སྤྱོད་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཐོག་མཐའ་བར་གསུམ་དུ་རྡུང་རྡེག་གཏོང་བཞིན་ཡོད་མོད།  ཡིན་ནའང་ཤིས་པུའུ་ཆུས་མིང་འདུས་པའི་ལུས་ཤ་སྐམ་དུ་གཏོང་བའི་སྨན་རྫས་སྔར་བཞིན་རྩ་མེད་དུ་ཕྱིན་མེད་པ་དང་། དེའི་ནང་ནས་ཁག་གཅིག་ད་དུང་དྲ་ཐོག་གི་གྲགས་ཅན་ཐོན་རྫས་ཀྱི་གྲས་སུ་གྱུར་ཡོད།

 2013ལོ་ནས་ད་བར། ཤིས་པུའུ་ཆུས་མིང་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི1100ལས་བརྒལ་བ་ཐོན་པ་དང་། དེའི་ནང2020ལོར་འབྲེལ་ཡོད་གྱོད་གཞི250ལས་བརྒལ་བ་ཐོན་ཡོད།  མ་ཟད་གྱོད་གཞི་དེ་རིགས་ཀྱི་གྲངས་འབོར་ལོ་རེ་ལས་མ་འདས་པར་མང་དུ་འགྲོ་བཞིན་ཡོད།  

གྱོད་གཞི་དེ་དག་ཁྲོད་དུ།  ལུས་ཤ་སྐམ་དུ་གཏོང་བའི་ཐོན་རྫས་ལ་ལར་ཤིས་པུའུ་ཆུས་མིང་འདུས་ཀྱང་ཚོང་པས་དེ་ནི་རང་བྱུང་སྙོལ་རྒྱུ་དང་ཤ་སྐམ་གཏོང་ཀོག་ཧྥེ། ཤ་སྐམ་གཏོང་མངར་ཆ། ཀྲུང་ལུགས་འཐུང་སྨན་བཅས་ཡིན་ཁུལ་བྱེད་ཀྱི་ཡོད་པས།   ཤིས་པུའུ་ཆུས་མིང་འདུས་པའི་གནས་ཚུལ་དེ་ཤེས་དཀའ་བ་ཞིག་ཏུ་གྱུར་བ་དང་། དྲ་ཐོག་ནས་ཕྱིར་འཚོང་བྱེད་པའི་ལུས་ཤ་སྐམ་དུ་གཏོང་བའི་ཟས་རིགས་དག་ནི་ཁྲིམས་འགལ་ངང་སྨན་རིགས་སྣ་ཚོགས་ཁ་སྣོན་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད།  

གསར་འགོད་པས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དྲ་ཚིགས་ཀྱི་འཕྲོད་སྦྱོར་བཟའ་བཅའི་འཚོལ་ཞིབ་དྲ་ངོས་ནས་འཚོལ་ཞིབ་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་ལ་ཆོག་མཆན་ཐོབ་པའི་ལུས་ཤ་སྐམ་གཏོང་གི་འཕྲོད་སྦྱོར་བཟའ་བཅའ་ཁྱོན109ཡོད་པ་རེད།  དེ་དོན་གསོ་རིག་རིགས་གཅིག་མཁས་ཅན་གྱིས།   ཆོག་མཆན་མ་ཐོབ་ཀྱང་ནུས་པ་ངོ་མཚར་ཅན་ལྡན་པའི་ཐོན་རྫས་དག་འཛད་སྤྱོད་པས་ཉོ་སྒྲུབ་བྱ་སྐབས་ངེས་པར་དུ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号