གློ་བའི་འདུས་འདྲིལ་དང་གཅིན་སྙི་ཟ་ཁུའི་ནད།

གློ་བའི་འདུས་འདྲིལ་དང་གཅིན་སྙི་ཟ་ཁུའི་ནད་ལ་སྨན་པས“ལྕམ་སྲིང་ནད”ཅེས་འབོད་བཞིན་ཡོད། གཅིག་ནི་གློ་བའི་ནད་རིགས་དང་ཅིག་ཤོས་ནི་བརྗེ་ཚབ་རང་བཞིན་གྱི་ནད་རིགས་ཡིན་ལ། ནད་རིགས་འདི་གཉིས་ལ་འབྲེལ་བ་སྤུ་ཙམ་ཡང་མེད་པ་འདྲ་བས། “ལྕམ་སྲིང་ནད”ཅེས་འབོད་དོན་ཅི་ཡིན་ནམ།

རྒྱལ་ནང་གི་ཞིབ་འཇུག་མང་པོ་ལས་བདེན་དཔང་བྱས་པ་ལྟར་ན། གཅིན་སྙི་ཟ་ཁུའི་ནད་ནི་གློ་བའི་འདུས་འདྲིལ་སློང་བའི་རྒྱུ་རྐྱེན་ཉེན་ཁ་ཅན་ཞིག་ཡིན་ལ། གཅིན་སྙི་ཟ་ཁུའི་ནད་པར་གློ་བའི་འདུས་འདྲིལ་ཕོག་ཚད་ནི་སྤྱིར་བཏང་གི་མི་ལས་ལྡབ་གསུམ་གྱིས་མཐོ།  གློ་བའི་འདུས་འདྲིལ་ནད་པར་དམིགས་པའི་ཞིབ་འཇུག་དཔྱད་འབྲས་ལས་མངོན་པ་ལྟར་ན། 5%ནས30%ཡི་གློ་བའི་འདུས་འདྲིལ་ནད་པར་དུས་མཉམ་དུ་གཅིན་སྙི་ཟ་ཁུའི་ནད་འབྱུང་བཞིན་ཡོད།


ནད་པར་ནད་འདི་གཉིས་ཀ་དུས་མཉམ་དུ་བྱུང་ཚེ། གློ་བའི་འདུས་འདྲིལ་གྱིས་གཅིན་སྙི་ཟ་ཁུའི་ནད་པའི་བརྗེ་ཚབ་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་སྲིད་པ་དང་། བརྗེ་ཚབ་འགྱུར་ལྡོག་ཇེ་མགྱོགས་སུ་སོང་བ་དེས་གློ་བའི་འདུས་འདྲིལ་ལ་གནོད་པ་ཐེབས་ཏེ་འཁོར་རྒྱུག་བྱེད་པར་གནོད་པ་རེད། དེའི་རྐྱེན་གྱིས་ནད་པ་འདིའི་རིགས་ཀྱིས་གཅིན་སྙི་ཟ་ཁུའི་ནད་ཚོད་འཛིན་བྱེད་པའི་རྨང་གཞིའི་སྟེང་། གློ་བའི་འདུས་འདྲིལ་སྨན་བཅོས་བྱས་ཚེ། ད་གཟོད་སྨན་བཅོས་ཕན་ནུས་ལེགས་པོར་ཐོན་ཐུབ།

དེ་ན། གློ་བའི་འདུས་འདྲིལ་དང་གཅིན་སྙི་ཟ་ཁུའི་ནད་མཉམ་དུ་བྱུང་བའི་ནད་པས་དུས་རྒྱུན་འཚོ་བའི་ཁྲོད་མཉམ་འཇོག་གང་དག་བྱེད་དགོས་ཤེ་ན།

བཟའ་བཏུང་སྙོམས་སྒྲིག་བྱེད་པ། དུས་རྒྱུན་འཚོ་བའི་ཁྲོད། ནད་པས་ཟས་ཐུན་རེ་རེའི་ཐཱན་ཆུ་འདྲེས་སྦྱོར་རྫས(འབྲས་དང་ཕྱེ་ཐུག གོ་རེ་སོགས)ཀྱི་ཚད་ཁེ50ཡས་མས་སུ་ཚོད་འཛིན་བྱེད་དགོས་ལ། གཞན་རྣམས་སྔོ་ཚལ་དང་མངར་ཆ་ཉུང་བའམ་མངར་ཆ་མེད་པའི་སིལ་ཏོག་དང་འབྲུ་རིགས་སྣ་ཚོགས་ལ་བརྟེན་དགོས། དཔེར་ན་རྡོ་ཀུབ་དང་ཀྲོ་མ་ཀྲུ། མ་རྨོས་ལོ་ཏོག་གི་ཕྱེ། བྲ་གྲོ་ཐུག་པ་སོགས་ཡིན། གློ་བའི་འདུས་འདྲིལ་ནི་དལ་གཤིས་ཟད་གྲོན་རང་བཞིན་གྱི་ནད་རིགས་ཡིན་པས། བཟའ་བཏུང་ལ་བརྟེན་ནས་ལུས་པོའི་འགོག་རྐྱེན་ནུས་པ་ཇེ་ཆེར་གཏོང་དགོས་པ་བྱུང་ན། བྱ་སྒོང་དང་ཤ་སྣག ཉ་རིགས་སོགས་སྤུས་ལེགས་སྤྲི་དཀར་རྫས་མང་དུ་བསྟེན་དགོས།

ཁྲག་ཧྭགས་དམའ་བ་སྔོན་འགོག་བྱེད་པ། ནད་པས་འདུས་འདྲིལ་འགོག་སྨན་འཐུང་སྐབས་དུས་སྔོན་དང་མཉམ་འབྲེལ། ཚད་མཐུན། ཆོས་ཉིད། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས། སྨན་འཐུང་བའི་སྐབས་སུ། ནད་པར་ཕོ་རྒྱུ་མི་བདེ་བའམ་མཆིན་པ་དང་མཁལ་མའི་བྱེད་ནུས་ལ་གནོད་འཚེ་ཐེབས་པ། རུས་ཚིགས་ན་བ། རྐང་ལག་སྦྲིད་པ། མིག་གི་མཐོང་ཤུགས་ཇེ་ཞན་དུ་འགྲོ་བ་སོགས་ཀྱི་མི་འཕྲོད་པའི་གནས་ཚུལ་འབྱུང་སྲིད་པ་དང་། དེ་ལས་ཕོ་རྒྱུ་མི་བདེ་བའི་གནས་ཚུལ་བྱུང་སྟེ་ནད་པའི་ཡི་ག་ཇེ་ཞན་དུ་སོང་ནས་ཁྲག་ཧྭགས་ཇེ་དམའ་རུ་འགྲོ་བ་རེད། དེ་བས་ནད་པའི་ཁྱིམ་དུ་ཁྲག་ཧྭགས་འཇལ་ཆས་གྲ་སྒྲིག་བྱས་ཏེ། དུས་ངེས་མེད་དུ་ཁྲག་ཧྭགས་གནས་ཚུལ་ལ་བརྟག་བཤེར་བྱེད་དགོས། གལ་ཏེ་ནད་པར་མགོ་ཡུ་འཁོར་བ་དང་སྟོབས་ཤུགས་ཞན་པ། རྔུལ་ཆུ་མང་དུ་བཞུར་བ། སེམས་འཚབ་པ་སོགས་ཀྱི་གནས་ཚུལ་བྱུང་ན་ངེས་པར་དོགས་ཟོན་ནན་མོ་བྱས་ནས་ཁྲག་ཧྭགས་དམའ་བའི་ནད་རྟགས་ཡིན་མིན་ལ་བལྟ་དགོས་ཤིང་། དགོས་ངེས་ཀྱི་སྐབས་སུ་མྱུར་མོར་སྨན་པར་སྟོན་དགོས།

འགུལ་སྐྱོད་འོས་འཚམ་བྱེད་པ། འགུལ་སྐྱོད་བྱས་ན་གཟུགས་གཞི་ཇེ་བདེ་རུ་འགྲོ་བར་མ་ཟད། ད་དུང་ཤན་གླིང་རྒྱུ་ཡི་ཚོར་སྐྱེན་རང་བཞིན་ཇེ་དྲག་ཏུ་སོང་ནས། ཁྲག་ཧྭགས་ཚོད་འཛིན་གྱི་དམིགས་ཡུལ་འགྲུབ་པར་བྱེད་ཐུབ། ནད་པའི་འགུལ་སྐྱོད་བྱེད་ཚད་ཚད་ལས་བརྒལ་མི་རུང་ཞིང་། ཐང་ཆད་དྲགས་པའམ་སྦྱོང་བརྡར་བྱེད་ཚད་མཐོ་བའི་ལུས་རྩལ་འགུལ་སྐྱོད་བྱེད་མི་རུང་བར། ཚད་དང་མཐུན་པའི་སྦྱོང་བརྡར་ནས་མགོ་རྩོམ་དགོས། དཔེར་ན་འཆམ་འཆམ་དུ་འགྲོ་བ་དང་ལུས་རྩལ་སྦྱོང་བ། ཐའེ་ཅི་དྲག་རྩལ་སྦྱོང་བ་སོགས་བྱེད་དགོས། སྤྱིར་བཏང་དུ་ཟ་མ་ཟོས་རྗེས་ཀྱི་དུས་ཚོད་གཅིག་ནས་གཉིས་བར་དུ་སྦྱོང་བརྡར་བྱེད་དགོས་ལ། སྦྱོང་བརྡར་དུས་ཡུན་རིང་མི་རུང་བར། ཉིན་རེར་སྐར་མ་སུམ་ཅུ་ནས་དྲུག་ཅུ་དང་། ཉིན་རེར་ཐེངས་གཅིག་གམ་གཟའ་འཁོར་རེར་ཐེངས་བཞི་ནས་ལྔ་ཡིན་དགོས།

དུས་བཅད་ལྟར་བསྐྱར་བརྟག་བྱེད་པ། གློ་བའི་འདུས་འདྲིལ་དང་གཅིན་སྙི་ཟ་ཁུའི་ནད་མཉམ་དུ་བྱུང་བའི་ནད་པས་ནད་གཞིའི་འགྱུར་ལྡོག་ལ་དུས་ངེས་མེད་དུ་དོ་སྣང་བྱེད་དགོས་ཤིང་། ཆེས་ལེགས་པའི་ཐབས་ལམ་ནི་དུས་བཅད་ལྟར་སྨན་ཁང་དུ་སོང་ནས་བསྐྱར་བརྟག་བྱེད་རྒྱུ་དེ་རེད། དུས་རྒྱུན་བསྐྱར་བརྟག་བྱེད་པརCTདང་། ཁྲག་དང་གཅིན་གྱི་རྒྱུན་ལྡན་བརྟག་བཤེར། ཁྲག་ཧྭགས། མཆིན་པ་དང་མཁལ་མའི་བྱེད་ནུས་སོགས་ལ་བལྟ་དགོས། དེ་དང་མཉམ་དུ་ནད་པས་སེམས་ཁམས་དང་འཚོ་བའི་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས་ལ། གཉིད་མི་ཆག་པ་དང་ཁང་བའི་ནང་དུ་མཁའ་དབུགས་གཙང་མ་འཁོར་རྒྱུག་བྱེད་དུ་འཇུག་པ། ལག་པ་གཙང་མར་བཀྲུ་བ། ཕྱི་རུ་འགྲོ་སྐབས་ཁ་ཐུམ་རྒྱག་པ་སོགས་བྱེད་དགོས།


གློ་བའི་འདུས་འདྲིལ་དང་གཅིན་སྙི་ཟ་ཁུའི་ནད་མཉམ་དུ་བྱུང་བར་སྐྲག་མི་དགོས་ལ། ནད་པས་ནད་རིགས་འདི་གཉིས་ཀར་ཕྱོགས་ཡོངས་ནས་ངོས་འཛིན་ལེགས་པོ་བྱས་ཏེ། སྨན་པའི་ངག་བཞིན་དུ་དམིགས་གཏད་རང་བཞིན་གྱི་སྨན་བཅོས་བྱེད་པ་དང་། འཚོ་བའི་གོམས་གཤིས་ལེགས་པོ་ཆགས་པར་བྱེད་པ། དུས་བཅད་ལྟར་བསྐྱར་བརྟག་བཅས་བྱས་ཚེ། སྨན་བཅོས་ཕན་ནུས་ཅུང་ལེགས་པོ་ཐོན་ཐུབ་བོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号