མཆིན་པར་གནོད་པའི་གོམས་གཤིས་ངན་པ་འདི་དག་དོར་དགོས།

མཆིན་པ་ནི་མིའི་ལུས་སྟེང་གི་དབང་པོ་གལ་ཆེན་ཞིག་ཡིན་ལ། དེར་འཚོ་བཅུད་དངོས་པོ་འདུས་གྲུབ་དང་། སྨན་རྫས་དུག་སེལ་དང་བརྗེ་སྒྱུར། མཁྲིས་ཁུ་ཟགས་ཐོན་སོགས་ཀྱི་བྱེད་ནུས་མང་པོ་ལྡན་པར་མ་ཟད། ཁྲག་ཐོན་ནུས་པ་དང་རིམས་འགོག་ནུས་པའང་ལྡན། མཆིན་པ་བདེ་ཐང་མིན་པའི་གནས་སུ་ལྷུང་སྐབས། མིའི་ལུས་སྟེང་དུ་ཞག་ཚིལ་མཆིན་ནད་དང་ཆང་བཅུད་རང་བཞིན་གྱི་མཆིན་ཚད། སྨན་རྫས་རང་བཞིན་གྱི་མཆིན་ཚད། མཆིན་པ་སྲ་འགྱུར་སོགས་ཀྱི་ནད་རིགས་འབྱུང་སྲིད། གཤམ་གྱི་མཆིན་པར་གནོད་པའི་གོམས་གཤིས་ངན་པ་འདི་དག་ལ་མི་ཚང་མས་དོ་སྣང་ཆེན་པོ་བྱེད་དགོས།

གཅིག ཆང་བག་མེད་དུ་འཐུང་བ།

མཆིན་པ་ནི་ཆང་བཅུད་རྙིང་ཚབ་གསར་བརྗེ་ཐུབ་པའི་དབང་པོ་གཅིག་པུ་ཡིན་ལ། ཆང་བཅུད་དབྱེ་འབྱེད་བྱེད་སྐབས། ཞག་ཚིལ་མཆིན་པའི་ཕྱི་རུ་ཕུད་དཀའ་བས། མཆིན་པའི་ཁྲག་གཤེར་གཙང་སྒྱུར་གྱི་ནུས་པ་ཇེ་ཆུང་དུ་འགྲོ་བ་དང་། ལུས་སྟེང་གི་དུག་རྒྱུ་ཇེ་མང་དུ་འགྲོ་བ། མཆིན་པར་གནོད་འཚེ་ཐེབས་པ་བཅས་བྱུང་ནས། ཨེམ་སྐྱུར་རྩབས་ཁྲག་ནང་དུ་རྒྱུག་ནས་ཇེ་མཐོར་འགྲོ་བ་རེད། དེའི་རྐྱེན་གྱིས་དུས་ཡུན་རིང་པོར་ཆང་འཐུང་ན་ཆང་བཅུད་རང་བཞིན་གྱི་ཞག་ཚིལ་མཆིན་ནད་དང་མཆིན་པ་སྲ་འགྱུར་གྱི་ནད་འབྱུང་སྲིད།

གཉིས། དུས་རྒྱུན་གཉིད་ཆག་པ།

མཚན་མོ་ནི་མཆིན་པ་རང་ཉིད་སླར་གསོ་འབྱུང་བའི་དུས་ཡིན་ལ། གཉིད་པའི་གོམས་གཤིས་བཟང་པོ་ཆགས་པར་བྱས་ཏེ། མཆིན་པའི་ཁག་ཁུར་ཇེ་ཡང་དུ་གཏོང་དགོས།

གསུམ། བཟའ་བཏུང་ལུགས་མཐུན་མིན་པ།

དུས་ཡུན་རིང་པོར་ཚ་ནུས་དང་ཞག་ཚིལ་མཐོ་བའི་ཟས་རིགས་ཟོས་ན། ཕོ་རྒྱུའི་ཁག་ཁུར་ཇེ་མང་དུ་གཏོང་བར་མ་ཟད། མཆིན་པའི་ཁག་ཁུར་ཡང་ཇེ་མང་དུ་བཏང་ནས། ཞག་ཚིལ་རྣམས་མཆིན་པར་འདུས་ནས་ཕྱིར་ཕུད་དཀའ་བ་དང་། མཆིན་ནད་ཚིལ་འགྱུར་འབྱུང་བར་ཆ་རྐྱེན་བསྐྲུན་སྲིད། དེ་ལས་གཞན། རླམ་ཆགས་པ་དང་ཚོས་མ་རློན། འཚིག་པའི་ཟས་རིགས་ཟོས་ཚེ། དེའི་ཁྲོད་ཀྱི་སྐྲན་སློང་དངོས་པོས་མཆིན་པའི་བདེ་ཐང་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས། དུས་རྒྱུན་འཚོ་བའི་ཁྲོད། མི་ཚང་མས་བདེ་ཐང་བཟའ་བཏུང་དང་འཚོ་བཅུད་དོ་མཉམ་ཡོང་བར་མཐོང་ཆེན་བྱེད་དགོས།

བཞི། སྨན་རྫས་གང་འདོད་དུ་སྤྱོད་པ།

མཆིན་པ་ནི་མིའི་ལུས་སྟེང་གི་དུག་སེལ་དབང་པོ་གལ་ཆེན་ཞིག་ཡིན་པས། སྨན་པའི་མཛུབ་སྟོན་འོག་ལུགས་མཐུན་སྒོས་སྨན་སྤྱོད་དགོས་ལ། ནད་མེད་ན་སྨན་གང་འདོད་དུ་སྤྱོད་མི་རུང་ཞིང་། མཆིན་པའི་ཁག་ཁུར་ཇེ་མང་དང་འགྱུར་འབྱུང་མི་ལེགས་པའི་ཉེན་ཁ་འབྱུང་བར་སྔོན་འགོག་བྱེད་དགོས།

ལྔ། དུས་ཡུན་རིང་པོར་སེམས་ཁམས་མི་སྐྱིད་པ།

ཀྲུང་ལུགས་སྨན་པས་དུས་རྒྱུན་ཁོང་ཁྲོ་ཆེན་པོ་ལངས་ན་མཆིན་པར་གནོད་ཅེས་བཤད་པ་རེད། ཁོང་ཁྲོ་དང་སེམས་ཁུར་སོགས་ལྡོག་ཕྱོགས་སེམས་ཁམས་ཀྱིས་མཆིན་པར་གནོད་འཚེ་བཟོས་ནས་མཆིན་པའི་བྱེད་ནུས་རྒྱུན་ལྡན་མིན་པར་གཏོང་སྲིད། དེའི་རྐྱེན་གྱིས་སེམས་ཁམས་སྐྱིད་པོ་ཡོང་བར་འབད་རྒྱུ་ནི་ཤིན་ཏུ་གལ་ཆེ།

གོང་དུ་གླེང་བ་ནི་མི་ཚང་མས་འདོར་དགོས་པའི་མཆིན་པར་གནོད་པའི་གོམས་གཤིས་ངན་པ་དག་ཡིན་ལ། དེ་བཞིན་དུ་བཟའ་བཏུང་དོ་མཉམ་དང་། དུ་ཆང་དང་རྒྱང་དུ་བཀྱེད་པ། སྨན་པའི་ངག་བཞིན་དུ་སྨན་སྤྱོད་པ། སེམས་ཁམས་བཟང་པོ་རྒྱུན་འཁྱོངས་བྱེད་པ་བཅས་ནི་མཆིན་པར་སྲུང་སྐྱོབ་བྱེད་པའི་གནད་འགག་ཡིན་ནོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号