འོད་དང་གྲིབ་མ།(ཞར་བཀོད་གཉིས།)
རྩོམ་པ་པོ། : འདམ་འཇིལ་ལི།
ནག་པོའི་གསེང་གི་དཀར་ཐིག་དེ་ང་ཡིན་པ་སུ་ཡིས་རྟོགས
དཀར་པོའི་ཀློང་གི་ནག་རིལ་དེ་ཁྱོད་ཡིན་པ་སུ་ཡིས་མཐོང
མ་གཞི་ནས་འུ་གཉིས་ཀྱི་ངོ་བོ་མི་འདྲ་བ་སུ་ཞིག་གིས་ཚོར
གང་ལྟར ང་ཁྱོད་ཀྱི་ཁ་གཏད་དུ་འགྲེང
ཁྱོད་ངའི་ཁ་མལ་དུ་བསྡད་པ་ནས་བཟུང
ང་ཇེ་དཀར་དང་ཁྱོད་ཇེ་ནག་ནས་ཇེ་ནག
རེད་ཨང ཁྱད་ཡོན་མི་འདྲ་བས་རེད་དེ
ངས་ནི་ཞི་འཇམ་གྱི་ལས་ལ་བརྩོན་པ་བསྐྱེད
ཁྱོད་ཀྱིས་རྩུབ་གྱོང་གི་ཁུར་ཙ་ཐེག་པར་བྱས
ཁྱོད་ཀྱིས་ང་ཟ་ལ་ཁད་དང་འཐུང་ལ་ཁད་བྱས
རི་བོ་ཞིག་ཡིན་ན་ཁྱོད་ཀྱིས་ཟོས་ཀྱང་མི་རྒྱགས
ཆུ་བོ་ཞིག་ཡིན་ན་ཁྱོད་ཀྱིས་འཐུང་ཡང་མི་ངོམས
དེ་བས ཁྱོད་ཀྱིས་རང་ཉིད་མུན་ནག་ནང་ལ་སྦས
ང་ཡིས་རང་ཉིད་དཀར་གསལ་ནང་དུ་གཡུགས
དེ་ལྟ་ནའང
སུ་ཞིག་གིས་ཁྱེད་ལ་ཉེས་འགེབ་བྱས་པ་རེད་དམ
ཡང་ན
སུ་ཞིག་གིས་ང་ལ་དཀར་འདོན་བྱེད་པར་ངེས་སམ
ངེད་གཉིས་ཉིན་དང་མཚན་ལ་འགྲོགས་དུས
དཀར་དཀར་ཡིན་པས་དགེ་ལས་ཅི་འཁྱོངས
གྲིབ་མར་གྱུར་པས་སྡིག་ཉེས་གང་བསགས
འོན་ཏེ ནམ་ཞིག་གི་ཚེ་ཡང
འོད་ཀྱིས་གྲིབ་མ་མི་འཇོམས་པ་མཆོག་ཏུ་བརྩིས་སམ
ད་དུང
གྲིབ་མས་འོད་དཀར་མི་འགེམ་པའི་ཚོད་བགམ་ཅི
ཁོ་རེ གྲིབ་མ་ལགས དགོངས་འགལ་མེད་པར་ཞུ
དཀར་གསལ་ནི་ནམ་ཡང་འོད་ཀྱི་མཚོན་བྱེད་དེ་ཡིན་ཕྱིན
ཉེས་མེད་ཁྱོད་ཀྱི་མིང་ལ་གྲིབ་མར་འབོད་པའི་དགོས་པ་ཅི
ཤུ ངས་འོད་དང་གྲིབ་མའི་བར་ནས་ཅི་བྱེད་ཆ་མ་འཚལ་ཨང
2024ལོའི་ཟླ7པའི་ཚེས8ཉིན་བྲིས།
རང་ཉིད་ཀྱི་བརྗེད་ཐོ།
ང་ནི་བསྟོད་པས་འཚེངས་པའི་ལྷ་ཚོགས་ཀྱི་གྲས་སུ་ཚུད་མེད
ང་ནི་སྨད་པས་འཕོངས་པའི་གདོན་འདྲེ་ཡི་གྲལ་དུ་བཞག་མེད
ང་གང་ལའང་མི་གཏོགས་པའི་བར་དོ་བ་ཞིག་ཏུ་རློམ་མི་ཆོག
རེད་ཨང ལོ་ཟླའི་ཆར་རླུང་གིས་ངའི་དྲན་པ་སྔོག་དུས
ང་ནི་མི་ཡི་འདྲ་གཟུགས་ཤིག་ཏུ་ཆགས་མེད་པ་མཐོང་ཐུབ
དེ་ནི—ལོ་རྒྱུས་སུ་ཁོད་ཟིན་པའི་ང་ཡི་བརྗེད་ཐོར་བགྲང་དུ་རུང
ང་རླུང་གིས་དེད་ནས་མཁའ་ལ་འཕགས
ང་ཆུ་ལ་བསྐུར་ནས་སྨད་དུ་བཞུར
ང་ཁ་བས་གཡོགས་ཏེ་གངས་ལ་སྤུངས
ཀྱེ་ཀྱེ སོམས་ཤིག རྒྱང་བཞུད་ཀྱི་ཆུ་བོ་ལགས
ཀྭ་ཡེ ཉོན་དང གཡོ་མེད་ཀྱི་ས་ཆེན་ལགས
གངས་རི་དང་གཙང་པོ་ནི་ང་ཡི་བརྗེད་ཐོ་ཙམ་མ་རེད
ཁྱོད་ཀྱིས་ངས་གཞན་ལག་ཏུ་ཁ་མིག་འབོར་གྱིན་འདུག་ཟེར
ཡིན་ཡང མདོ་སྔགས་ཤང་ཤང་འབབ་པའི་ཆུ་བོ་ང་ཡི་སྐྱ་ཡ་ཡིན
ཁྱོད་ཀྱིས་ང་ལམ་བར་ནས་མགོ་བོ་འཁོར་ལུགས་ལབ་ཡོང
ཡིན་ཡང ཀྲོང་ངེར་འགྱིང་བའི་གངས་རི་ནི་ང་ཡི་བསྟན་པའི་དཔང་བོ་ཡིན
རེད་དེ ངའི་གཞུག་ཏུ་རང་གི་གྲིབ་གཟུགས་ཙམ་ལས་ཅི་ཡང་ལྷག་མེད
ངའི་མདུན་དུ་རི་རབ་ལྷུན་གྱིས་གྲུབ་ཅིང་གཙང་པོ་རང་འབབ་ཡིན་མོད
འོན་ཏེ ང་ནི་གཙང་པོ་ཞིག་མིན་ལ་གངས་རི་ཡང་མ་ཡིན
ངའི་བརྗེད་ཐོར་བརྐོས་པའང་ཡིག་འབྲུ་འདི་ཙམ་གྱིས་ག་ལ་ཚད
དེ་བས ངས་སྤུངས་གསོག་བྱེད་དགོས་པ་ནི་སང་ཉིན་ཡིན་པ་ཚོར
ཆོད་སེམས་ལ་སྤོབས་པས་འདེགས་དགོས་པའང་གསལ་ལེར་རྟོགས
འདི་ཡང ངས་རང་ཉིད་ཀྱི་བརྗེད་ཐོ་འགོད་ལུགས་ཤིག་ཡིན་ཚེ
ཁྱོད་ཀྱིས་ང་ཡི་བརྗེད་ཐོར་གཟིགས་པའི་ནམ་ཉི་མ་ཞིག་ལ
ང་ནི་ཁྱོད་ཀྱི་རྟག་ཏུ་བརྟན་པའི་རྒྱབ་རི་སྨུག་པོ་དེ་ཡིན་ན་བསམས
ཁྱོད་ཀྱིས་བཞུད་ཟིན་པར་བདེ་མོ་འཇོག་པའི་མ་འོངས་པའི་ཉིན་དེ་ལ
ང་ནི་ཁྱོད་ཀྱི་སྐོམ་པ་སེལ་བྱེད་ཀྱི་རྫ་ཆུ་བསིལ་མ་དེ་ཡང་ཡིན་པར་འདོད
དེ་དུས ཁྱོད་ནི་ཨ་སྔོན་ལ་དབང་བའི་རྩྭ་ཐང་ཞིག་ཡིན་ན་ཅི་ལ་མི་ཆོག
ལྷག་དོན ཁྱོད་དང་ང་ཡི་མཐོང་ལམ་དུ་འཚེར་བ་དེ
འུ་གཉིས་ཀྱི་རུས་རྐང་གིས་བྲིས་པའི་བརྗེད་ཐོ་ཙམ་མིན
ངས་འདས་སོང་ལ་ཕྱིར་མིག་ཡང་ཡང་འཕེན་དུས
ངའི་རྗེས་སུ་སྙེག་གིན་པའི་སྲོག་གི་གཤེད་མ་དེ་ཡང
ཐོ་པོ་ལྟར་ཐག་རིང་ཞིག་ཏུ་བསླངས་ནས་འདུག
དགའ་འོས་པ་ཞིག་ལ—ངའི་སྙན་པ་རླུང་གིས་དེད་ནས་མཁའ་ལ་འཕགས
སྐྱིད་འདོད་པ་ཞིག་ལ—ངའི་མཛད་པ་ཆུ་དང་འགྲོགས་ཏེ་མཚོ་མོར་ཐིམ
མཆོག་སྙམ་པ་ཞིག་ལ—ངའི་བློ་སྟོབས་ཁ་བར་ཆགས་ཏེ་གངས་རི་སྤུངས
རེད་ཨང ངས་རང་གི་བརྗེད་ཐོ་ལ་བརྟེན་ནས་རང་གི་དྲན་པ་ཡང་ཡང་བསྔོགས
དྲན་པའི་གཏིང་རིམ་གྱི་བརྗེད་ཐོ་ལས་ངའི་མྱ་ངན་གྱི་ཆུ་བོ་རྒྱང་ནས་རྒྱང་དུ་བཞུར
2023ལོའི་ཟླ3པའི་ཚེས11ཉིན་བྲིས།
ཆིག་ལབ།
ཨ་རོག མིག་ཡངས་མ
མིག་གསུམ་པས་ང་ལ་མི་བལྟ་རོགས
ང་ལ་ཁ་མིག་ལྷག་མ་ཞིག་ཐོགས་མེད
དེ་བས དོགས་སྒྲིམ་ནི་ཁྱོད་ལ་དབང
གང་ལྟར ང་ནི་མི་ལོང་བ་ཞིག་མིན
ཝ་ཡེ ཕྲ་མེན་མ
ལྕེ་གཉིས་པས་ང་ལ་མ་དཔྱད་ཅིག
ང་བློ་ཡུལ་ལས་འདས་པ་ཞིག་མིན
དེ་བས ངའི་སྨྲ་སྒོ་གཅོད་དོན་མེད
ང་ནི་མི་ལྐུགས་པ་ཞིག་མིན་པས
ཀྱེ་ཀྱེ འཕྱོར་མོ་མ
ཁྱེད་ལ་རྣ་བ་ལྷག་མ་ཡོད་རུང
ང་ཉིད་འོན་པ་མིན་ན་ཆོག་ག
ཁྱེད་ལ་ཁ་མིག་ལྷག་མ་ཡོད་ཀྱང
ང་ལ་རྐང་ལག་ཚང་ན་ཆོག་ག
གང་ལྟར ང་ནི་སྐྱེས་པ་ཕོ་ཞིག་ཡིན་ཕྱིན
ཀྱེ་མ་ཀྱི་ཧུད གཡོ་ཅན་མ
དུག་གསུམ་གྱི་མདའ་མོའི་གཟུ་ཁ་ང་ལ་མ་གཏོད
འབེན་མིག་ལ་བླངས་ཆོག་པའི་ཐོ་ཡོར་དེ་ང་མིན
དབང་དང་བཙན་ཤེད་ཀྱི་སྣ་ཐག་དེ་ང་ལ་མ་སྦྲེལ
གང་སར་འཁྲིད་དུ་རུང་བའི་གླང་རྒན་དེ་ང་མིན
གང་ལྟར བརྩེ་དུང་རྫུན་མས་ང་ལ་ཀུ་རེ་མ་རྩེ
ཝེ ཕར་ལ་བསྲིངས་འདུག་པ་དེ་ནི་ལྷག་བསམ་རེད
ཝེ ཚུར་ལ་སྟོན་བཞིན་པ་དེ་ཡང་ལྷག་བསམ་ཡིན་ན
འོ་ན ང་ལ་དཀར་ནག་གོ་ལྡོག་གི་ཨ་ལན་མི་སྤྲོད་རོགས
ཉི་འོད་ལམ་ལམ་འཚེར་བའི་ཉིན་གོང་གི་མཚམས་ལ
ངས དུད་ནས་འདུག་པའི་མགོ་བོ་ཡར་ལ་དགྱེ་དུས
ངས ཚ་གདུང་སེལ་བྱའི་ལག་པ་ཡར་ལ་འགྱོགས་དུས
གང་ལྟར ང་ནི་བདེན་པ་བོར་བའི་སྤྲང་རྒན་དེ་མིན
2024ལོའི་ཟླ8པའི་ཚེས9ཉིན་བྲིས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注