ཀློག་པ་པོ།

རླུང་བུ། མཚོ་ལྷོ།

ཀློག་པ་པོ།

ཁ་རོག་གེར་སྙན་ངག་འདི་འབྲི་དུས་དུས་ཚོད་ཀྱི་ནང་དུ་ཡོད།

ཁ་རོག་གེར་སྙན་ངག་འདི་ཀློག་དུས་དུས་ཚོད་ཀྱི་ཕྱི་རུ་ཡོད།

ནམ་མཁའི་ཁ་དོག་དང་དཔངས་ཡངས་པའི་ས་གཞིའི་རྒྱ་ཁྱོན་ལས།

རང་ཉིད་ཀྱིས་རང་ཉིད་བོར་ཞིང་འཇིག་རྟེན་འདི་དར་ཅིག་ལ་བརྗེད་དུ་འཇུག་ངེས་ཤིང་།

ངའི་ལག་པ་འདིས།

སྟོང་བར་གྱུར་བའི་ལག་པ་འདིས་བར་སྣང་སྟོང་བར་སྤྲིན་པ་ཞིག་ཀྱང་འབྲི་མ་ཐུབ།

ངའི་མིག་ཟུང་འདིས།

རང་ཉིད་ཀྱི་སྙན་ངག་ཀློག་པར་བསྒུགས།

ཀློག་པ་པོ།

ངས་སྙན་ངག་འབྲི་ཤེས་པ་ནས་ཟུངས་ཁྲག་གི་རི་སྒང་བརྟོལ་དགོས་བྱུང་།

རི་སྒང་ན་བཞད་པའི་མེ་ཏོག་དག་ངའི་སྙན་ངག་ཏུ་གྲུབ།

སྤྲིན་གསེབ་ནས་འཇོ་བའི་ཆར་ཐིགས་རེ་རེ་ངའི་སྙན་ངག་ཏུ་གྲུབ།

ཀློག་པ་པོ། ཁྱེད་ཀྱིས་ཡི་གེ་ཀློག་ཤེས་པ་ནས་ངའི་སྙན་ངག་འདི་བཀླག་མི་སྲིད་ལ།

བཀླག་དགོས་པའི་རྒྱུ་མཚན་ཡང་མེད།

ཁྱེད་ཀྱིས་ཡི་གེ་བཀླག་མི་ཤེས་དུས་སྤྲིན་པ་ལ་བལྟ་ཤེས་ཤིང་།

ཁྱེད་རང་ལང་ཚོ་རྒྱས་ཏེ་དར་ལ་བབས་དུས།

སྤྲིན་པར་བལྟས་ཏེ་སྙན་ངག་འདི་དྲན་སྲིད།

ནམ་མཁའི་ངོས་སུ་སྤྲིན་པ་ལྟར་བྲིས་པའི་སྙན་ངག་འདི་དྲན་སྲིད།

ཁྱེད་ཀྱིས་ཡི་གེ་ཀློག་ཤེས་ཤིང་ས་ཆེན་གྱི་གཞི་རུ་གོམ་པ་བོར་དུས།

ངའི་སྙན་ངག་འདི་ནག་ཐིག་གི་བསྡུས་བརྗོད་ཅིག་ཡིན་པ་ཤེས་ངེས།

ཁྱོད་ཀྱིས་རང་གི་བྱིས་དུས་དྲན་ཡང་ཆོག

ཀློག་པ་པོ། ཁྱེད་ཀྱིས་ཡི་གེ་ཀློག་ཤེས་པ་ནས།

ངའི་སྙན་ངག་འདི་བཀླག་མི་སྲིད་ལ།

ཁྱེད་ཀྱིས་ཡི་གེའི་ནང་གི་ཡུལ་ལྗོངས་རྙེད་དུས་ཀྱང་སྙན་ངག་འདི་བཀླག་མི་སྲིད།

རུས་པ་དང་རྣམ་ཤེས་ཀྱི་ཧྲག་བར་ནས་འཐོར་བའི་རོལ་དབྱངས་རྙེད་དུས་སྙན་ངག་འདི་བཀླག་མི་སྲིད།

ནམ་ཞིག་ཆར་བ་འབབ་དུས་སུ་སྙན་ངག་འདི་བཀླག་སྲིད་ན།

ཆར་བ་མ་བབས་པའི་ཡར་སྔོན་གྱི་སྤྲིན་པ་ནི་ཤོག་བུ་སྟོང་བ་ཞིག་ཏུ་ངོས་འཛིན་རོགས།

ཆར་ཐིགས་རེ་རེ་ཡི་གེ་རེ་རེ་རུ་ངོས་འཛིན་རོགས།

སྤྲིན་པ་ལས་ཆར་བ་འཇོ་ཞིང་སིམ་སིམ་དུ་བབས་པའི་ཆར་བ་ས་གཞིའི་སྟེང་འཐིམས་ངེས།

སྐྱེ་བོ་དག་གིས་ཆར་བ་ནི་ལན་རེར་སྤྲོ་སྣང་བསུབས་བྱེད་དུ་བརྩི་ལ་ལན་རེར་གདུང་བ་མཆོད་བྱེད་དུ་བརྩི།

ཆར་བ་དང་ཡི་གེ མེ་ཏོག་དང་ཡི་གེ

ས་རྡུལ་བཞིན་ཡར་བར་སྣང་དུ་འཕྱོ་ངེས།

ཆར་བས་ཁྱེད་ཀྱི་ངོ་གདོང་ལ་བྲན་ཏེ་སྙན་ངག་འདི་སྐད་ཅིག་ཉིད་ལ་བརྗེད་དུ་འཇུག་ངེས་ཀྱང་།

ཁྱེད་ཀྱི་གཡས་ཕྱོགས་ནི་ཆར་བའི་སྒྲ་དབྱངས་དང་གཡོན་ཕྱོགས་ནི་ཡི་གེའི་སྐད་སྒྲའོ། །

ཀློག་པ་པོ ཆར་བའི་ཡོངས་སུ་བརླན་པར་བཟོས་པའམ་ཤོག་བུ་བཞིན་ཐེད་པར་རྩོམ་དུས།

ཁེར་རྐྱང་གི་མིག་ཟུང་སྤྱད་དེ་མཐོང་བའི་ཡི་གེ་དེ་དག

ནག་ཐིག་ཏུ་གྱུར་ཏེ་མི་སྣང་བར་འགྱུར་ངེས།

སྐྱ་ཐག་ཆོད་པའི་ས་གཞིའི་སྟེང་སྤྲིན་པ་སྔར་བཞིན་རྒྱུ་ངེས་ཤིང་།

རྒྱུ་སྐར་དང་འཇའ་ཚོན་སྔར་བཞིན་འཆར་ངེས།

ཡིན་ནའང་།

ཡི་གེ་དག་ས་གཞིའི་སྟེང་གི་བརླན་གཤེར་ལ་འདྲེས་ཏེ་ནག་ཐིག་ཏུ་གྱུར་ནས་ཁྱེད་ཀྱི་རྗེས་སུ་ཞུགས་པར་བྱེད།

མུན་པའི་ནང་ནས་མེ་ཏོག་དཀར་པོ་དག་ཚོམ་བུ་ཚོམ་བུར་བཞད།

ཀློག་པ་པོ།

ཁ་རོག་གེར་སྙན་ངག་འདི་འབྲི་དུས་དུས་ཚོད་ཀྱི་ནང་དུ་ཡོད།

ཁ་རོག་གེར་སྙན་ངག་འདི་ཀློག་དུས་དུས་ཚོད་ཀྱི་ཕྱི་རུ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号