མཆོད་སྤྲིན་མདོངས་མཐའ་དགྱེས་པའི་དབྱར་རྔ།

གླིང་ཚ་སྙིང་རྒྱལ་འབུམ། 
སྲིད་ཞིའི་མཛེས་པའི་སྙིང་པོ་གཅིག་བསྡུས་ཁམས་གསུམ་ཁེངས་པ་བསྙིལ་བྱེད་པའི།།
བལྟ་བས་མི་ངོམས་ཟླ་བཞིན་ལང་ཚོར་དཀྱུས་རིང་ཟུར་མིག་རབ་གཡོ་ཞིང་།།
བརྟན་གཡོའི་ཆོས་ཀུན་རྒྱུད་མངས་ལ་དྲངས་སྙན་ཚིག་གྲེ་འགྱུར་འབུམ་སྤྲོ་བའི།།
ངག་གི་དཔལ་སྟེར་ཚངས་སྲས་ལྷ་མོ་བདག་གི་མགྲིན་པའི་ཁབ་ཏུ་རོལ།།

དཔག་ཡས་རྒྱ་བོད་གདམས་པའི་ཀླུང་རྒྱུན་གཅིག་ཏུ་འཁྱིལ་བ་རིག་པའི་གཏེར།།
མཐའ་ཡས་ཟབ་དང་རྒྱ་ཆེན་ཆོས་ཀྱི་དེ་ཉིད་སྐད་ཅིག་མཁྱེན་པའི་མཛོད།།
བགྲང་ཡས་རྡུལ་ཕྲན་གྲངས་ལ་འཕྱ་བའི་སྐྱེ་དགུ་ཕན་བདེར་འགོད་པའི་དཔྱིད།།
བསམ་ཡས་ས་ལམ་མངོན་མཐོར་གཤེགས་པ་རྗེ་བཙུན་བླ་མ་གཙུག་ན་རྒྱལ།།
 
རབ་མཐོ་དབུ་རྩེ་དགུང་ལ་ཟུག་པ་རབ་བརྟན་གནམ་འདེགས་ཀ་བའི་སྤུན།།
རབ་དཀར་ལྷུན་པོ་གཡང་དུ་ཆགས་པ་རབ་བརྗིད་སྲིན་པོ་རྫ་རིའི་འདབས།།
རབ་འཛོམས་དཔལ་དང་དགེ་བའི་ལེགས་ཚོགས་རབ་དགའི་ཞིང་དུ་སྨིན་པའི་སྡེ།།
ཀུན་སྨོན་གླིང་ཚ་མདོ་བའི་རིགས་སུ་རིགས་ཀྱི་པད་མོ་རྣམ་པར་གྲོལ།།

སྔོན་གོམས་བག་ཆགས་ཤེ་མོང་སྟོབས་ཀྱིས་ཡིད་ཀྱི་ཤིང་རྟ་ལེགས་དྲངས་ཤིང་།།
ལང་ཚོའི་མྱུ་གུ་ཆེས་ཕྲའི་དུས་ནས་ཉེས་བརྒྱའི་གྲོང་ལས་ཕྱིར་ཐོན་ཏེ།།
ཤངས་པ་མཁྱེན་པའི་ཐུགས་བསྐྱེད་ལས་འཁྲུངས་རི་ཁྲོད་བསམ་གཏན་གླིང་ཞེས་བྱར།།
པད་མཚོར་རྗེས་ཆགས་ངང་མོ་བཞིན་དུ་གཏན་བདེའི་ལམ་བཟང་ཉིད་ལ་ཞུགས།།

བརྗིད་ལྡན་གཏེར་ལུང་རི་བོའི་ལྷ་ཞོལ་བྱིན་རླབས་དངོས་གྲུབ་མཆོག་གི་གནས།།
སྐྱེས་ཆེན་གསེར་ཕྲེང་ཞབས་པད་བཞད་པ་སྒྲུབ་པའི་དགའ་ཚལ་དེ་ཉིད་དུ།།
ཆུ་མགོ་རྡུལ་བྲལ་གངས་ཀྱི་ཟེགས་མ་ཆོས་སྤྱོད་ཆོ་ག་གཙང་ཆབ་རྒྱུན།།
ཕ་ནོར་བུ་ལ་ཕོག་པ་བཞིན་དུ་དང་དད་སྤྲོ་དགས་ཧུབ་ཀྱིས་དྲངས།།

འབུམ་ཕྲག་རིགས་པའི་སེང་ཆེན་རྣམ་བསྒྱིངས་ནཱལེནྡྲ་ཡི་ཟླ་བོ་གང་།།
ངེས་དོན་ཆོས་ཀྱི་རྩེ་དགའ་རབ་རྒོད་བྱང་རྒྱུད་འཛིན་མའི་ཆོས་ཀྱི་གྲྭ།།
གྲགས་པའི་བ་དན་ཕྱོགས་མཐར་བཅིངས་པ་བཀྲ་ཤིས་ཆོས་ཀྱི་སྡིངས་ཀ་རུ།།
གླང་བོ་པད་མའི་མཚོ་ལ་ཞུགས་བཞིན་ཟབ་རྒྱས་ལེགས་བཤད་འཚོལ་ལ་ཆས།།

རྒྱ་ཆེན་མང་ཐོས་འོད་ཀྱིས་སྒེག་པ་བཤེས་གཉེན་ཞབས་སྐྱེས་ཟླ་ཤེལ་མཆོག།
གུས་སློབ་རལ་བའི་ཅོད་པན་དུ་བཞུགས་མཉེས་པ་གསུམ་གྱིས་ལེགས་བཀུར་ནས།།
སྲིད་ན་མི་རྙེད་རྙེད་པར་དཀའ་བ་དམ་ཆོས་བདུད་རྩི་ཆུ་བོའི་རྒྱུན།།
གང་ཐུགས་ཤེལ་གྱི་ཡོལ་གོར་བསྐྱིལ་ཏེ་བློ་གསལ་བྱེ་བའི་དགའ་སྟོན་གྲུབ།།

ཉིན་མཚན་གཡེལ་མེད་བརྩོན་པའི་གྲུ་ལ་ཐོས་བསམ་རླུང་གིས་ཉེར་བསྐྱོད་དེ།།
མཁྱེན་དཔྱོད་གཟིངས་ཀྱིས་ཡོངས་སུ་བསྐུལ་བས་བཀའཔོད་རྣམ་ལྔའི་གཞུང་བཟང་ལ།།
ཤེས་རབ་ཐུར་མས་མིག་ཟུང་ཕྱེ་ནས་རྒྱ་མཚོའི་རི་མོ་མ་འདྲེས་པར།།
ཇི་བཞིན་གཟིགས་པའི་ངོ་མཚར་གཏམ་རྒྱུད་ཕལ་བའི་བློ་ལས་རིང་དུ་འགོངས།།

ཤིང་རྟའི་ལམ་སྲོལ་བདག་གིར་འཛིན་པ་སེང་གེའི་སྲབ་མེད་འཕྱོ་བའི་གཞིར།།
ཟབ་བརླིང་དགག་སྒྲུབ་རིགས་ཚུལ་འབུམ་ཕྲག་དྲག་ཏུ་མཆེད་པའི་མེ་ལྕེ་ཡིས།།
ཕས་ཀྱི་རྒོལ་བའི་ལོག་སྨྲའི་ཚང་ཚིང་ཐལ་བར་བསྲེགས་ཤིང་གཞོམ་བྱས་ཏེ།།
བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་ནོར་འཛིན་འདི་ཡང་སྟོང་བར་བྱས།།

འཕགས་བོད་མཁས་གྲུབ་ལོ་པཎ་མང་བོའི་བྱིན་རླབས་བཀའ་རྒྱུད་མ་ཆད་པ།།
དབང་ཁྲིད་སྙན་བརྒྱུད་མན་ངག་འབུམ་སྡེ་རྨ་ཀླུང་གངྒཱའི་རྒྱུན་བཟང་བོ།།
མངོན་དགའ་དད་བརྩོན་ཡུར་བའི་ལམ་དུ་ལེགས་པར་དྲངས་པའི་དགའ་སྟོན་གྱིས།།
གང་ཐུགས་པད་མའི་རྫིང་བུར་བསགས་པ་གདམས་པའི་མཛོད་ཀྱི་ལྡེ་མིག་བྱིན།།

ཤེས་བརྩོན་ཉི་འོད་གདེངས་ཀ་ལས་འོངས་ལེགས་བཤད་དྲི་བཟང་མཐར་སྤྲོས་ཏེ།།
ལེགས་ཚོགས་སྒོ་བརྒྱ་ཡོངས་སུ་ཕྱེ་བར་དང་བའི་དབྱར་རྔས་རབ་བསྐུལ་བས།།
རྨོངས་རྟུལ་ཁོལ་བོ་བདག་ཡིད་དད་པའི་མདོངས་མཐའ་རབ་ཏུ་དགྱེས་པའི་གར།།
མཚར་སྡུག་རྣམ་བཀྲའི་གུར་ཁྱིམ་དབུས་སུ་སྤྲོ་དགའི་རྒྱང་གླུ་འདི་སྐད་བླངས།།


                                     ཞེས་པ་འདི་ནི་གླིང་ཚ་རི་ཁྲོད་བསམ་གཏན་གླིང་གི་གྲྭ་རིགས་ཁྲི་གླིང་དཀོན་མཆོག་བཟང་པོ་ལགས་ཀྱིས། བསྟན་པའི་གདུང་འཚོབ། གདམས་པའི་གཏེར་མཛོད། བཤད་སྒྲུབ་བསྟན་པའི་དཔུང་གཉེན་ཆེན་པོ་ཞྭ་དམར་པཎྜི་ཏ་སྐུ་ཕྲེང་ན་རིམ་གྱི་གདན་ས། དཔལ་ནཱལེནྡྲ་གཉིས་པར་བསྔགས་པ་བྱང་རྒྱུད་བསྟན་པའི་མཛེས་རྒྱན་དཔལ་མི་འགྱུར་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་སུ་བཀའ་བཅུ་རབ་འབྱམས་པའི་མཚན་བཏགས་ལེགས་པར་བཞེས་པར་རྗེས་སུ་ཡི་རང་དང་བཅས། གུས་ཕྲན་གླིང་ཚ་སྙིང་རྒྱལ་འབུམ་དུ་འབོད་པས་དུས་ཚེས་དགེ་བར་རྟེན་རྫོང་ཁྲི་ཀར་བགྱིས་པ་དགེ་ལེགས་འཕེལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号