ཁྱེད་གཉིས་མེད་པའི་འཇིག་རྟེན་ན། ང་ནམ་ཡང་ཁེར་རྐྱང་ཡིན།

ཉང་བརྩོན་འགྲུས།    

ང་ཡོད་སའི་གནས་རི་འདི་ནི།    

ངའི་སྐྱེས་ལྷའི་གནས་རི་བྱིན་ཅན་ཡིན། 
ངའི་ཐོག་མའི་ལྟེ་ཁྲག་ས་ལ་གཏོར་དུས། 
ངའི་ཨ་ཕས་ལྷ་བསང་གཏོང་སའི་གནས་རི་ཡང་འདི་ཉིད་ཡིན།
ཕར་ཁའི་སྤང་ཁུགས་འདི་ནི། 
ངའི་ཨ་མས་འབྲི་མོ་བཞོ་སའི་མཚེར་ཤུལ་ཡིན། 
ངས་སྐྱེ་བའི་ངུ་སྐད་ཐོག་མ་སྒྲོག་དུས། 
ངའི་ཨ་མས་ང་ལ་ནུ་ཞོ་བསྣུན་སའི་གནས་གཞི་ཡང་འདི་ཉིད་ཡིན། 
ཕྱེ་རྩམ་ཟ་རྒྱུ་མེད་པའི་ཁོར་ཡུག་ནས།
ངའི་ཨ་མས་སློག་ཧྲུལ་གྱོན་ནས།
ང་རང་གཅེས་པར་བསྐྱངས།
ཁ་ཆར་བུ་ཡུག་འཚུབ་པའི་དུས་བབས་ཁྲོད།
ངའི་ཨ་ཕས་སྡོད་སའི་གནས་གཞི་མེད་པར།
ང་རང་གཅེས་པར་བསྐྱངས། 
མནར་སོན་པའི་ལོ་ཟླའི་གོ་རིམ་ནང་།
ངའི་ཨ་ཕས་ང་རང་བླ་མའི་གམ་དུ་ཁྲིད་དེ།
ཐོས་བསམ་བྱེད་པར་རྟིང་སྐུལ་མཛད། 
ངའི་ཨ་མས་ཉིན་མཚན་དུས་དྲུག་མེད་པར།
ང་ལ་བསྐོར་བ་བརྒྱབ་ཏེ་བདག་སྐྱོང་གནང་།  
ཨ་ཕས་ང་ཡུལ་ལ་ལོག་ཐེངས་རེ་རེར།
ངོ་གདོང་འཛུམ་གྱིས་ཁེངས་ཏེ་བསུ་མ་མཛད། 
ཨ་མས་ང་གཞན་ཡུལ་འགྲིམ་ཐེངས་རེ་རེར།
སེམས་པ་སྡུག་གིས་མནར་བཞིན་མིག་ཆུས་སྐྱེལ་མ་བྱས། 
ང་ཨ་ཕའི་ཡ་སྟོད་ཀྱི་མིག་དང་།
ང་ཨ་མའི་ཡ་ཁོག་གི་སྙིང་ཡིན། 
སྙིང་གསོན་པོ་དེ་ཡིན། 
ཁྱེད་གཉིས་གཤེགས་ཤུལ་ན།
ང་ལ་དགའ་བའི་བསུ་མ་མཛད་མཁན་དང་།
མིག་ཆུས་སྐྱེལ་མ་གནང་མཁན་ཞིག་གང་ན་ཡོད། 
ཁྱེད་གཉིས་གཤེགས་ཤུལ་ཏུ།
དཀོན་མཆོག་གིས་ང་ལ།
བཟའ་ཟླ་དང་བུ་ཕྲུག་སོགས་ཅི་ཡང་གནང་བྱུང་མོད། 
ཁྱེད་གཉིས་མེད་པའི་འཇིག་རྟེན་ན།
ང་ནམ་ཡང་ཁེར་རྐྱང་ཡིན། 
རིག་གཞུང་གང་ཞིག་ལ་སྦྱང་བ་བྱས་ཏེ།
ཤེས་རབ་ཀྱི་སྣང་བ་ཅུང་ཟད་ཐོབ་པའི་ཚེ་ནོམ་འདི་ཡང་།
ཞིབ་ཏུ་བསམ་ཚེ།
ཁྱེད་གཉིས་ཀྱིས་ང་ལ་གནང་བའི་མི་ཚེའི་ནོར་བུ་ཡིན། 
ཨ་ཕ། ཨ་མ། ངའི་ངོ་གདོང་གཉེར་མས་གཡོགས། 
སྐྲ་འདབ་དཀར་པོ་གྱུར་ཚེ། 
ངས་ལྷག་ཏུ་ཁྱེད་གཉིས་དྲན་གྱིན་འདུག
བཀའ་དྲིན་འཁོར་མཐའ་མེད་པའི་ངའི་འདས་སོང་གི་ཕ་ལོ། 
སྐུ་དྲིན་གཞལ་མཐའ་བྲལ་བའི་ངའི་འདས་སོང་གི་མ་ལོ། 
ཁྱེད་གཉིས་ད་ལྟ་གང་དུ་བཞུགས། 
ཁྱེད་གཉིས་ཀྱིས་སྐུ་རུས་ས་ལ་མ་འཐོར་བར་དུ།
བུ་ངའི་ཆེད་དུ་འཇིག་རྟེན་འདིར་བརྗོད་ཀྱིས་མི་ལངས་པའི།
དཀའ་སྡུག་ཅི་འདྲའི་མང་བོ་ཅིག་སྤྱད་ཡོད་ཨང་། 
ལུགས་གཉིས་གང་གི་ལམ་དུའང་མ་ཚུད་པའི་བུ་རུལ་ངས།
ཁྱེད་གཉིས་གསོན་པའི་གནས་སྐབས་སུ།
ཞབས་ཏོག་ཅི་ཡང་མ་ནུས་ཤིང་། 
ཁྱེད་གཉིས་གཤེགས་པའི་ཚེ་ནའང་།
དགེ་སྒྲུབ་ཅི་ཡང་མ་འབྱོན་མོད། 
ཡ་ང་སྙིང་རྗེ་མེད་པའི་འཆི་བདག་གི་རླུང་ཁ་ནས། 
བསླུ་མེད་ལས་འབྲས་ཟབ་མོའི་བདེན་ལུགས་ཀྱི་སོ་ཁ་ནས། 
ངས་ནམ་ཡང་ཁྱེད་གཉིས་བརྗེད་པ་མེད། 
ཨ་ཕ། ཨ་མ། སྐྱ་ཐང་ཐང་གི་འཇིག་རྟེན་ནས།
ངས་ངོ་གདོང་མཆི་མས་བརླན་ཏེ།
ཁྱེད་གཉིས་རྗེས་དྲན་བྱེད་ན་འདོད།
གྲང་ཤུར་ཤུར་གྱི་འཇིག་རྟེན་ནས།
ངས་སྐྱོ་བའི་སྨྲེ་ངག་འདོན་བཞིན།
ཁྱེད་གཉིས་རྗེས་དྲན་བྱེད་ན་འདོད།
རི་གསུམ་གྱི་རྩེ་ནས་དྲན་གདུང་རླུང་གིས་བསྐྱོད་དུས།
ཁྱེད་གཉིས་རྗེས་དྲན་བྱེད། 
ལུང་གསུམ་གྱི་མདོ་ནས་ལུས་སེམས་བཙག་གིས་བསྡམས་དུས།
ཁྱེད་གཉིས་རྗེས་དྲན་བྱེད། 
ཨ་ཕ་་་་་་་་་་་་
ཨ་མ་་་་་་་་་་་་
ཁྱེད་གཉིས་མེད་པའི་འཇིག་རྟེན་ན།
ང་ནམ་ཡང་ཁེར་རྐྱང་ཡིན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号