ཧི་མ་ལ་ཡའི་མཐོ་ཚད། 

འཇུ་སྐལ་བཟང།

སྔ་ས་ཞིག་ནས་ཁྱོད་རང་།

ཨ་ཕའི་འུར་ཆ་ཡིས་མི་སླེབས་ས།
ཨ་མའི་བཞོ་དབྱངས་མི་ཐོས་ས།
ནུ་མོའི་རྟོག་འཆར་གྱིས་མི་འདང་ཞིག་ཏུ་ཕྱིན།
རྔུལ་ནག་གཏོར་བའི་ལམ་བུ་ཕྲ་མོ་དེ།
ཁུགས་པ་བརྒྱ་ཕྲག་ཏུ་འཁྱུག་པའི་ཡས་སྣེ་ན།
དེ་རིང་ཁྱོད་ཉིད་མེ་ཏོག་དམར་པོ་ཞིག་ཏུ་བཞད།
མཐོ་ཚད་ཧི་མ་ལ་ཡ་དང་གཅིག་པ་རེད།
དེ་ཉིན་གསེར་གྱི་གཟེངས་རྟགས་ལེན་གནས་ཀྱི།
སྐས་རིམ་མཐོ་ཤོས་དེར་ཕབ་པའི་རྐང་རྗེས་དེ།
མཚོ་སྔོན་པོའི་གཡོན་འགྲམ་གྱི་བྱེ་འདམ་ལ་དོད་པའི།
རྐང་རྗེས་ཆུང་ངུ་དེ་ནར་སོན་པ་རེད་ཟེར།
ངོ་མ་ཡིན་འདུག རྐང་རྗེས་དེ།
འཛམ་གླིང་འདི་གའི་ཆེས་མཐོ་བའི་རྐང་རྗེས་དེ་རེད།
མཐོ་ཚད་ཧི་མ་ལ་ཡ་དང་གཅིག་པ་རེད།
ཁྱོད་གཅིག་པུ་ལ་ཐོབ་པ་མ་ཡིན་པའི་ཁེངས་པ་དང་ངོ་སོ་དེ།
ཡང་རྩེ་དེ་ནས་ཁྱོད་གཅིག་པུས་བཏོགས་འོང་ཉིན།
མཁུར་ཚོས་དམར་པོ་ཅན་དག་གི་སོ་འཛུམ་གྱི་འོ་མ་དེ།
སེམས་ཁ་འཕར་བའི་ཚ་དྲོད་ཀྱིས་མཆུ་ཁུད་ན་ལྷོག་ལྷོག་ཁོལ་མོད།
སྒལ་གཞུང་ན་བརླན་ནས་བསྐམ་བསྐམས་ནས་བརླན་པའི་རྔུལ་ནག
ལྷུ་ཚིགས་ན་ཁོལ་ནས་ཡལ་ཡལ་ནས་ཁོལ་བའི་རུས་ཟུག
རྐང་མཐིལ་ན་བརྡོལ་ནས་རལ་རལ་ནས་བརྡོལ་བའི་ཆུ་ཐུམ།
ཁ་སྐྱུར་དུ་མ་ཁྱོད་གཅིག་པུས་བཏུང་ཉིན་དེ་ཚོའམ་ང་ཚོ་གང་དུ་ཡོད།
ད་དུང་གོམས་གཤིས་དང་གོམས་གཤིས་ཐོང་ཁ་ཕྲད་པ་ལས།
ཚིགས་འཆུས་བྱུང་ཉིན།
མིག་ཟུར་གྱི་རྣོ་སོར་བྱོལ་བ་ལས་སྐྱི་པགས་བཤུད་ཉིན།
བརྡ་སྤྲོད་ཀྱི་བར་ཁྱད་ལ་མཆོང་འགོམ་གྱིས་བཟོས་པའི་འདྲེད་ཤུལ།
ཁ་ཆར་འཁྱག་པོས་ཡུན་གྱིས་གསུབ་ཉིན།
རྨ་ཁ་དང་སྐྱི་ཤུ་ཡོད་ཚད་ལ།
གཟབ་ཆུང་ངང་ཁ་དབུགས་འཇམ་པོས་ཕུ་འདེབས་ཉིན།
ཁྱོད་ཀྱི་ནམ་ཟླ་སྐྱ་མོ་རྟོགས་མཁན་ག་ཙམ་ཡོད།
སེམས་ཁོང་གི་དངངས་འཚབ་མར་གནོན་ཉིན།
སྐྱོ་ཤས་ཀྱིས་ཡིད་ཁོང་ལ་མཆི་མ་འཁྲུགས་ཉིན།
ལན་མེད་པའི་འདྲི་ཚིག་དུ་མ་མགྲིན་ཁོག་ཏུ་བཙན་གྱིས་མིད་ཉིན།
རྨི་ལམ་དྲོད་མོའི་ཡུལ་ལ་གློ་བུར་དུ་འཇག་སྐྱ་འཚུབ་ཉིན།
སེམས་མཐིལ་ལ་བུ་ག་ཡེ་མི་བརྡོལ་བ།
མཐོ་ཚད་དེ་ཉིད་རྒྱང་རིང་ནས་མཐོང་བ་ཨེ་ཡིན།
གང་ལྟར་ད་ལྟ།
མཐོ་ཚད་ཧི་མ་ལ་ཡ་དང་གཅིག་པ་རེད།
སླད་མའི་ཆར་ཡང་།
སད་མ་ཀར་དང་ཁྲི་མ་ལོད་ཀྱི་སྤོབས་པ་དྲོན་མོའམ།
མྱང་ཚ་དཀར་རྒྱན་གྱི་འཆི་བ་མེད་པའི་ཞེ་རུས་སོགས།
ཁྱོད་ལ་ཇི་ལྟར་འབོགས་པ་དེ་ལྟར་དུ།
སྙིང་རྩ་འཕར་སྟངས་རིགས་མཚུངས་སུ་ཡོད་པ་དག་ལ།
ཚ་དྲོད་མ་ཡལ་བའི་ལག་བརྒྱུད་ཅིག་ཅིས་ཀྱང་དགོས་ཨང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号