བདག་གི་རྩྭ་ཐང་།

དཔལ་མོ།

ཉི་འོད་ལྟ་བུའི་བརྩེ་སེམས་ཀྱི་ཁུག་ཏུ།
འཛེམ་དོགས་མེད་པར་སྒྲེན་མོར་མངོན་ཏེ།
ལུས་པོ་དང་སེམས་པ་ལྷོད་ཤིག་གེར་མཉེས་གཤིན་གྱི་རྩྭ་ཐང་དེ་ལ་རེག་ཐེངས་རེར།
ང་རང་ནམ་ཡང་མར་ལོ་ལྟར་ཞུ་འགྲོ།

མགོ་བོ་རྩྭ་ཐང་གི་བྲང་ཁར་གླན་ཏེ།
མིག་ཟུང་ག་ལེར་བཙུམས་ན།
བྲེལ་ཟིང་དང་སྐྱོ་ངལ་གྱི་སྒོ་མོ་ཡུན་རིང་ལ་བརྒྱབ་ཆོག

རྩྭ་ཐང་དེའི་པང་ལ་འོ་མ་ལྟར་འཁྱིལ་དུས།
ངས་ཐག་རིང་ཞིག་བསམ་མ་མྱོང་ལ།
ཐག་ཉེ་ཞིག་དྲན་ཡང་མི་འདོད།

ང་ལ་བརྩེ་དུང་ཡོད།
ང་ལ་རྩྭ་ཐང་ཡོད།
ངའི་དྲན་ཤེས་ཀྱི་སྤང་ཁུག་རེ་རེ་ན།
ནེམ་ཤ་སྟེར་བའི་ལྗང་ལོ་རེ་རེ་ཡུལ་དུས་ཀྱི་དབྱེ་མཚམས་མེད་པར།
བརྩེ་ཞེན་གྱི་བརླན་དྲོད་ལ་བསྡོངས་ནས།
མེ་ལྕེ་བཞིན་རྟག་ཏུ་འབར་གྱིན་ཡོད།

ད་ལྟ། 
ངའི་མིག་དབང་ལ་ལྗང་ལྟེམ་ལྟེམ་འཁྱིལ་བ་འདི
ཡིད་ཀྱི་རྦ་རླབས་སྒུལ་བ་འདི།
ལུས་པོ་ལ་ནེམ་གཤེས་བསྒོ་བ་འདི།
སེམས་ཀྱི་ཟབ་སར་ལྷུང་བ་འདི།
ཤོར་མྱོང་བའི་རྩྭ་ཐང་ཆེན་མོ་འདི།
སླར་ཡང་ང་ལ་ཐོབ་བྱུང་བ་ཡིན་ནམ།

ད་ལྟ།
ང་རང་ཁྱོད་ལ་འཐིམ་བཞིན་ཡོད།
བདག་གི་རྩྭ་ཐང་ལ་ཆུ་ཐིགས་ལྟར་འཐིམ་བཞིན་ཡོད།

མེ་ཏོག་རྐང་གཅིག་ལ་གཡོ་རྫུན་མེད་པར།
ཉི་འོད་ཀྱི་ངོགས་སུ་ཞུ་སྟེ།
རྣམ་ཤེས་དང་ལུས་པོ་ཐམས་ཅད།
ཁ་ཞེང་སྐྱོམས་པའི་ལྗང་མདོག་ཁྱོད་ལ་འཐིམ་བཞིན་ཡོད།

འདི་རུ་སྤྲིན་དཀར་ཡོད། འདི་རུ་གླག་རྒོད་ཡོད།
འདི་རུ་ཁྱོད་རང་སྟེ་བདག་གི་རྩྭ་ཐང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号