མཚན་ངོགས་སུ།

ཁྱུང་གཤོག

མཚན་ངོགས་སུ།

ཟླ་ཟེར་ཀྱི་ཟེགས་མ་བགོས་པའི་ཞི་འཇམ་གྱི་རྨི་ལམ།

གོས་ཆེན་འབྲུག་མའི་རུམ་ཁར་ཡང་ཡང་འཛུལ།

མཚན་ངོགས་སུ།

ཁེར་རྐྱང་གི་གླུ་སྐད།

བདུད་རྩི་བསིལ་བསིལ་ལྟར་བབས་ཏེ།

ཞེན་ཆགས་ཀྱི་ནགས་ཚུལ་མེ་རུ་བགོས།

མིག་ཆུས་མུན་པ་བཤགས།

དུས་ཚོད་དང་དྲན་པ་ནང་དུ་བསྡུས།

བར་ཐག་དང་ཁེར་རྐྱང་མཐའ་རུ་དེད།

རི་ར་བ་ཁང་ཁྱིམ་ལ་ཁྱེད་ཀྱི་འཛུམ་མདངས་ཕབ།

མཚན་ངོགས་སུ།

བདག་སེམས་ཀྱི་དཀར་ཁུང་ལས།

དྲན་གདུང་གི་འོ་མཚོ་བྲུག་སྟེ།

རྣམ་ཤེས་ཀྱི་རྒྱུན་ཐག་ལས་བརྡོལ་ནས།

དགུ་ཚིགས་སྐྱ་མོའི་གཞུང་ལ་འདྲེས།

མཚན་ངོགས་སུ།

ཁེར་རྐྱང་ནི་མཁའ་མཐའི་ཟླ་བ་སྒོར་སྒོར་དེ་ཡིན་པར་འདོད།

དྲན་གདུང་ནི་རྩིས་ན་རྫོགས་རྒྱུ་མེད་པའི་སྐར་ཚོགས་དེ་ཡིན་པར་འདོད།

མཚན་ངོགས་སུ།

དབེན་འཇགས་ཁོ་ནས་མཚན་མོའི་རྩྭ་ཐང་སྲུང་།

ཁ་དོག་མེད་པའི་དུས་ཚིགས་ཀྱི་ངོ་གདོང་།

ཁོ་མོའི་མིག་ཟུང་སྒོར་སྒོར་གྱི་རློན་ཤ་དང་འགྲོགས་ནས།

ཕྱེད་ཀ་གཉིས་སུ་གས་པའི་བདག་སེམས་ཀྱི་བུ་གར་བརྒྱུས།

མཚན་ངོགས་སུ།

རི་རབ་དང་སྐར་ཚོགས།

གཙང་ཆེན་དང་ལུག་ཁྱུ་གཉིད་ཟིན་ནའང་།

ངའི་ཟུངས་ཁྲག་ལྷོག་ལྷོག་གདུ་བར་བྱེད།

ངའི་རྨི་ལམ་ལྷབ་ལྷུབ་འཕུར་བར་རྩོམ།

ངའི་དྲན་གདུང་ཡོམ་ཡོམ་འཕྱོ་བར་བྲེལ།

མཚན་ངོགས་སུ།

ཡལ་ནས་འགྲོ་བཞིན་པ་ཟླ་འོད་དང་སྐར་ཚོགས་ཁོ་ན་ཙམ་མ་ཡིན་པར།

རྨི་ལམ་གྱི་སྣེ་གཅིག་ཏུ་ཁེར་རྐྱང་གིས་བཞད་པའི།

བརྩེ་དུང་གི་ཟིལ་བ་ཁུར་བའི་ཁྱོད་ཀྱི།

འདི་ཕྱི་སྒུལ་བའི་སྙིང་གཏམ་གྱི་མངར་ཁ་རེ་རེ།

བདག་གི་རྨི་ལམ་གྱི་མཁའ་དབྱིངས་ནས།

སྐལ་བའི་གཙང་ཆེན་བརྒལ་ཏེ་ཕྱིར་ཡོང་མེད་པ་དེའོ། །

མཚན་ངོགས་སུ།

རི་རབ་བཞིན་བརྟན་པོར་འགྲེང་རུང་།

ཁྱོད་ཀྱི་མིག་ཆུ་རྡོག་མ་གཅིག་གིས་སྒུལ་ཐུབ་པ་དེ།

ཏག་ཏག བདག་གི་རྣམ་ཤེས་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号