འགོང་པོ་རང་གི་སྟེང་ནས་ཟློགས་མཛོད་ཅིག

རྔོག་བུ་བདུད་མགོན་ཚེ་རིང་།

འབད་རྩོལ་བརྩོན་པའི་གཞན་དུ་ནོར་ལྷ་མེད། །
རིག་པའི་གཞུང་ལུགས་གཞན་དུ་གཏེར་བདག་མེད། །
རང་ཉིད་ལས་གཞན་ཡུལ་ལྷ་སྐྱེས་ལྷ་མེད། །
རང་དོན་རང་གིས་འབུངས་ཏེ་སྒྲུབས་མཛོད་ཅིག །

དོན་མེད་མནོག་ཆུང་ལས་གཞན་གདོན་འདྲེ་མེད། །
རྨོངས་དད་ཟོབ་ཟོག་ལས་གཞན་དགྲ་བོ་མེད། །
སྒྱིད་ལུག་ལེ་ལོ་ལས་གཞན་བདུད་མེད་པས། །
འགོང་པོ་རང་གི་སྟེང་ནས་ཟློགས་མཛོད་ཅིག །

དྲིན་ཆེན་ཕ་མ་ལས་གཞན་སྐྱབས་མགོན་མེད། །
སྒོ་ཕྱུགས་ནོར་ལུག་ལས་གཞན་དངོས་གྲུབ་མེད། །
རྒྱུ་འབྲས་དཀར་ནག་ལས་གཞན་ཆོས་མེད་པས། །
ཁྱིམ་པས་ཁྱིམ་ནས་བྱིན་རླབས་ཚོལ་རོགས་མཛོད། །

ནམ་ཟླའི་འགྱུར་བ་ལས་གཞན་སྒྱུ་འཕྲུལ་མེད། །
སྟོན་གྱི་འབྲས་བུ་ལས་གཞན་གྲུབ་རྟགས་མེད། །
ལྟོ་གོས་ཚིམས་ལས་བདེ་སྐྱིད་གཞན་མེད་པས། །
རྟག་ཏུ་འཁོར་བའི་འཚོ་ཚིས་གཡེལ་མེད་མཛོད། །

ཉི་མ་ཟླ་བ་ལས་གཞན་ཚ་གྲང་མེད། །
ཉོན་མོངས་དུག་ལྔ་ལས་གཞན་སྡུག་བསྔལ་མེད། །
ནངས་དང་སང་ལས་འདི་ཕྱི་གཞན་མེད་པས། །
ད་ལྟ་རང་སེམས་རང་གིས་འཆུམས་མཛོད་ཅིག ། 
2024.5.9ཉིན་ཟི་ལིང་མཁར་ནས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号