ཁ་གཡང་ཁ་བཏགས་ལྷ་དགུ་མ།

རྡེའུ་དཀར།

ཤེས་རབ་སྒྲོན་མེ་སྔར་བཞིན་མཐོ་རུ་འདོགས།།

ནམ་མཁའི་མགུལ་ལ་ཉི་ཟླ་བཏགས་པ་བཞིན།།

སྐར་ཚོགས་མང་པོའི་ཕྲ་རྒྱན་བཏབ་པ་བཞིན།།

ནམ་ཡང་གསལ་སྒྲིབ་མེད་པའི་གནམ་ལོ་བསུ།།


བརྩོན་འགྲུས་རྟ་ཕོར་སྔར་བཞིན་ལྕག་གིས་སྐུལ།།

ལྡོག་མེད་རི་གཟར་རྦབ་རྒོད་འགྲིལ་བ་བཞིན།།

དལ་འབབ་རྨ་ཀླུང་རིང་མོའི་བཞུར་རྒྱུན་ལ།།

ཤེས་རིག་གསེར་ཉ་རྩེན་པའི་བཀྲ་ཤིས་ཤོག།


ཁྱིམ་ཕུག་དཔེ་ཚོགས་ཐར་བའི་ལམ་དུ་སྒོམ།།

ཀ་ཁའི་འོད་ཀྱི་རྨུ་ཐག་འཐེན་བཞིན་འགྲོ།།

དབྱངས་གསལ་མེ་ཏོག་བཏུ་བའི་རྣམ་དཔྱོད་ལ།།

མི་འདོད་རྐྱེན་གྱིས་མི་ཐུབ་བདེ་ལེགས་ཤོག།


གཏི་མུག་མཛེས་མའི་གཡོ་འོག་མི་ཚུད་ཅིང་།།

ལེ་ལོ་དགྲ་བོའི་ཞགས་པ་གཅོད་ལ་འགྲོ།།

ཕུགས་བསམ་མངོན་འགྱུར་ཡོང་བའི་རྔ་བོ་ཆེ།།

མུ་མཐུད་རྡུང་བཞིན་རིགས་ཀྱི་ལོ་སར་བསུ།།


ཀ་ཁའི་ལུག་ཁྱུ་སྐར་ཚོགས་བཀྲམ་འདྲ་སྟེ།།

སེམས་ཀྱི་ཁ་ཚུབས་ནང་ནས་བརྩི་བཞིན་འགྲོ།།

སྦྲ་ནག་སྒོ་དར་འོག་ནས་ལྟ་ཞིང་འགྲོ།།

ཁྱི་སྤྱང་འཇབ་རྒོལ་མེད་པའི་གནམ་ལོ་བསུ།།


སེམས་ཀྱི་རི་ལ་ལ་རྒྱའི་དར་ཤིང་འཛུགས།།

ལ་རྒྱའི་དར་ལ་མཐུན་སྒྲིལ་དར་ལྕེ་འདོགས།།

རིགས་ཀྱི་རླུང་རྟ་སྲོལ་རྒྱུན་རི་ལ་བསྐྱོད།།

བརྩེགས་འདོགས་དཔའ་མཁར་བསྟོད་དང་ལོ་སར་བསུ།།


སྣང་བའི་ལྡུམ་ར་ཆུང་ཆུང་བརྩེ་བས་སྐྱོང་།།

བརྩེ་དུང་ཟེའུ་འབྲུ་སེམས་ཀྱི་མི་ལ་མཆོད།།

སེམས་ཀྱི་མི་ལ་གསེར་གྱི་འདང་ཞིག་འཇོག།

འདང་ལ་ཕྱི་ཐག་རིང་བའི་གནམ་ལོ་བསུ།།


ལྷག་བསམ་ཁ་བའི་མེ་ཏོག་མཁའ་ནས་ཐོར།།

བྱམས་བརྩེ་ཉི་ཟེར་དྲོན་མོའི་འཛུམ་དཀར་སྟོན།།

མཛའ་མཐུན་གངས་ལ་སྔར་མེད་འོད་ཀྱིས་ཁྱབ།།

མདུན་ལྗོངས་མཁའ་ལས་ཡངས་པའི་ལོ་སར་བསུ།།


རིག་པའི་རྟ་བོར་གསེར་གྱི་སྒ་ཆ་སྤྲས།།

ཤོག་དཀར་ཐང་ལ་བློ་གསལ་སྐྱ་རྩལ་ངོམས།།

ཕ་ཤུལ་བུ་ཡིས་ཟིན་པའི་རྟེན་འབྲེལ་ཡོད།།

ཁ་གཡང་ཁ་བཏགས་ལྷ་དགུའི་ལོ་སར་བསུ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号