ཁྲེལ་གཞུང་མེད་པའི་ཨ་རག

ཞི་བདེ་ཉི་མ།



ཨ་རག་ཟེར་བ་དེ།

ཕྱི་གསལ་ནང་གསལ་གྱི་ཆུ་ཞིག་དང་།

ཁྲེལ་གཞུང་མེད་པའི་ཆུ་ཞིག་རེད།

དེ་དང་ལྷན་དུ་ཁྲེལ་གཞུང་མེད་པ་དེ།

རྫུན་གཏམ་བག་མེད་དུ་སྐྱུག་ནས།

མི་ཡི་ཡིད་རྟོན་རྫབ་དོང་ལ་བཟོ་བའི།

ཁྲེལ་གཞུང་མེད་པའི་ཆང་ཚོང་མ་དེ་རེད།

 

བསམ་གྱིན་བསམ་གྱིན།

ཁྲེལ་གཞུང་མེད་པ་དེ་ཆང་ཚོང་མ་ཁོ་ན་ག་ལ་ཡིན།

ཁྲེལ་གཞུང་མེད་པ་དེ་ཆུ་ཁོ་ན་ག་ལ་ཡིན།

ཆུ་དེ་རྫས་འགྱུར་ལ་བཟོ་མཁན་གྱི།

ཁྲེལ་གཞུང་མེད་པའི་ཚན་རིག་པ་དེ་རེད།

ཁྲེལ་གཞུང་མེད་པའི་བཟོ་པ་དེ་རེད།

ཁྲེལ་གཞུང་མེད་པའི་སྒོར་མོ་བརྩེགས་རིམ་གྱི་རྒྱབ་དུ།

རྐང་བྲོ་ལག་བྲོ་འཁྲབ་བཞིན་པའི།

ཁྲེལ་གཞུང་མེད་པའི་ཚོང་པ་དེ་རེད།

 

བསམ་གྱིན་བསམ་གྱིན།

ཁྲེལ་གཞུང་མེད་པ་དེ།

དེ་དག་ཁོ་ནའང་ག་ལ་ཡིན།

ཁྲེལ་གཞུང་མེད་པ་དེ།

ཁྲེལ་གཞུང་མེད་པའི་ཆུ་དེར།

ཁྲེལ་གཞུང་མེད་པར་རིན་གོང་མཐོན་པོ་སྤྲད་དེ།

ཁྲེལ་གཞུང་མེད་པར་རང་ཉིད་བག་མེད་ལ་གཏོང་མཁན་གྱི།

ཁྲེལ་གཞུང་མེད་པའི་ཆང་རྐྱལ་ཀླད་སྟོང་ང་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号