དབྱངས་ཅན་གྱི་མགྲིན་པ།
རང་མདངས།
འགྱུར་ཁུག་ངག་གི་སྒོ་ཁ་ན། །
དྲན་པའི་མེ་ལོང་གསལ་བ་ལ། །
ལྷུན་གྲུབ་དབྱངས་ཀྱི་བརྡ་ཐབས་དེ། །
སྨྱུག་རྩེའི་ཕྱག་ལ་སྩོལ་རོགས་ཀྱེ། །
སྲིད་ཞིའི་གླུ་ཆུང་འགུག་པ་མོ། །
ཚོར་བའི་ཟིན་ཐོ་འགོད་པ་མོ། །
སྙན་ངག་སྒྱུ་རྩལ་འཁྱུག་པ་མོ། །
ཐམས་ཅད་བདག་མོ་ཁྱོད་ལ་བསྟོད། །
ཁྱོད་གདོང་སྤྲིན་དཀར་དབྱིངས་ན་མཛེས། །
ཁྱོད་གསུང་ཁུ་ལོ་ནགས་ན་སྙན། །
ཁྱོད་མཛེས་སྲིད་ཞི་གཉིས་ན་འགྲན། །
ཁྱོད་ནི་ལྷ་མོ་དབྱངས་ཅན་ཡིན། །
ཁྱོད་སྐུ་རི་བོ་བཞིན་དུ་བརྗིད། །
ཁྱོད་གསུང་རྒྱུད་མངས་བཞིན་དུ་སྙན། །
ཁྱོད་ཐུགས་ལྷ་ལམ་བཞིན་དུ་མཐོ། །
ཁྱོད་ནི་དུས་གསུམ་སངས་རྒྱས་ཡིན། །
རབ་དཀར་གདོང་གི་ཟླ་བ་ལ། །
རབ་མཛེས་ལང་ཚོའི་འོད་སྟོང་འཕྲོས། །
རབ་དགའ་དཔྱིད་ཀྱི་དོ་ར་ན། །
རབ་མཉེན་ལུས་ཀྱི་སྒེག་པ་ཡག །
དབྱངས་ཅན་ཟླ་གཞོན་བསིལ་བ་ཡིས། །
མོས་ལྡན་མེ་ཏོག་ཅིས་ཀྱང་མཛེས། །
ཚིག་མགུར་མགྲིན་པའི་གོ་ར་ན། །
ངག་དབང་ལྷ་མོས་གཟིགས་སྐྱོངས་མཛོད། །
དྲན་པ་འདི་ཡི་ཕར་ངོགས་ན། །
དུང་སེམས་གཅིག་གི་ཚུར་ངོགས་ན། །
ཚོར་བའི་གར་སྟེགས་ཆུང་ཆུང་ལ། །
བདུན་འགྱུར་རིག་པའི་གཤོག་ཟུང་རྐྱོངས། །
ཡར་ཀི་སྲིད་པའི་རྩེ་མོ་ན། །
མར་ཀི་ན་རཀ་དམྱལ་བ་ན། །
དགའ་སྐྱོ་སྣང་བའི་གཟུགས་རིས་ལ། །
གྲོགས་དང་རམ་འདེགས་ཁྱོད་ཉིད་གཅེས། །
རི་ལུང་སྟོང་གི་ཕར་ཕྱོགས་ན། །
ཆུ་མོ་འདི་ཡི་ཚུར་ཕྱོགས་ན། །
ལས་དང་འཕྲིན་པ་དབྱངས་མགུར་འདི། །
བརྩེ་ལྡན་ལྷ་མོས་སྐུད་པ་སྦྲེལ། །
ཀ་ཁ་ཚིག་མགུར་གཞས་ཐུང་གི །
དབྱངས་ཀྱི་ང་རོ་སྒྲོག་པ་ཡིས། །
རྗེས་འཇུག་སྐལ་ལྡན་བུ་སློབ་འདིར། །
གདངས་ཀྱི་སྲིད་མཐར་བགྲོད་པར་ཤོག །
སྣང་བ་བློ་ཡི་ཆོ་འཕྲུལ་གྱི། །
རིག་པའི་རང་སར་ཟིན་པ་ནས། །
བདེ་གཤེགས་བཀའ་ལུང་ཇི་བཞིན་དུ། །
བདེན་པའི་ལམ་སྣ་ཕྱིན་པར་ཤོག །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注