ལྷ་སྐལ་ཐོབ་པའི་སྐྱེས་ཆེན།

མགར་ཐང་དཀར།

— སྐུ་ཞབས་དབྱངས་དགའ་ལགས་སྐུ་མྱ་ངན་ལས་འདས་པར་སྦྱར།



ཁ་བའི་ཁྲོད་དུ་ལྕགས་ཀྱི་མེ་ལོང་ལྡག་མཁན་དེ་ནི་ང་ཚོ་ཡིན།

འོན་ཏེ།

ཉི་ཟེར་ལྟེ་བ་རུ་དཔྱངས་པའི་དངུལ་གྱི་མེ་ལོང་ཁྱོད་རྒྱང་དུ་ཡལ་སོང་།

ད་ནི་ང་ཚོས་རྐང་ལམ་དང་གཞུང་ལམ་གྱི་མཐུད་སྣེ་རུ།

རབ་མི་ཆོད་པའི་མུན་ནག་ཡོད་པ་གཞི་ནས་རྟོགས།

ཀྱེ་ཀྱེ།

ལྷ་སྐལ་ཐོབ་པའི་སྐྱེས་ཆེན་ཁྱོད་ཕྱིར་ལ་ཕེབས་ཤོག



གདུང་སེམས་ཀྱི་སྤྲིན་ནག་རབ་ཏུ་འཁྲིགས་པའི་དུས་དེ་རིང་།

ང་ཚོས་ཁྱོད་ཀྱི་ཞབས་རྗེས་བཞིན་བཀོད་པའི་དེབ་ཐེར་ལ་མགོ་བོ་གླན་ཏེ།

སྡུག་བསྔལ་གྱི་རྣམ་གྲངས་ཁྲི་འབུམ་མྱོང་གིན་ཡོད།

བྱེ་མར་འཐག་པ་ལྟ་བུའི་ས་སྐྱ་སྤར་བར་བསྡམས་ནས་སྨྲེང་བ་བརྗོད་བཞིན་ཡོད།



གངས་རི་དང་གཙང་པོ་སྔས་སུ་བྱས་པའི་ཡུལ་གྲུ་འདིར།

མི་ཕོ་ཁྱོད་ནི་མཁའ་དབྱིངས་སུ་འཕུར་བའི་ཁྱུང་ཆེན་རྒོད་པོ་ཞིག

ང་ཚོས་ཁྱུང་ཆེན་འཕུར་ཤུལ་དུ་མིག་ཟུང་བསྲིངས་ཐེངས་རེར།

ས་ལ་བབས་པའི་ཁ་བའི་ལོ་མའི་ངོས་སུ་ཁྱོད་ཀྱི་གཟུགས་བརྙན་མཐོང་ཡོང་།

ཁྱོད་ཀྱིས་བཞག་པའི་གཤོག་རྩལ་དང་རྒྱལ་ཁམས་པའི་གད་རྒྱངས་ཚོར་ཡོང་།



རྣམ་དཔྱོད་ཀྱིས་རབ་ཏུ་མནན་པའི་ཁྱོད་ཀྱི་ཟིལ་ཤུགས་དེས།

རྒྱང་རིང་དུ་སྐྱོད་བྱེད་ཀྱི་གཟིངས་ཆེན་ལ་གྲུ་གཡོར་བསྒྲེངས་བྱུང་།

ཆོལ་ཁ་གསུམ་གྱི་མགོ་ཐོག་གི་ནམ་མཁའ་ཡངས་པར་ཕྱེས་སོང་།

གཟི་བཇིད་ཀྱི་ལས་འགན་གཟི་བརྗིད་ཀྱིས་བསྒྲུབས་པའི།

མཐོ་སྒང་གི་སྐར་མ་འོད་ཆེན་ཁྱོད་བདེ་བར་བཞུད་ཅིག་ཨང་།



དབྱངས་དགའ་ལགས།

སྤྱིར་ཁྱོད་ནི་ཚིག་གི་ལྷན་པ་མི་མཁོ་བའི་དབྱངས་ཅན་མའི་སྲས་པོ།

རབ་ཀྱི་བསྟོད་བསྔགས་མི་དགོས་པའི་ཏིང་འཛིན་གྱི་རྣལ་འབྱོར།

འོན་ཀྱང་ང་ཚོ་ནི་ཕལ་བའི་མི་སྟེ་ཕལ་བའི་ཚིག་གིས་ཁྱོད་ལ་སྐྱེལ་མ་ཞུ།

ནམ་འཕང་དབྱིངས་སུ་བསྟད་ཀྱང་སྨོན་ལམ་ཡུལ་དུ་བསྐྱུར་བྱུང་།

གང་ལྟར་ཁྱོད་ཀྱིས་མི་ཡུལ་དུ་བཞག་པའི་ཟས་རན་ལ་བཀའ་དྲིན་ཞུ།



དབྱངས་དགའ་ལགས།

མི་ཡུལ་དུ་རིན་ཆེན་གྱི་སྐར་མ་ཤར་ཐེངས་ཉུང་བ་ནི་ཆོས་ཉིད་དུ་གྲུབ།

དེ་བས་ཁྱོད་རང་བཞུད་པར་འཁང་ར་དང་འདྲི་རྟགས་གང་ཡང་མེད།

རླབས་ཆེན་གྱི་རྡོ་རིང་ཞིག་བརྟན་ཚུགས་སུ་འགྱིངས་པ་ནི་ང་ཚོའི་ང་རྒྱལ་ལགས།

མདོར་ན་ཁྱོད་རང་མཐོ་སྒང་གི་ཆེད་དུ་མཐོ་སྒང་ནས་འཁྲུངས་པར་སྐུ་དྲིན་ཆེ།

སད་ཀྱིས་བཅོམས་པའི་མེ་ཏོག་དེ་དག་གི་ཕྱིར་དུ་དྲོད་སྣང་སྦྱིན་པར་སྐུ་དྲིན་ཆེ།



ལགས། ཡིན་ཡང་།

ཡི་གེ་བའི་ནགས་ཚལ་དུ་སྟོང་ཆ་ཞིག་ལྷང་ལ་བུད་པས་ཡིད་རེ་སྐྱོ།

ཐ་སྙད་ཀྱི་རྫ་བུམ་ལས་འོད་སྣང་ཞིག་ཧྲིལ་གྱིས་ཆད་པས་འགྱོད་རེ་ཆེ།

གདུང་བ་གླུ་རུ་ལེན་པའི་དུས་འདིར་ངས་སྨྲ་བ་བཅད་དེ།

སྐྱེས་ཆེན་ཁྱོད་ལ་སྙན་ངག་ཟེར་བའི་ཚེ་འབར་འདི་བསྒྲོན་པ་ལགས།

གནམ་གྱིས་མི་ཁོག་པའི་ཕོ་རབ་ལགས་བདེ་བར་བཞུད་ཅིག


2023ལོའི་ཟླ11པའི་ཚེས་པ19ཉིན་ཤར་མར་བྲིས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号