ཨེ་ཡིག་སུམ་ཅུའི་མཆོད་སྤྲིན།

རྩོམ་པ་པོ། འོད།

ཀེ་ལ་ཤ་བཞིན་མཛེས་སྡུག་རྒྱུན་བསྲིངས་པའི། །

ཁེ་གཙང་རིག་པའི་གནས་བཅུའི་འཇོ་སྒེག་གིས། །

གེ་སར་འཛུམ་ལྟར་སློབ་ཚོགས་པད་ཚལ་ཁྱོན། །

ངེ་མོ་རྒྱས་མཛད་བཤེས་གཉེན་ཉི་མས་སྐྱོངས། །


ཅི་རིགས་ཤེས་བྱའི་དགའ་ཚལ་ལྷུག་པོར་གྲོལ། །

ཆི་ལེར་བསླབ་གསུམ་བསུང་གི་སྤོས་ངད་ལྡང་། །

ཇི་སྲིད་བརྟུན་པའི་རླབས་ཕྲེང་མཁའ་རུ་བསྐྱོད། །

ཉི་གཞོན་དམ་ཆོས་འོད་ཀྱིས་བཀང་བར་ཤོག །


ཏུ་རེ་བྱམས་བརྩེ་ཟླ་བའི་སྒེག་འཛུམ་སྲིང་། །

ཐུ་མིའི་བརྡ་སྤྲོད་གཞུང་ལུགས་སྒྲོན་མེ་སྦར། །

དུ་མའི་ཚེ་རབས་ཕྲེང་བར་འཇལ་དཀའ་བ། །

ནུ་ཞོའི་རྒྱུན་གྱིས་གསོས་པའི་སློབ་གསོ་ཉིད། །


པོ་ཏིའི་རིགས་གཞུང་རྒྱ་མཚོའི་རྩེ་དགའ་དགྱེས། །

ཕོ་རབས་མཁས་མཛངས་ཉི་ཟླའི་དཔལ་གྱི་ཟླ། །

བོ་དུང་མཆོག་ལྟར་མདོ་ཁམས་ཡུལ་གྲུའི་ཁྱོན། །

མོ་བཟང་སྲས་ཀྱི་སྙན་གྲགས་ཕྱོགས་བཞིར་ཁྱབ། །


ཙེ་ནེའི་ཐུགས་རྒྱུད་བྱང་ཆུབ་བདུད་རྩིས་བརླན། །

ཚེ་གང་གཏན་བདེའི་གོ་འཕང་དཔལ་ལ་བསྙེག །

ཛེ་ཏཱ་ར་ཡི་ལེགས་གསུང་དགོངས་པའི་བཅུད། །

ཝེ་ཝལ་མ་ལུས་ཐོས་བསམ་སྒོམ་པར་བརྩོན། །


ཞི་དུལ་ལྷག་བསམ་འོ་མའི་ཐུགས་དཔྱོད་ཡངས། །

ཟི་བྲལ་ཕན་བདེའི་གསུང་གི་དབྱངས་སྙན་གཡོ། །

འི་མཛེས་སྐུ་གཟུགས་མཚན་དཔེ་གཟི་བྱིན་རྒྱས། །

ཡི་རང་དོན་གྱི་ཁུར་བཞེས་དགེ་རྒན་བསྔགས། །


རོ་སྙོམས་ཕུན་སུམ་ཚོགས་པའི་སྙན་ངག་ནོར། །

ལོ་གཞོན་སློབ་བུའི་མགྲིན་པའི་སྐྱེས་སུ་བསྩལ། །

ཤོ་ལོའི་ཚིག་ཕྲེང་བསྟར་བའི་སུམ་རྟགས་ཀྱང་། །

སོ་སོར་ཉུང་ཙམ་རྟོགས་འདི་ཁྱེད་དྲིན་ལགས། །


ཧེ་ཧེ་ཞེ་འདུན་དབྱངས་ཀྱི་འཛུམ་དཀར་ལ། །

ཨེ་མ་ཐོས་པའི་བཀའ་དྲིན་གཏམ་སྦྱར་ནས། །

ཧེ་ཧེ་མདོར་བསྡུས་ཚིག་རྒྱན་མཆོད་སྤྲིན་འདི། །

ཨེ་མ་དགེ་བའི་བཤེས་ཀུན་མཉེས་ཕྱིར་འབུལ། །


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号