བསྟོད་ཚིག་གསེར་གྱི་མེ་ཏོག


གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ལ་ཕུལ་བ། 

གངས་རྩེ་སྨྱུག རྨ་ལྷོ།


ཀ་མ་ལ་ལྟར་ཁྲི་ཤོར་རྒྱལ་མོའི་རླབས་ཕྲེང་སྐྱོམ་པའི་འགྲམ་ངོགས་སུ།།

 ཁ་བ་ཅན་ལ་རིགས་ཀྱི་སྲས་མོ་གངས་དཀར་ཨ་མའི་མངལ་ལས་འཛུམ།།

  ག་ལེར་ལང་ཚོའི་གཉོམ་ལག་འཁྲི་ཤིང་དཔག་བསམ་ལོ་འདབ་རྒྱས་པ་ན།།

ང་ཡི་མདོ་སྨད་ས་ཡི་ཐིག་ལེར་གསེར་མདོག་རྨི་ལམ་འོད་ཀྱིས་སྒེག།


ཅ་རིལ་ལྟ་བུར་འཁུམས་ནས་མ་བསྡད་ཕ་ཡུལ་རྩྭ་ཐང་རྒྱང་བསྐྱུར་ནས།།

ཆ་མེད་ཡུལ་གྲུ་ཞབས་ཀྱིས་བཅག་སྟེ་ཕུགས་བསམ་རྔུལ་ཆུས་ཡང་ཡང་བརླན།།

ཇ་ཡུན་ཙམ་ཡང་སྟོང་ཟད་མ་བཏང་རེ་བའི་ལམ་ཆེན་རྡོག་པས་མནན།།

ཉ་མོའི་འཁྱུག་གར་མཚོ་ལས་ངོམ་བཞིན་ཡངས་པའི་ས་ཆེན་གོམ་པས་གཞལ།།


ཏ་ལའི་འདབ་ལྟར་ཁྱེད་ཀྱི་སྨོན་འདུན་རི་ཆུ་སྟོང་ཕྲག་བརྒལ་ནས་རྒྱལ།།

ཐ་དད་མི་རིགས་རྐང་མགྱོགས་ཁྲོད་ནས་གཟི་བརྗིད་གངས་ལ་མི་ཤོང་བ།།

ད་ལྟ་འཛམ་གླིང་ཁྱོན་ལ་བསྒྲགས་འདི་ནམ་ཡང་ལོ་རྒྱུས་རྡོ་རིང་བཞིན།།

ན་གཞོན་རྒན་དར་ཡོངས་ཀྱི་དབུས་ན་ལྷང་ངེ་ལྷན་ནེ་ལྷམ་མེར་གསལ།།


པ་སངས་མཁའ་ལ་འོད་དུ་འཚེར་འདྲའི་གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད།།

ཕ་ཕུལ་ལྗོངས་སུ་གསེར་གྱི་མཚན་སྙན་མུ་ཏིག་ཁ་བའི་རྒྱན་དུ་བཏགས།།

བ་དན་ཇི་བཞིན་བོད་ཡུལ་ཁམས་ན་བསྟོད་སྔགས་དབྱིངས་ལ་མཐོན་པར་བསྒྲེངས།།

མ་འོངས་གསེར་དང་གསེར་གྱི་རྟགས་མས་གངས་དང་གངས་ལ་གཟི་བརྗིད་བསྐྲུན།།


ཙ་རིའི་གངས་དང་མཚོ་ཆེན་ཁྲི་ཤོར་ཉི་ཟླ་རི་བོའི་འདབས་རོལ་བཅས།།

ཚ་བོ་ཚ་མོ་ཚང་མའི་མིག་དཔེར་ཐོ་རངས་སྐར་ཆེན་བཞིན་མཛེས་པས།།

ཛ་ལང་སྤྱོད་སྤངས་མཛངས་མའི་རྒྱན་གྱུར་གངས་རིའི་སྲས་མོ་ཁྱེད་ཉིད་ལ།།

ཝ་ལེར་བསྟོད་ཅིང་རྟེན་འབྲེལ་ཤིས་ཚིག་སྨོན་འདུན་དྲི་བསུང་རྒྱང་ནས་འགྲེམ།།


ཞྭ་བཞིན་བཀུར་འོས་རང་སྡེ་ཕྱོགས་ནས་ཁྱོད་ལ་ཤིས་པའི་ཆིབས་བསུ་དང་།།

ཟ་མ་གང་ཞིམ་འོ་ཇ་བསྐོལ་ཏེ་རྟེན་འབྲེལ་ཁ་ཏགས་ཁྱེད་ལ་ཕུལ།།

འ་ཅག་ཉེ་རིང་ཀུན་ན་གནས་པའི་ཆོལ་གསུམ་རིགས་མཐུན་སྤུན་ཟླ་ཡོངས།།

ཡ་མཚན་གཏམ་བཟང་རྣ་བའི་བདུད་རྩི་མིག་གི་དགའ་སྟོན་ཉིད་དུ་བཤམས།།


ར་བ་གངས་ཀྱི་ཁྱོན་ལ་སྙན་པའི་མཛད་རྗེས་གསེར་གྱི་མེ་ཏོག་བཞད།།།

ལ་ལུང་སྟོད་སྨད་ཀུན་ལ་གྲགས་པའི་དགེ་མཚན་ཟེ་འབྲུ་ཡོངས་སུ་སྨིན།།

ཤ་ཞེན་ཆེ་བའི་རྐང་དྲུག་ཁྱུ་ཚོགས་བསྟོད་དབྱངས་པི་ཝང་ཟོལ་གྱིས་འཐེན།།

ས་ལེ་སྦྲམ་གྱི་བསྟོད་ཚིག་མེ་ཏོག་བཀྲ་ཤིས་རྟེན་འབྲེལ་ཀློང་ནས་ཕུལ།།


ཧ་ལས་པ་ཡི་འདི་འདྲའི་གཏམ་སྙན་གངས་རིའི་ལྗོངས་ལ་སླར་ཡང་ནི།།

ཧ་ཅང་མི་རིང་ཆར་རྗེས་སྨིན་པའི་ཤ་མོ་ཇི་བཞིན་འབྱུང་བར་སྨོན།།

ཨ་མའི་བུ་མོ་གངས་རིའི་མཛངས་མ་ཆོས་དབྱིངས་སྐྱིད་ཀྱི་སང་ཉིན་ལ།།

ཨ་མདོའི་ཡུལ་ནས་ལུས་རྩལ་གོམ་སྟབས་གོ་ལའི་ཡང་རྩེར་རྒྱལ་བར་སྨོན།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号