སྟོན་མཇུག་གི་འཆར་སྣང་།

བཞག་ཚ། 

སྟོན་གྱི་འདབ་སེར་རླུང་གིས་ཁུར་ལ་གཙང་བོས་དེད།།

ལོ་འདབ་རེ་ཟུང་བར་སྣང་འགེང་ལ་ས་ལའང་བཀྲམ།།

སྟོན་རླུང་འུར་འུར་གཞས་སུ་འགུག་ལ་བྲོ་གར་འཁྲབ།།

ཟླ་བ་ཁེར་འགྲོ་དབྱིངས་སུ་ཡག་ཀྱང་ས་ལའང་མཛེས།།

འདབ་ལོ་གཅིག་རེ་ལྷོད་ལྷོད་འཁྱུག་ལ་ལྷུག་ལྷུག་གྲོལ།།

བྱ་ཆེན་ཁྲུང་ཁྲུང་ལྷོ་ཕྱོགས་འཕུར་ལ་བཞུད་ཀྱང་འགྲོ།།

དབྱར་གྱི་ཡིད་འོང་སྟོན་གྱིས་གསོད་ལ་དགུན་གྱིས་ཟ།།

སྟོན་མཇུག་དུས་སུ་ཆར་བ་འབབ་ལ་ཁ་བའང་འབབ།།

སྟོན་མཇུག་རྫོགས་ན་ས་གཞི་ཐམས་ཅད་ཁེར་རྐྱང་ཡིན།།

མཛེས་སྡུག་རི་ཆུ་ནགས་གསུམ་ཚོན་བྲལ་སྐྱ་བོ་ཡིན།།

སྙན་མོ་རོལ་དབྱངས་མཐའ་དག་སྐྱོ་བའི་སྨྲེང་གླུ་ཡིན།།

སྟོན་ཟླ་གསུམ་པོ་ཡོད་ཚད་གྱེས་པའི་ཉིན་མཚན་ཡིན།།

དབྱར་གཞུང་སྐྱེལ་མ་གནང་ལ་བ་མོས་བསུ་བར་བྱེད།།

ཚ་དྲོད་རྒྱང་དུ་བགྲོད་ལ་གྲང་ངར་རྒྱན་ཆར་བཏགས།།

སྟོན་མཇུག་འདི་ནས་ཕ་ཡུལ་ཅུང་ཙམ་ཅུང་ཙམ་དྲན།།

དྲན་པས་གནར་ཏེ་སྐྱོ་གདུང་སྙན་ངག་ཡང་ཡང་འབྲི།།

ལོ་ཟླའི་རིང་མོ་གངས་བརྒྱ་བརྒལ་བའི་སྟོན་མཇུག་ན།།

སྟོན་འབྲས་ལེགས་པས་ཨ་ཕ་རྒད་པོ་སེམས་པ་དགའ།།

འབྲས་བུ་སྣ་འཛོམས་ཨ་མ་རྒན་མོ་ཞལ་དཀར་འཁྲུངས།།

ཟླ་གཞོན་མཛེས་པས་ཨ་ཞང་བླ་རྒན་ཐུགས་ཞལ་དགྱེས།།

རླུང་བུ་གཅིག་ལྡང་གཉིས་ལྡང་བར་སྣང་ཡོངས་ལ་ལྡང་།།

ལོ་མ་གཅིག་ཐོར་གཉིས་ཐོར་ནགས་ཚལ་མཐའ་དག་ཐོར།།

ཆུ་བོས་གཅིག་ཁུར་གཉིས་ཁུར་ལོ་མ་ཐམས་ཅད་ཁུར།།

དྲན་པ་གཅིག་རྒྱས་གཉིས་རྒྱས་དཀར་ནག་ཁྲ་སོགས་དྲན།།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号