གཙང་པོའི་འགོ་ཁུངས་སྲུང་བའི་ལྗང་མདོག་གི་ཕོ་ཉ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དུ་འདི་ལྟ་བུའི་མི་ཚོགས་ཤིག་ཡོད་དེ། ལག་ཤུབས་དཀར་པོ་དང་། ལས་གོས་ལྗང་གུ། ཁུག་མ་བསླས་མ་བཅས་ནི་ཁོ་ཚོའི“མཚོན་རྟགས”ཡིན་པ་དང་། གཞུང་ལམ་དང་། སྲང་ལམ། རྩྭ་ར་བཅས་ས་ཕྱོགས་ཀུན་ཏུ་ཁོ་ཚོས་སྐེད་པ་བསྒུར་ནས་གད་སྙིགས་འཐུ་བའི་རྣམ་པ་མཐོང་ཐུབ།

ཁོ་ཚོ་ནི་ལས་བཟོ་པ་དང་། སློབ་མ། འབྲོག་པ་བཅས་ཡིན་སྲིད། ཁོ་ཚོའི་ཐོབ་ཐང་མི་འདྲ་ཡང་འབྲི་ཆུའི་ཆུ་འགོ་ལེགས་པར་བསྲུང་རྒྱུ་ནི་ཐུན་མོང་གི་བསམ་འདུན་ཡིན།

འབྲི་སྟོད་རྫོང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་ཆུ་འགོའི(ཨ་ཆེན་གངས་རྒྱབ)ལྟེ་བའི་ཁུལ་དུ་གནས་ཤིང་།འབྲི་ཆུའི་ཆུ་འགོ་ཡིན་པས“ལེ་དབར་ཁྲི་ཡི་འབྲི་ཆུའི་རྫོང་དང་པོ”ཞེས་པའི་མཚན་སྙན་ཡོད། མངའ་ཁོངས་སུ་གཏེར་ཁའི་ཐོན་ཁུངས་དང་། ཆུའི་ཐོན་ཁུངས། སྐྱེ་དངོས་ཐོན་ཁུངས། ཉི་ནུས་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པོ་ཡོད་ལ་ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་ཡང་རེད།

ཉེ་ཆར། གསར་འགོད་པ་འབྲི་སྟོད་རྫོང་གི་རྒྱལ་ལམ215པའི་འགྲམ་དུ་བསྐྱོད་དེ། “ལས་གོས་ལྗང་གུ”གྱོན་ནས་ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་དེའི་ནང་ཞུགས་ཏེ། ཁོ་ཚོའི་ཉིན་གཅིག་གི་འཚོ་བ་ཉམས་སུ་མྱངས། རྩྭ་ཐང་ནི་ང་ཚོའི་སེམས་ནང་གི“བཙོག་ཟིང་ཞན་གསུམ”གྱི་གནས་དེ་ལྟ་བུ་ཞིག་མིན་ལ། རྡོ་སྲུབས་སུ་འཚང་བའི་ཀ་ར་དང་སིལ་ཏོག་གི་ཤུན་ལྤགས། ཆུ་ངོས་སུ་དར་ལ་འབྱར་བའི་འགྱིག་ཁུག བརྫིས་ནས་ལེབ་མོར་བཏང་བའི་ལྕགས་ཀྲིན་སོགས་དུས་ཚོད་མང་པོ་སྤྱད་དེ་གཙང་སེལ་བྱེད་དགོས་པ་མང་པོ་འདུག

“ད་ལྟའི་རྩྭ་ཐང་ནི་སྔོན་ཆད་དང་བསྡུར་ན་ཧ་ཅང་ཡག་པོ་འདུག སྔོན་ཆད་རྩྭ་ཐང་དུ་སྦི་རག་གི་ཤེལ་དམ་ཆག་པོ་མང་ལ། དེ་དག་བཏུས་ན་དཀའ་ལས་ཆེ་ཁར་སེམས་ཆུང་མ་བྱས་ན་ད་དུང་ལག་པར་རྨས་སྐྱོན་བཟོ་སླ། ད་སྐབས་ཚང་མས་འགྱིག་དམ་རྙིང་པ་ཤོག་སྒམ་ནང་བླུགས་ནས་ལམ་ཟུར་དུ་འཇོག་གི་འདུག”རུ་དཔོན་འཇམ་དབྱངས་ཕུན་ཚོགས་ཀྱིས་དར་ངོས་ལ་འབྱར་བའི་འགྱིག་ཁུག་ཅིག་བལ་ནས་བསླས་ཁུག་ནང་འཕེན་བཞིན་ང་ཚོར་དེ་ལྟར་བཤད།

འཇམ་དབྱངས་ཕུན་ཚོགས་ནི་འབྲི་སྟོད་ཁོར་ཡུག་སྲུང་སྐྱོང་དང་བླངས་རུ་ཁག་གི་གྲོས་འགོ་འདོན་མཁན་རེད། “རྩྭ་ཐང་དུ་གད་སྙིགས་ཀྱིས་ཁེངས་པ་མཐོང་སྐབས་སེམས་ནས་མི་བཟོད་པར་ཕར་སོང་ནས་བཏུས་ན་འདོད། ”འཇམ་དབྱངས་ཕུན་ཚོགས་ཀྱིས་དང་བླངས་རུ་ཁག་འཛུགས་པའི་ཐོག་མའི་བསམ་འདུན་ནི་སྟབས་བདེ་ལ་ལྷད་མེད་ཅིག་རེད།

2010ལོར་འཇམ་དབྱངས་ཕུན་ཚོགས་དང་གྲོགས་པོ་ཚོ་རྩེད་འཇོར་རོལ་སྐབས། རྩྭ་ཐང་དུ་གད་སྙིགས་མང་པོ་ཡོད་པ་དང་།སྦི་རག་ཤེལ་དམ་དང་།འགྱིག་ཁུག གོས་ཧྲུལ་ལྷམ་ཧྲུལ་སོགས་ཡོད་པ་མཐོང་ནས་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་ཅིག་བཙུགས་པ་རེད། ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་བཙུགས་མ་ཐག་མི་བཞི་ལྔ་ལས་མེད་པ་དང་།གཅིག་གིས་བཅུ་ལ་བསྒྲགས་པ་དང་བཅུ་ཡིས་བརྒྱ་ལ་བསྒྲགས་པས་རིམ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་ནང་ཞུགས་མཁན་ཇེ་མང་དུ་སོང་། ལས་ཁུངས་དང་། སློབ་གྲྭ། སྨན་ཁང་བཅས་ཀྱི་ལས་བཟོ་པ་དང་སློབ་མ་ཡང་དེའི་ནང་ཞུགས་ཡོད།

“མཛེས་བཟོ་མཁན”དེ་ཚོའི་ཁྲོད་དབུ་སྐྲ་དུང་ལྟར་དཀར་ཞིང་ཁོག་སྟོད་ནང་ལ་སྒུར་བའི་རྒན་པོ་ཞིག་ལ་གསར་འགོད་པས་དོ་སྣང་བྱས།

ལོ་ན59ལ་སླེབས་པའི་ཚེ་རིང་དོན་གྲུབ་ནི་ལྷན་སྐྱེས་ནས་ཁ་ཤོ་རྐན་ཤོ་ཡིན་པས་སྐད་ཆ་འཆད་སྐབས་འབྲུ་མི་གསལ་བ་དང་། དང་བླངས་པ་དང་འབྲེལ་འདྲིས་བྱེད་སྐབས་དཀའ་ལས་ཡོད་མོད།འོན་ཀྱང་ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་ནང“ཁོ་ལ་བརྩོན་འགྲུས་ཆེ་ཤོས”དང་།“སེམས་པ་བཟང་ཤོས”“ལས་ཀ་ཏན་ཏིག་སྒྲུབ་མཁན”བཅས་ཀྱི་བསྟོད་བསྔགས་འཐེན་བཞིན་ཡོད།

ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་ནང་མ་ཞུགས་གོང་ཚེ་རིང་དོན་གྲུབ་ཀྱིས་གད་སྙིགས་བཏུས་ནས་ལོ་བཅུ་ལྷག་ཕྱིན་ཡོད། ན་ནིང་གི་ཟླ3པར་འཇམ་དབྱངས་ཕུན་ཚོགས་ངོ་ཤེས་རྗེས་ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་གི་ཁོངས་མི་ཞིག་ཏུ་གྱུར།

“ཤེལ་དམ་འདི་ཧ་ལམ་ཧྲིལ་པོ་རེད། ཕྱིར་ཁྱེར་སོང་སྟེ་མེ་ཏོག་གི་བུམ་པ་བཟོས་ཆོག”གཡུ་སྒྲོན་ནི་དང་བླངས་རུ་ཁག་གི་ལག་བྱང་མ་ཞིག་ཡིན་པ་དང་སྤྱིར་བཏང་གི་ཤེལ་དམ་ཞིག་ཡིན་ནའང་། མོས་ནོར་ཁུལ་དང་བལ་སྐུད་ཀྱིས་བཏུམས་པ་ན་ཚོན་ཁྲ་ཅན་གྱི་བུམ་པ་ཞིག་ཏུ་གྱུར་འགྲོ།

གད་སྙིགས་འཐུ་ཐེངས་རེར་མར་ཟོམ་དང་ཤེལ་དམ་རྙེད་པ་ན། རུ་མི་ཚོས་དེ་དག་ཕྱིར་ཁྱིམ་ལ་ཁྱེར་ནས། སྦི་རག་དམ་བེས་མེ་ཏོག་ལྡུམ་ར་ཆུང་ཆུང་ཞིག་བརྩིགས་པ་དང་། མར་ཟོམ་ལེགས་སྒྱུར་ཅུང་ཙམ་བྱས་རྗེས་སྙིགས་ཟོམ་བཟོ་ཆོག འཇམ་དབྱངས་ཕུན་ཚོགས་ཀྱིས་བཤད་རྒྱུར། “གཞུང་ལས་ཁང་ནང་གི་སྨྱུག་སྣོད་དང་།སིལ་སྣོད།སོ་ཤིང་གི་སྣོད་བཅས་ཡོངས་རྫོགས་རུ་མི་ཚོས་ལག་རྩལ་ལས་ཐོན་པ་རེད། དེ་ལ་བེད་མེད་དངོས་པོ‘ནོར་བུ’ལ་བསྒྱུར་པ་ཞེས་བཤད་ཆོག”

དེང་སྐབས། གཙང་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་ཀྱང“གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་སྐྱེ་ཁམས་ཁོར་སྲུང་མཐུན་ཚོགས”ཞེས་པར་དངོས་སུ་མིང་བསྒྱུར་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་ཆུ་འགོའི(ཨ་ཆེན་གངས་རྒྱབ)གླིང་ཁུལ་འབྲི་སྟོད་དོ་དམ་ཁྲུའུ་ཡི་ཁོངས་གཏོགས་མཐུན་ཚོགས་སུ་གྱུར་ཡོད།

གད་སྙིགས་འཐུ་བ་ལས་གཞན། ཁོ་ཚོས་རྟག་ཏུ་ཞང་དང་གྲོང་རྡལ། སྡེ་བ་དང་སྡེ་ཁུལ།སྲང་ལམ་བཅས་སུ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཤེས་བྱ་སྒྲོག་བཤད་བྱས་པ་དང་། དེ་མིན་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་སློབ་རར་བསྐྱོད་དེ་སློབ་ཁང་དུ་བསྒྲགས་པས། སློབ་མ་ཚོར་ཆུང་དུས་ནས་ཁྱིམ་གཞིས་ལ་གཅེས་སྐྱོང་དང་རི་ཆུ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆགས་སུ་བཅུག་པ་དང་། སློབ་གྲྭ་མི་ཉུང་བ་ཞིག་གིས་ད་དུང་སློབ་མ་རྩ་འཛུགས་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་ནང་ཞུགས་སུ་བཅུག་ནས་གཟའ་མཇུག་ཏུ་ཁོ་ཚོ་དང་མཉམ་དུ་གད་སྙིགས་འཐུ་བཞིན་ཡོད།

“ལྗང་མདོག་ལས་ལྭ་གྱོན་མཁན”ཚོས་དཀའ་ངལ་ལ་མགོ་མི་སྒུར་བ་དང་སྦགས་བཙོག་ལ་མི་འཛེམ་པར་ཕ་ཡུལ་གྱི་ལྗང་མདོག་སྲུང་སྐྱོབ་བྱེད་བཞིན་ཡོད། འཇམ་དབྱངས་ཕུན་ཚོགས་ཀྱིས་བཤད་རྒྱུར།“ང་ཚོས་གད་སྙིགས་བཏུ་དགོས་པར་མ་ཟད། ད་དུང་གད་སྙིགས་རིགས་དབྱེ་དང་ཚུར་བསྡུ་བྱས་ནས་འབྲི་ཆུའི་ཆུ་འགོ་མཉམ་དུ་སྲུང་བཞིན་ཡོད།།”

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号