ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། བཀྲ་ཤིས་ལབ་ཙེའི་ཉེ་སར་སླེབས་པ་དང་རླངས་འཁོར་གྱི་ཁ་བཀག་རྗེས། བསང་དང་མཇལ་དར། ལྔ་ལྡན་དར་ལྕོག་སོགས་ཁྱེར་ཏེ་ལབ་ཙེ་གསོས་ཤིང་། པདྨའི་གཟུགས་སུ་བཀོད་པའི་ལག་གཉིས་བྲང་ཁར་སྦྱར་ཏེ་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ་བཏབ། ནམ་རྒྱུན་ལབ་ཙེ་གསོལ་མཁན་མང་བས་དཀར་གཙང་ཁ་བཏགས་དང་དར་ལྕོག་མང་པོས་གནས་དེར་རི་ཆུང་ལྟ་བུའི་དར་ཕུང་ཆེན་པོ་ཞིག་གྲུབ་ཅིང་། དེའི་ཐོག་ཏུ་བཀྲ་ཤིས་ཀྱི་དུ་བ་སྔོ་ལྷོག་ལྷོག་ཏུ་འཐུལ་བའི་བསང་གསུར་གྱིས་དེ་བས་ཉམས་དོད་པོར་སྣང་།
སྔོན་དུས་ལ་རྩེ་འདིར་ཀ་ཅིའི་གོས་བཟང་གཡོགས་འདྲའི་ཁ་བ་སྐྱ་ཐིང་ངེར་ཡོད་པས་གངས་དཀར་ལ་རྩེར་གྲགས། ཕྱིས་སུ་འདི་ཁུལ་གྱི་སྐྱེ་ཁམས་ལ་འགྱུར་བ་ཆེ་བས་ན། དགུན་གྱི་དུས་སུ་ཡང་ཁ་བ་ཕོར་པའི་དཀར་རྒྱན་ཙམ་ཡང་མཐོང་དཀོན་ཞིང་། དེ་སྔ་ལ་རྩེ་འདི་ནས་མདུན་ངོས་སུ་ཕྱོགས་ཚེ། མི་རིང་བའི་ས་ནས་དངུལ་གྱི་མཆོད་རྟེན་ལྟར་མཁའ་ལ་འགྱིང་བའི་སྲིད་པའི་གངས་རི་ཆེན་པོ་ཞིག་མཐོང་ཐུབ་ཀྱང་། ད་ལྟའི་ཆར་གངས་རིའི་ཁ་བ་ཞུ་སྟེ། རི་མགོར་ཚར་ཞྭ་དང་འདྲ་བའི་ཁ་བ་ལྷེབ་ཙམ་དེ་མ་གཏོགས་མཐོང་རྒྱུ་མེད། གནམ་གཤིས་ཚ་བ་ཆེ་བས་བཀྲ་ཤིས་ཀྱི་དཔྲལ་བའི་སྟེང་ནས་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར། ལབ་ཙེ་གསོལ་གྲུབ་རྗེས་བཀྲ་ཤིས་ལམ་ཟུར་བསིལ་གྲིབ་ཀྱི་བྲག་རྡོའི་ཐོག་ཏུ་ལྷོད་པོར་བསྡད་ཅིང་ཐ་མག་ཅིག་ལ་མེ་བསྒྲོན་ཏེ་འཐེན། ཅུང་ཙམ་བསྡད་རྗེས་མདུན་ཕྱོགས་ནས་ལྭ་བ་དཀར་པོ་བཀླུབས་ཤིང་དབུ་སྐྲ་དང་སྨྲ་ར་ཡང་དཀར་པོ་ཡིན་པ་གངས་ཀྱི་མི་འདྲ་བའི་རྒད་པོ་ཞིག་ཡོང་བཞིན་པ་མཐོང་། དེ་མཐོང་བས་བཀྲ་ཤིས་ཀྱིས་ཐ་མག་འཐེན་འཕྲོ་ས་ལ་བསྐྱུར་ཞིང་སེམས་སུ་ནམ་རྒྱུན་ང་རང་ལམ་འདི་བརྒྱུད་ནས་ཕར་འགྲོ་ཚུར་འོང་མང་ཞིང་། ཡུལ་འདིའི་མི་རྣམས་ལ་ཆ་རྒྱུས་ཆེ་ཡང་། ངས་ད་བར་དུ་འདིར་རྒད་པོ་འདི་འདྲ་ཞིག་གཏན་ནས་མ་མཐོང་ལ་ཡོད་ཚུལ་ཡང་མ་ཐོས། བྱས་ན་ཆ་རྒྱུས་མེད་པའི་རྒད་པོ་འདི་ཡང་སྙིང་གང་ནས་འོང་ཞིང་གང་དུ་འགྲོ་མཁན་ཞིག་ཡིན་ནམ་སྙམ་སྟེ་ཡ་མཚན་པར་གྱུར།
“ཕོ་གཞོན། ཁྱེད་ཀྱིས་ལབ་ཙེ་གསོལ་བཞིན་ཡོད་དམ” རྒད་པོ་ཁོང་བཀྲ་ཤིས་ཀྱི་འཁྲིས་སུ་སླེབས་པ་དང་འཛུམ་ཙམ་བྱས་ཏེ་དེ་ལྟར་དྲིས།ཕོ་གཞོན་གྱིས་གུས་ཞབས་ངང“ཡིན་ལགས། དེང་སྐབས་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་པས། ཡུལ་ཁམས་བདེ་ཞིང་འབྱུང་ཁམས་ཇེ་ལེགས་སུ་འགྲོ་བ་དང་། རང་དོན་ཚོང་ལས་དར་ཞིང་འཕྲིན་ལས་འཕེལ་ཆེད་ཡུལ་ལྷར་འཕྲིན་བཅོལ་ཞུས་པ་ཡིན”ཞེས་བཤད།རྒད་པོས་དབུ་ལྕོག་ཙམ་ལྕོག་ཙམ་གནང་རྗེས། “བྱས་ན་ཁྱེད་རང་གི་མིང་ལ་ཅི་དང་ས་ཆ་གང་གི་མི། ད་ཆ་གང་ལ་འགྲོ་རྒྱུ་ཡིན”ཞེས་དྲིས།
བཀྲ་ཤིས་ཀྱིས་མཛུབ་མོ་གཡས་ཕྱོགས་སུ་བཙུགས་ཏེ། “ངའི་མིང་ལ་བཀྲ་ཤིས་ཟེར།རིའི་ཕར་རྒྱབ་ཀྱི་གངས་མཚོ་གྲོང་ཚོའི་ཚོང་པ་ཞིག་ཡིན། དེ་རིང་གྲོང་ཁྱེར་ནང་ཚོང་ལ་འགྲོ་རྒྱུ་ཡིན”ཞེས་ལན་བཏབ།རྒད་པོས་སླར་ཡང་དབུ་ལྕོག་ཙམ་དང་བཅས། “ཨ་ལེ། ཁྱེད་རང་ཚོང་པ་ཡིན་ནམ། བྱས་ན་ཁྱེད་ཀྱིས་ཚོང་ཅི་ཞིག་རྒྱག་གིན་ཡོད། ཁྱེད་ཚོའི་ལུང་པར་གཡུ་བྱུར་དང་སྤོས་ཤེལ་སོགས་ནོར་བུའི་རིགས་འཚོང་རྒྱུ་ཨེ་ཡོད།” རྒད་པོ་ཡང་བཀྲ་ཤིས་འཁྲིས་ཀྱི་བྲག་རྡོ་གྲུ་བཞི་དེའི་ཐོག་ཏུ་སྐྱིལ་མོ་ཀྲུང་ལ་བསྡད་དེ་དཔྲལ་སྟེང་གི་ཉི་འོད་ལག་པས་འགོག་བཞིན་དེ་ལྟར་དྲིས། སྐབས་དེའི་རྒད་པོ་ནི་གངས་ལ་ཉི་འོད་འཕྲོས་པ་བཞིན་དཀར་གསལ་ལེར་སྣང་།
“སྔོན་དུས་སུ་ང་ཚོའི་ཡུལ་དུ་གཡུ་བྱུར་སོགས་ཀྱི་རྒྱན་ཆ་མང་པོ་ཡོད། མི་ཚོས་རྒྱུན་པར་རྒྱན་ཆ་འདོགས་པ་མ་ཟད། ལོ་གསར་དང་དུས་ཆེན། གཉེན་སྟོན་སོགས་བཀྲ་ཤིས་རྟེན་འབྲེལ་སྐབས་སུ་ཤད་མ་ཐེར་མ་དང་། འགོ་སྣམ་པགས་ཚར་སོགས་རང་གི་ཡུལ་ནས་ཐོན་ཞིང་རང་སོ་སོས་འཁེལ་འཐག་དང་འཚེམ་བཟོ་བྱས་པའི་འཆོར་གོས་ཐོགས། གཡུ་བྱུར་མུ་ཏིག་སོགས་ལས་གྲུབ་པའི་སྤ་སྒོར་སྤ་ཕྲུག་དང་། གསེར་དངུལ་གྱི་གའུ་དང་རྣ་ལོང་མཛུབ་རྒྱན་གྱིས་བརྒྱན་དུས་ཉམས་དོད་ལ་ཡིད་དུ་འོང་བ་ཞིག་ཡོད། ཡིན་ནའང་ཕྱིས་སུ་ཡུལ་མི་ཚོས་རྒྱན་ཆ་ངོ་མ་རྣམས་ཕར་ལ་བཙོངས་ཤིང་། གཟི་དང་གཡུ་བྱུར་གྱི་རྒྱན་ཆ་རྫུན་མ་མང་པོ་ཉོས་ཏེ་གཅིག་ལ་གཅིག་འགྲན་གྱིས་འདོགས་པར་བྱེད་པས། ད་ཆ་ཡུལ་མི་ཚོའི་རྒྱན་ཆ་རྣམས་སྤྱིའི་ཆ་ནས་རྫུན་མ་ལས་ངོ་མ་ནི་ཉུང་ཚོད་འདུག”ཅེས་བཤད།
“ཨ་ལེ་དེ་འདྲ་ཡིན་པ་རེད། བྱས་ན་ཁྱེད་ཚོའི་ལུང་པར་འབྲི་གཡག་དང་ར་ལུག་སོགས་ཀྱི་ཤ་མར་དང་། སྣ་ལྔའི་འབྲུ་རིགས་ལ་སོགས་པའི་ཡུལ་ཟོག་འཚོང་རྒྱུ་ཡོད་དམ།”
བཀྲ་ཤིས་ཀྱིས་རྒད་པོར་བསྐྱར་ལྟ་ཞིག་བྱས་ཏེ་བསམ་པར། ཁ་བ་ལྟར་དཀར་བའི་རྒད་པོ་འདི་ཚོང་པ་ཞིག་ཡིན་སྲིད་དམ་སྙམ་སྟེ། “བྱས་ན་ཁྱེད་རང་རིན་ཆེན་ནོར་བུ་དང་ཡུལ་ཟོག་ཉོ་མཁན་གྱི་ཚོང་པ་ཞིག་ཡིན་ནམ”ཞེས་དྲིས་པར།
རྒད་པོས་འཛུམ་ཙམ་ལས་ལན་ཅི་ཡང་མ་བཏབ།བཀྲ་ཤིས་ཀྱིས་མུ་མཐུད་དེ“སྔོན་དུས་སུ་ང་ཚོའི་ལུང་པར་ཕུ་རུ་དཀར་ནག་ཕྱུགས་རིགས་ཁྱུ་དང་ཁྱུ་བྱས་ནས་ཡོད་པ་མ་ཟད། མདའ་རུ་འབྲུ་རིགས་སྣ་ལྔའི་ས་ཞིང་ཡང་དབྱར་དུས་གཡུ་ཡི་གཞོང་པ་བཞིན་ཐགས་སུ་བཀྲ་ཞིང་། སྟོན་དུས་གསེར་གྱི་རླབས་རྒྱུན་བཞིན་དུ་ལང་ལོང་གཡོ། ཕྱིས་སུ་མི་རྣམས་ལས་མེད་སྐྱིད་འདོད་ཁོ་ནའི་དབང་དུ་སོང་ནས། མི་མང་པོས་ཕུ་ཡི་ཕྱུགས་རིགས་རྣམས་དངུལ་དང་བརྗེས། མདའ་ཡི་ས་ཞིང་དག་བོགས་མར་བཏང་། མཐའ་མར་ས་ཞིང་བོགས་མར་ལེན་མཁན་མེད་དུས་སྔོན་གྱི་ས་ཞིང་གཤིན་པོ་དག་ས་སྟོང་དུ་བསྐྱུར་ནས་རྩྭ་ངན་གྱི་མལ་གདན་དུ་གྱུར་སྟབས། ད་ཆ་ཕྱུགས་ཟོག་དང་འབྲུ་རིགས་འཚོང་རྒྱུ་ལྟ་ཅི། ཕུ་ཡི་འབྲོག་པ་ཚོས་ལུས་ལ་གྲོང་ཁྱེར་ནས་ཐོན་པའི་མིས་བཟོས་པགས་རྫུན་ཀྱི་ལྭ་བ་གྱོན་ཞིང་། ཁ་ལ་ཤིང་མར་སྤྱད་དེ་གྲོང་ཁྱེར་ནང་དུ་འཁྱམས་མྱུལ་དང་རྒྱན་འཛུགས་རྩེད་འཇོར་གཡེང་། མདའ་ཡི་ཞིང་པ་ཚོས་སྦི་རག་འཐུང་ཞིང་སྟབས་ཐུག་བཟས་ཏེ་གྲོང་ཁྱེར་ནང་གཞན་གྱི་ལས་གཡོག་རྒྱུག་བཞིན་ཡོད”ཅེས་བཤད།
རྒད་པོས་མགོ་བོ་འཕྲེད་དུ་གཡུག་ནས་ཧ་ལས་པའི་ཚུལ་གྱིས“བྱས་ན་ཁྱེད་ཀྱིས་ཅི་ཞིག་ཉོ་འཚོང་བྱེད་ཀྱིན་ཡོད”ཅེས་དྲིས།
“ད་ཆ་ང་ཚོའི་ཡུལ་དུ་གཞན་གྱི་ཐོན་ཟོག་འཚོང་རྒྱུ་ཅང་མི་འདུག་པས། ངས་ས་འོག་གི་གཏེར་ཁ་དང་། གནའ་དུས་མེས་པོ་གོང་མ་ཚོས་བཞག་པའི་རིག་དངོས་འདྲ་ལྐོག་ཉོ་ལྐོག་འཚོང་བྱེད་ཀྱིན་ཡོད།”རྒད་པོས་མིག་ཆེན་པོས་ཁོ་ལ་ཅེར་ཏེ། “གང་བྱུང་དུ་གཏེར་ཁ་སྔོག་འདོན་དང་རིག་དངོས་ཉོ་འཚོང་བྱེད་པ་ནི་ཁྲིམས་འགལ་གྱི་བྱ་བ་མ་ཡིན་ནམ”ཞེས་དྲིས།བཀྲ་ཤིས་ཀྱིས་དབུགས་རིང་ཞིག་བཏང་ནས། “རེད་ཡ།ཁྲིམས་འགལ་རེད། དེས་རྐྱེན་པས་ཁྲིམས་ཆད་ཕོག་མཁན་ཡང་ཉུང་ཉུང་མ་རེད། ཡིན་ནའང་ང་ཚོའི་ཡུལ་མི་རྣམས་སྔ་མོ་ཞིག་ནས་འདི་ལྟ་བུའི་འཚོ་བར་གོམས་ཏེ། ཡོད་པ་ཐམས་ཅད་འཚོང་རྒྱུ་ལས། རང་གི་བློ་རིག་ལ་བརྟེན་ནས་གསར་གཏོད་དང་། རང་གི་ལག་ཟུང་ལ་བརྟེན་ནས་གསར་སྤེལ་གྱི་གོམས་གཤིས་དང་སྙིང་སྟོབས་དབེན་པས། འདི་ལྟ་བུའི་བྱ་བར་མ་བསྟེན་ན་འཚོ་ཐབས་ཀྱང་དཀའ་བས། ཁྱི་རྒན་འུ་ཐུག་རྒྱང་ནས་མཆོངས་ཟེར་བའི་དཔེ་བཞིན། ཉེན་ཁ་ཡོད་པ་ཤེས་བཞིན་དུ་ཉེན་མཆོངས་བྱེད་མཁན་མང་པོ་ཡོད”ཅེས་བཤད།
དེ་ཐོས་པས་རྒད་པོས་མགོ་བོ་འཕྲེད་དུ་གཡུག་ཅིང་དབུགས་རིང་པོ་ཞིག་བཏང་། དབུགས་རིང་དེ་ནི་དགུན་གྱི་གྲང་རླུང་བཞིན་ཕྱོགས་གཉིས་ཀའི་སེམས་ཁ་འཁྱག་སིབ་བེར་བཏང་། དེ་དུས་རྒད་པོའི་དབུ་སྐྲ་དང་སྨྲ་ར་དཀར་བའི་ཐོག རྒས་གཉེར་ཅན་གྱི་ངོ་གདོང་ལ་ཡང་དམར་མདངས་ཉམས་ཏེ་སྐྱ་བོར་གྱུར་ཚུལ་ནི། ལུས་ཟུངས་ཟད་དེ་འཆི་ལ་ཉེ་བའི་ནད་པ་ཞིག་དང་འདྲ། རྒད་པོས་མཐའ་བཞིའི་རི་བོ་དང་ས་གཞིར་ཅུང་ཟད་ཅེར་ནས་བསྡད་རྗེས། འོད་མདངས་ཉམས་པའི་སྤྱན་ཟུང་བཀྲ་ཤིས་ལ་ཕྱོགས་ནས། “ད་ལྟའི་བུ་རབས་ཚ་རྒྱུད་རྣམས་ཐབས་སྐྱོ་པོ་འདི་འདྲར་གྱུར་དོན་ཅི་ཡིན། སྔོན་དུས་སུ་ཉི་ཟླ་འདྲ་བའི་མེས་པོ་དེ་ཚོས་བྲེ་སེར་འབྲོང་ཡང་གཡུང་ལ་ཕབ་ཅིང་། ས་རྒོད་བསློགས་ནས་ཞིང་ས་གཤིན་པོར་བཅོས། རང་གི་སྲོག་ཀྱང་བཏང་ནས་བློ་གྲོས་ཆེན་པོས་གསར་གཏོད་སྲུང་སྐྱོང་ལ་མཁས་མོད། དེང་གི་ཕྱི་རབས་པ་ཚོས་སྒོ་ཟོག་དང་ས་ཞིང་སོགས་རང་གི་ཕ་གཞིས་ཀྱང་བསྐྱུར་བར་བྱེད……”ཅེས་པའི་ཚིག་དེ་དག་གསལ་ཙམ་ཐོས་ཐུབ་པ་ཕུད། དེ་མིན་གྱི་ཚིག་ནི་རྒད་མོའི་ཞལ་འདོན་བཞིན་གསལ་པོ་ཞིག་ཐོས་དཀའ།
རྒད་པོའི་བཞིན་ལ་བློ་ཕམ་གྱི་ཉམས་དང་བཅས་ཅུང་ཁ་རོག་གེར་བསྡད་རྗེས། “མེས་པོའི་ཤུལ་བཞག་རིག་དངོས་ལྐོག་འཚོང་བྱེད་པ་ནི་མེས་པོའི་བླ་བརྐུས་པ་དང་འདྲ་ལ། ས་འོག་གི་གཏེར་ཁ་སྔོག་པ་ནི་ས་གཞིའི་སྙིང་འདོན་པ་དང་མཚུངས། རིགས་དྲུག་སེམས་ཅན་ཀུན་འཚོ་གནས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཆེ། མ་ཟད་མེས་པོའི་ཤུལ་བཞག་རྒྱུ་ནོར་དང་ས་འོག་གི་གཏེར་ཁར་ཟད་རྒྱུ་དང་རྫོགས་རྒྱུ་ཡོད་པས། ནམ་ཞིག་དེ་དག་རྫོགས་པའི་དུས་སུ་ཕྱི་རབས་བུ་ཚ་རྣམས་ཅི་ལྟར་འཚོ་ཨང”ཟེར། དེ་དུས་རྒད་པོའི་བཞིན་མདངས་མ་ཟད་སྤྱན་གྱི་འོད་མདངས་ཀྱང་ཉམས་ཏེ་སྲོག་མེད་བེམ་པོ་ཞིག་དང་འདྲ་ལ། ནུས་ཤུགས་ཟད་པའི་ཁོང་གི་གཏམ་དེ་དག་ཐག་རིང་ཐག་རིང་ཞིག་ནས་གྲག་པའི་སྦྲང་སྐད་དང་མཚུངས།
དེ་དུས་བཀྲ་ཤིས་ནི་མནོ་བསམ་གྱི་ཁྲོད་དུ་སྨྲ་བ་མེད་པར་གྱུར།
རྒད་པོས“རོགས་གསར་པ་ཡོད་དུས་རྙིང་པ་བརྗེད། གཡུ་བྱུ་རུ་ཡོད་དུས་སྤོས་ཤེལ་བརྗེད་ཅེས་པའི་དཔེ་ལྟར། ད་ལྟའི་མི་རྣམས་སྤྲེལ་ལད་ཨ་གསར་ཆེ་བས་འཚོ་བ་གསར་པ་ཞིག་ལ་རོལ་དུས། ཕྱུགས་རིགས་དང་ས་ཞིང་བསྐྱུར་ཞིང་། མེས་པོའི་ཤུལ་བཞག་རྒྱུ་ནོར་དང་ས་འོག་གི་གཏེར་རིགས་རྣམས་ཕྱིར་འཚོང་བྱེད་པ་མ་ཟད། ཐ་ན་རང་གི་སྐད་དང་རིག་གཞུང་ཡང་སྣང་མེད་དུ་གཏོང་བས། དེ་ལྟར་ཐམས་ཅད་བོར་ཞིང་བཙོང་བཙོང་བའི་མཐའ་མར། ཁྱེད་ཚོས་ཕྱི་རབས་རྣམས་ལ་ཅི་ཞིག་འཇོག་ཨང”ཞེས་བརྗོད།
སྙིང་ལ་ཟུག་རྔུ་དྲག་པོ་སྦྱིན་པར་བྱེད་པའི་རྒད་པོའི་འུ་ཐུག་ཐབས་ཟད་ཀྱི་གཏམ་དེ། གློ་བུར་དུ་གྲག་པའི་འབྲུག་སྒྲ་ཆེན་པོས་བྱིས་པ་ཆུང་ཆུང་བདེ་མོའི་གཉིད་ལས་དཀྲོགས་པ་ལྟར། བཀྲ་ཤིས་རྨི་ལམ་ཁྲོད་ནས་ཧད་དེ་དཀྲོགས། གློ་བུར་གཉིད་ལས་སད་པའི་བཀྲ་ཤིས་ཀྱིས་རྨིས་མ་ཐག་པའི་མངོན་སུམ་འདྲ་བའི་རྨི་ལམ་དེར་བསམ་བློ་གཏོང་དུས། དངངས་སྐྲག་ཁྲོད་སྙིང་ཆུང་ལུ་གུ་བཞིན་དུ་བར་མེད་ལྡིང་། བཀྲ་ཤིས་ཀྱིས་ལྡིང་བཞིན་པའི་སྙིང་ཁ་ལག་པས་མནན་ཏེ་རྨི་ལམ་དེར་ཕྱིར་དྲན་དང་བཅས། རྨི་ལམ་ནང་གི་ཁ་བ་ལྟར་དཀར་བའི་རྒད་པོ་དེ་ཡང་སྙིང་ཅི་འདྲ་ཞིག་ཡིན་ནམ། དེ་སྔ་རྒན་རབས་ཚོས་ཡུལ་འདིའི་ཡུལ་ལྷ་ནི་ལྭ་བ་དཀར་པོ་མནབས་པའི་སྐྱེས་པ་སྟོབས་ལྡན་ཞིག་ཡོད་ཟེར་བས། རྒད་པོ་ཁོང་ཡུལ་གྱི་ཡུལ་ལྷའམ་གང་ཞིག་གི་རྣམ་ཤེས་ཡིན་སྲིད་དམ་སྙམ་བཞིན་གཉིད་ཀྱང་ཡོངས་སུ་སངས།
མཚན་གྱི་མུན་པ་ནི་སྔར་བཞིན་གཉིད་སྟུག་པོ་དང་འདྲ་བས། བཀྲ་ཤིས་ཀྱིས་མུན་པ་གསལ་ཏེ་གང་མགྱོགས་ནམ་ལངས་བར་ཤིན་ཏུ་རེ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注