ཇག་རྟ་གྲོ་རིལ་སྔོ་རིལ།

---ཇག་དཔོན་སྒ་ཐོག་སེང་གེ ཇག་རྟ་གྲོ་རིལ་སྔོ་རིལ།

དཔལ་མོ་རྒྱལ། 

མཆོད་མཆོད་མཆོད། ཡུལ་ལྷ་གཞི་བདག་ཆོས་སྐྱོང་སྲུང་མ་དང་དཔའ་བོ་མཁའ་འགྲོ་ཚོགས་ཀྱི་སྡེ་ལ་མཆོད། དྲི་ཞིམ་བཟང་ཤིང་ཚོགས་ཀྱི་བསང་དུད་དང་། དཀར་གསུམ་མངར་གསུམ་ཇ་དང་གསེར་སྐྱེམས་ཞེས་རོ་ཡི་མཆོག་དང་བཏུང་བའི་ཕུད་ཀྱིས་མཆོད། ནམ་ནམ་ཞར་ཞར་དུ། དད་པའི་ལྷ་རྣམས་ཇག་གི་སྡོང་གྲོགས་མཛད་པའི་སྐྱབས་ལ་ལྷ་བསང་སྔོན་མོའི་མཆོད་པ་གཏོང་། ཚེ་ཚེ་རབས་རབས་ལ། དཀར་ཕྱོགས་སྐྱོང་བའི་གཞི་བདག་རྣམས་ཇག་གི་དཔུང་ལ་ཉིན་འབོད་མཚན་འབོད་བྱེད། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། ལྷ་རྒྱལ་ལོ། །

ཇག་གི་སྔོན་འགྲོ་ལ། རི་རབ་ཀྱི་རྩེ་ནས་རི་ཆེན་སྨུག་པས་བཟུང་འདྲའི་བསང་ཞིག་གཏོང་། ས་ཆེན་གཉིད་ལས་དཀྲོགས་འདྲའི་ཀི་ལྡིར་བྱེད། སྒྲ་སྙན་རྣ་བའི་གསོས་ཀྱི་དུང་ཡང་འབུད།

ཇག་རྟ་གྲོ་གྲོ། ཇག་རྟ་སྔོ་སྔོ། ཇག་རྟ་གྲོ་རིལ་སྔོ་རིལ། ཇག་ཆེན་ཇག་ལ་ཆས་པའི་ཞོན་རྟ། ཁྲམ་པས་ལ་ལོ[1]འདེད་པའི་ཆིབས་རྟ། སྐྱ་མི་གྲོ་རིལ་སྔོ་རིལ། རག་རག་ཁྲམ་པའི་ཇག་རྟ། གོས་མདངས་ཡག་ཅན་གྱི་འཕྱོར་གོས་མི་གྱོན། མདངས་ཁ་དོག་འཚེར་བའི་ཆིབས་པ་མི་འདེམས། མཆན་གཙུག་སྔོན་མོ་མདའ་ལེན་དེ། ཇག་གི་ཆིབས་པར་འདེམས་ལེ་མིན། མཐོང་གཙུག་སྔོན་མོ་དབུགས་ལེན་དེ།[2] ས་བྱང་ལམ་གཅོད་པའི་འཕུར་ཤེས་འདྲ། ས་གར་སོང་ལ་དོག་མོ་ས་ཡི་མདངས་དང་འདྲ་ལེ་ཡིན། རྒྱུ་ནོམ་བདག་གི་ཁྲ་ཆུང་མིག་གིས་མཐོང་དཀའ། ཡུལ་གར་བསྡད་ལ་རྩྭ་སྔོན་མོའི་ཚོས་དང་འདྲ་ལེ་ཡིན། རོགས་ར་མདས་མིག་གིས་མི་ཟིན། ས་ཡི་མདངས་དང་རྩྭ་ཡི་ཚོས་དང་བསྟུན་པའི་ཇག་རྟ་གྲོ་རིལ་སྔོ་རིལ། རག་རག་ཇག་རྟའི་གདམ་ག་ལ། བློ་གསལ་བ་དང་རིག་པ་སྐྱེན་པོ་དག་གི་བློ་ཟབ་མོ་དང་ཤེས་རབ་རྣོན་པོ་འཛོམས་ཡོད། རྟེན་འབྲེལ་བརྟག་པའི་རྣམ་རྟོག་ལ། མདོག་དཀར་པོ་གངས་རིའི་མདངས་ཅན་ཡིན་ཡང་། རྟ་སྒྲོག་སུམ་ལག་ཅན་གྱི་དཔེ་ལ་བལྟ་བའི་ཁ་དོག་མི་འདེམས། འབབ་ཞོན་གནས་ཀྱང་དེ་བཞིན་ནོ། བཞི་དཀར་ཡིན་ན་མཆོག་གི་མཆོག་ཏུ་བལྟ།[3] ཇག་རྟ་གྲོ་རིལ་ཡོད་པས། ཡུལ་ཁམས་སྐྱ་མོ་ཉིན་ལམ་མཚན་ལམ་ཡིན། ཇག་རྟ་སྔོ་རིལ་ཡོད་པས། ལ་དང་ལུང་བར་རྐང་མགྱོགས་འཕྲུལ་གྱི་འགྲོས་ཀྱིས་སླེབས། ཇག་རྟ་གྲོ་གྲོ་གཞན་དང་འདྲ་ལེ་མིན། ཇག་རྟ་སྔོ་སྔོ་གཞན་གྱིས་འགྲན་ལེ་མིན། ཇག་རྟ་གྲོ་གྲོའི་དྲན་པ་གསལ་ཞིང་མྱུར། ཇག་རྟ་སྔོ་སྔོ་སྟོབས་དང་མེ་དྲོད་ལྡན། ཁུར་དང་ཐེག་དང་ཁུར་ལ་བཟོད་སྲན་ཆེ། ངལ་དང་དུབ་དང་གོམ་འགྲོས་ལྷོད་པ་མིན། མཐོང་ཐོས་གཉིས་ཀྱང་གསལ་ཞིང་རྣོ། སྐད་ཀྱང་སྙན་ལ་བློ་ཡང་གསལ། ཇག་རྟ་གྲོ་གྲོ་སྣུམ་དང་ཚྭ་དང་འོ་མས་གསོ། ཇག་རྟ་སྔོ་སྔོ་ཀ་ར་བུ་རམ་ཟས་ཀྱི་སྦྱོར་བས་གསོ། ནས་དང་སྲན་མ་མཉེན་འཇམ་སྔོ་རྩྭ་ལྗང་བུ་སྟེར། རླུང་དང་མཁྲིས་དང་བད་ཀན་ནད་རྣམས་སྐྱེ་བར་འགོག ཇག་གི་རྟ་ལ། གྲང་གི་འཁྱག་རླུང་བཟོད་པའི་རུས་པ་ལྕགས་ཀྱི་སྲ་ཞིག་ཡོད།[4] རླུང་གི་རྒྱུ་བ་རྔུབ་པའི་གློ་བ་དབུགས་ཀྱི་རྐྱལ་ཆེན་ཡོད། ཇག་རྟ་གྲོ་རིལ་སྔོ་རིལ། འཁོར་གསུམ་མཚོན་གྱིས་རྨས་ན་བློ་ཡིས་ཐོངས་པ་མིན་ཡང་གསོད་དགོས་ཟེར། ཇག་རྟ་གྲོ་རིལ་སྔོ་རིལ། དབུགས་ནི་སྤུ་ཉག་ལས་ཀྱང་ཕྲ་ཡང་ལུས་ཀྱི་ཟུངས་ནི་གསོ་དགོས་ཟེར།[5] འཆི་བའི་མཐའ་ལ། ཕ་ཤི་དོ་མ་དང་མ་ཤི་ནུ་འཐེན་ཞེས་བསྔོ་བའི་རྟེན་དུ་འབུལ།[6] དགྲ་ཇག་ཆོམ་རྐུན་དར་བའི་ལོ་ལ། རྟ་གྲོ་གྲོ་ཇག་པའི་ལག་རྟེན་ཡིན། རྟ་སྔོ་སྔོ་ཇག་པའི་སྐྱོར་མ་ཡིན།

གནའ་དང་པོ་ནས་བསྐལ་བ་སྟོང་དུ་ཟད་པའི་ལོ་རབས་ལ། བུ་ངར་བ་དང་མཚོན་རྣོ་བ་དག་ལ་དཔའ་བ་དང་མཛངས་པའི་ཁྱད་ཆོས་ཡོད། ཇག་དང་རྔོན་དང་མེ་མདའོ། སྟག་ཤ་རའི་ལས་དོན་ཕྱི་རུ་གྲགས་པའི་གཏམ་གྱི་གཏད་སོ་ཡང་འདི་དག་གོ ཇག་ལ་ཆས་པའི་གཏམ་གྱི་བདེན་པ་སྙེག་ན། འཕྲོག་བཅོམ་གྱི་ལས་ལ་འཇུག་པའི་ཤ་མདངས་སྨུག་ནག་ཅན་ལ་ཁྲོ་ཞིང་རྔམ་པའི་ཞལ་རས་ཅན་དེ་དག ངའི་མེས་པོ་གོང་མ་དག་ཡིན། མཚམས་རེར། དཀར་ནག་གི་ངོ་བོ་མི་འབྱེད། བདེན་རྫུན་གྱི་ཕུ་ཐག་མི་གཅོད། རྟ་ཁྱུ་མང་པོ་འཕྲོག་པ་ལ་དཔའ་བོར་བརྩི། སྡང་དགྲའི་སྙིང་རྩ་བཅད་པ་ལ་བུ་རྒོད་དུ་གྲགས། དམོད་པའི་ཚིག་ལ་མཁས་པའང་ཕོ་རབ་ཀྱི་ངག་གི་དཔལ་དུ་བརྩི། རེ་ཞིག དེ་དག་གི་མཛད་པ་ནི་ངོ་ཚ་བ་དང་སྐྱུག་བྲོ་བ་ནི་མ་ཡིན་པར། དཔའ་བ་དང་མཛངས་པ། སྤོབས་པ་དང་ཤེས་རབ་ཀྱི་གཏམ་སྙན་དང་དཔའ་དར། རྗེས་སུ་ཡི་རང་གི་འཕྲིན་ལས་རྒྱས་པ་འདི། དུས་རབས་ཤིག་གི་མི་དམ་ཚིག་ཅན་དང་མཐུ་བོ་ཆེ་ཡི་བྱས་འབྲས་སུ་བརྩི་བའི་མཚར་སྒྲུང་ངོ་། །

ཇག་ལ་ཆས་དུས། འཁོར་གསུམ་ཆས་ཀྱིས་སྤྲས་པའི་སྟག་ཤར་ལ་ཁམས་གསུམ་དབང་དུ་བསྡུ་འདྲའི་ཟིལ་ཤུགས་ཡོད། བོའུ་བརྒྱབ་ན་ནམ་མཁའི་བྱ་ཡང་ས་ལ་འཕེན། རྟར་ཞོན་ན་རི་དྭགས་ཤ་བ་ཡིན་ཡང་རྗེས་ཆོད། ཀི་བཏབ་ན་བྲེ་སེར་འབྲོང་ལོ་ཡིན་ཡང་སྙིང་འདར། ཇག་ལ་ཆས་དུས། སྒ་སྲབ་ཆས་ཀྱིས་བརྒྱན་པའི་ཇག་རྟ་ལ་གཡུལ་དུ་ཞུགས་འདྲའི་རྔམ་བརྗིད་ཡོད། རྒྱུགས་ན་བསེར་མ་རླུང་གི་འགྲན་ཡ་ཡིན། མཆོངས་ན་རྒྱ་སྟག་ངར་མའི་དོ་ཡ་ཡིན། འདུར་ན་ཉིན་ལམ་གཅོད་པའི་འགྲོས་མ་ཡིན། ཐང་ཆེན་པོ་གཅོད་པའི་ཇག་རྟ་ལ། ཆུ་ཆེན་པོ་བརྒལ་བའི་ཇག་རྟ་ལ། ལ་མཐོན་པོ་འགོ་བའི་ཇག་རྟ་ལ། མེ་ཏོག་ཙམ་པ་ག་ནི་རྒས་གྱུར་ཀྱང་མེ་ཏོག་ཕལ་བ་རྣམས་ཀྱིས་དོ་ཟླ་མིན་པའི་རང་བཞིན་ནོ། ཉིན་ལ། ས་བཙན་ས་དང་། རི་གཉན་ས། རྫ་མཐོ་སར་ཡིབ་ཅིང་། སྲོད་ལ། ལུང་དང་གཞུང་ལ་བབས་ཏེ་རྟ་ཁྱུ་འདེད། བྱས་ཉེས་ཤོར་ན། མི་ཤི་རྟ་འགྱེལ་གྱི་ཁྲག་གི་སྦྱོར་བའང་བཤམས་པར་བྱེད། འདི་ལྟར། ཚབས་ཆེ་ན། ཕྱི་ཡི་སྒོ་ཟོག་དང་ནང་གི་གཡུ་བྱུར་དང་བཅས་པ་འཕྲོག་ཅིང་བཅོམ་པས་ན། ལོ་ཟླའི་འཁོར་སྐྱོད་ཁྲོད། མི་དང་མི་ཡི་སྙིང་གི་དཀྱིལ་ལ། ཤ་ལ་ཤ་ལན། རོ་ལ་རོ་སྐྱིན། མི་སྡིག་རྟ་སྡིག་ནི་རབས་ནས་རབས་སུ་མཆེད། སྙིང་གི་ཟུག་གཟེར་ལ་འཇགས་པ་མེད་པ་འདི་རླབས་ཀྱི་ཕྲེང་བ་དང་འདྲའོ། ནམ་ཞིག གང་ཞིག་བསད་པའི་མི་ཤ་རྟ་ཤའི་མི་གསོད་ཀྱི་གཤེད་མ་ལག་ཏུ་ཟིན་པས་ན། རྐང་སྒྲོག་ལག་སྒྲོག་ཅན་དེ། སྐྱེས་པ་དགུ་ཡིས་རྗེས་ནས་འདེད། བྱིས་པ་དགུ་ཡིས་མཐའ་ནས་བསྐོར། ཡུགས་མོ་དགུ་ཡིས་སྔུན་ནས་འདྲུད། ཞེ་སྡང་སྦྲུལ་གྱི་ཐུ་ལུ་འཕངས། རྣམ་རྟོག་ཅོ་ཐོ་སྐེ་རུ་བསྐོན།[7] མ་ཟད། ལྟོགས་སྐོམ་དང་ཚ་གྲང་གི་སྡུག་བསྔལ་ཡང་དམྱལ་བ་མངོན་སུམ་ལྟར་མྱོང་བར་བྱེད། ལོ་ལོན་པ་ལ་ཁའི་ཉི་མ་དང་འདྲ་བ་དག་གི་ངག་ནས། གནམ་ལ་འདོགས་རྒྱུ། ས་ལ་སྦས་རྒྱུ། སྒང་ལ་འཕེན་རྒྱུ་ཞེས་གོ་ན་ཤ་ཡང་སྦྲིད་པར་བྱེད་པའི་དམོད་ཚིག་དག་གི་ཐོག་མའང་། གཤེད་མ་ཁྲིམས་ལ་འཇུག་པའི་གསེར་གྱི་གཉའ་ཤིང་ཡིན་པ་ངས་དེ་རིང་ད་གཟོད་རྟོགས། མི་རྐྱང་རྟ་རྐྱང་ཇག་པ་ཡོང་ན་འགྲོ་རྐྱང་། གོམས་པ་ཁ་ལ་ལོབ་ཅིང་རྣ་ལ་བྱང་བའི་གཏམ་དཔེ་འདིས། ང་རང་གློ་བུར་དུ་གནའ་སྔ་མོའི་རྣ་ཅོར་ཅོར་དང་མགོ་ཀྲོག་ཀྲོག་གི་དོགས་ཟོན་ལ་གཏད་པའི་འཇིག་རྟེན་ཞིག་ཏུ་ཁྲིད་སོང་། འདི་ལྟར་བསམ་ན། ཤ་ཤོར་གྱི་ཤ་ལན་དང་རྒྱུ་ཤོར་གྱི་ར་མདའི་འཇིགས་པ་དང་། སེམས་དང་གཉིད་མི་བདེ་བའི་ནག་ཉེས་ནི་ལོ་ཟླ་ག་ཚོད་ཅིག་ལ་རྒྱུན་བསྲིངས་ཡོད་ཨང་། ང་ཡི་མེས་པོ་ལགས། སྐྱོ་སྣང་བན་བུན་འདིའི་ཀློང་ནས་ངས་ནི་གང་ཞིག་དཀར་ཕྱོགས་སྐྱོང་བའི་ལྷ་དང་། གང་ཞིག་ནག་པོ་འདུལ་བའི་བདུད་ཀྱི་དབྱེ་བ་མ་ཆོད། ངས་ནི་གང་ཞིག་དོན་གྱི་བདེན་པ་བརྩི་བའི་གཉེན་དང་། གང་ཞིག་ལུགས་ཀྱི་རྒྱུ་འབྲས་དོར་བའི་དགྲ་ཡི་དབྱེ་བ་མི་ཤོད། མཚོན་རྣོན་པོའི་འོག་ནས་མ་ཐར་ན། མདའ་སྐྱེན་པོའི་འོག་ནས་མ་ཤོར་ན། རྒྱུ་མེད་བུ་ལོར་སྟོང་འཇལ་མེད། གཉོམ་ཆུང་བུ་ལ་ཤ་ལན་མེད། ཕོ་ཁྲེལ་མེད་ཇག་པས་གཞན་ནོར་འཕྲོག །དཔོན་ཁྲེལ་མེད་ཁྲམ་པའི་རྒྱབ་ལ་ལངས། །རྒྱུ་འབྲས་ལ་ཡང་ལྕི་གཞལ་བའི་ཁྲིམས་ཀྱི་དཔོན་ཡང་མེད་ས་ན། གྲྭ་བའི་རྒྱུ་ནོར་ཇག་པའི་ཁ་བསོད་ཟེར་བའང་མི་བདེན་པ་ག་ལ་སྲིད།

ཇག་ལ་ཆས་དུས་ནི། ཞིང་ལ་ལོ་ཏོག་སྨིན་པའི་སྟོན་ཟླ་ར་བ་དང་། ནོར་ལ་ཤ་ཤེད་རྒྱས་པའི་སྟོན་ཟླ་ར་བ། ཆུ་ལ་ཆབ་རོམ་ཆགས་པའི་དགུན་ཟླ་ར་བའོ། །[8] ཇག་ལ་ཆས་པའི་ཡུལ་གྱི་ཁམས་ནི། ཉིན་ལམ་མཚན་ལམ་བརྒལ་བ། མི་ངོ་རྟ་ངོ་མི་ཟིན་པ། གཉེན་ལམ་དར་གྱིས་མ་འཐེན་པ། རི་རབས་དང་ཆུ་ཆེན་གྱིས་ཆོད་པའི་མིག་གིས་མི་ཟིན་པའི་གནས་དག་གོ །

རྟ་ཁྱུ་དེད་ཤུལ་ནས། ནོར་ཁྱུ་འཕྲོག་ཤུལ་ནས། ལུག་ཁྱུ་བཅད་ཤུལ་ནས། ངའི་སྣང་ངོར། རྒད་པོ་མགོ་དཀར་ལག་ཕྲེང་བཟུང་ཞིག་གི་ཐབས་ཟད་སྐྱོ་སྣང་ལ་འདྲེས་པའི་མི་རྟག་ངེས་འབྱུང་གི་སྣང་བརྙན་ཞིག་ཤར་འོངས། དཔུང་དང་ར་མདའ་མེད་པའི་སྟག་ཤར་ཞིག་གི་སྡང་མིག་སྤྱན་གྱིས་དགྲ་ལ་བལྟས་པའི་མིག་རྩ་དང་། གཉོམ་ཆུང་འུ་ཐུག་གི་ཆུང་མ་ཞིག་གི་ཞེ་རྩ་སྨྲེང་བའི་ཁྲོམ་ཁྲོམ་མཆི་མའི་རྒྱུན་ཡང་མཐོང་འོངས། ད་དུང་བྱིས་པའི་ངུ་སྐད་དང་ཁྱིའི་འབ་སྐད། རྟ་མཆོག་གི་འཚེར་སྐད། ནོར་ནག་གི་ངུར་སྒྲ། གཡང་དཀར་གྱི་འབའ་སྒྲ། སྲོད་ཁའི་ལྷིང་འཇགས་ལ་ཟང་ཟིང་གི་འཁྲུག་ཆ་བཟོ་མཁན། ཇག་ཚོགས་ཀྱི་རྒྱལ་ཁའི་རྗེས་ན་གཉོམ་ཆུང་གི་རུ་ཁེར་འབབ་ཅིག ཡང་ན། རུ་སྐོར་ཞིག གང་ལྟར། བུ་སྤུན་ཉིས་འགྲིག་དགྲ་ཡི་ཐོ་བར་མ་གྱུར་བའི་ཁྱིམ་ཚང་གཉོམ་ཆུང་ཞིག རུ་སྐོར་ཉམ་ཆུང་ཞིག་གི་སྐྱོ་སྣང་མཐོང་འོངས། གལ་ཏེ། དཔའ་ཚུགས་པའི་བུ་རབ་དང་སྡེ་ལ་འཕྲད་ན། སྡེ་དོན་ཚོ་དོན་དེ་སྡེ་ཤེད་ཚོ་ཤེད་ཀྱི་དོན་ཆེན་པོ་ཕོ་གྱོད་ཕ་བོང་རྒས་མེད་ཀྱི་དཔེ་ཡིན་པས་ན། དཔའ་བོ་འཆི་ཁར་སླེབས་ཀྱང་རོ་སྐྱིན་ལེན་པའི་ལས་ཀྱི་འཕྲོ་ནི་མི་གཏོང་ཟེར། འདི་ལྟར་ཕུ་ཡི་འབྲོག་དང་མདའ་ཡི་ཞིང་པ་གཉིས། མཚམས་རེར་ཐང་ཆེན་དང་ཆུ་ཆེན་གྱི་གཞུང་གཅོད་པའི་ཇག་པ་ཡིན། མཚམས་རེར་ངུ་འབོད་དང་སྐྱབས་བཅོལ་ཞུ་བའི་འབངས་ཡིན། བཙན་པོ་དང་གཉོམ་ཆུང་གི་རེས་འཁོར་བའི་ལས་འདིའི་མཇུག་འབྲས་ལ། བསྐལ་བ་སྟོང་གི་ཤ་ལན་ནི་བསྐལ་བ་སྟོང་གི་མཐའ་ལ་བསྲིངས། ཕ་རོལ་ཕམ་འདོད་དང་རང་ཉིད་རྒྱལ་འདོད་ཀྱིས་གཞན་གྱི་འབྲས་བུ་འཕྲོག་པ་ལ་ཡ་མི་ང་ཞིང་། གཞན་གྱི་སྐྱིད་ཉི་མ་གཉིས་ཀ་སྡུག་ལ་བསྐུར་བར་བག་མི་ཚ་བ། མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁའི་གནམ་རྡོ་ཐང་ལ་འཕངས་འདྲ་འདི། ཞི་དུལ་དང་བག་ཡོད། ཁྲེལ་གཞུང་དང་ཕྱི་ཐག་ཚུལ་བཞིན་སྲུང་བར་རློམ་པའི་མེས་པོ་དག་གི་སྔོན་བྱུང་གི་གཏམ་རེད་ཅེ་ན་བདེན་ནམ།

ལོ་ཡི་འཁོར་མོ་རབས་ནས་རབས་བརྒལ་བའི་བསྐལ་བ་དེ་ལ། ཇག་སྡེ་ཟེར་ན་སྙན་པ་མིང་གྲགས་ཅན་གྱི་མཚན་དང་ལྡན། ཇག་དཔོན་ཟེར་ན་དབང་སྡུད་གོ་འཕང་ཅན་གྱི་ཆོ་ལོ་ལྡན། དམུ་རྒོད་ཟེར་ན་བརྗིད་པ་དྲག་ཤུལ་གྱི་ཉམས་དང་ལྡན། ལ་ཁའི་ཇག་པ་ཟེར་ན་ཆུ་ཁའི་མཉན་པ་འདྲ་འདྲའི་དབང་ཆེན་པོ་ནམ་མཁའི་མཐོ་དང་མཉམ་འདྲ་ཡོད། ཕྱི་ན་གྲགས་སྐད་ལྷང་ལྷང་། ནང་ན་གོང་བཀུར་ཡི་རངས། ཁྲི་དཔོན་སྟོང་དཔོན་བརྒྱ་དཔོན་དག་གི་ཐུགས་ཀྱི་སྲས་དང་འདྲ། རང་སྡེའི་མགོན་དང་གཞན་སྡེའི་དགྲ་ལྟར་ཆགས་པས་ན། དེ་འདྲའི་ཇག་གི་འཁོར་ལ་གཏོགས་པའི་རུ་སྡེ་ཁྲ་མོ་རྣམས། གཉིད་བདེ་ཞིང་སེམས་སྐྱིད་དོ། དེ་ཡི་ལོ་རབས་ལ། དམ་ཅན་ཆེན་པོ་ཇག་པ་མེ་ལེན། ཇག་པ་བླ་མར་བསྟེན་པའི་རི་ཁྲོད་པ། བྱང་ཨ་ཡན་ཇག་པ་མི་བདུན། ཇག་གི་མི་ཆེན་གཉའ་ཐུབ་བསྟན། ཇག་དཔོན་ནོར་བུ་དགྲ་འདུལ། སྟོད་ཨ་ཕོ་ཇག་ལ་འགྲོ་ནི་ཚོ། སྲོད་ཀྱི་ཇག་གཞས་རིང་མོ་སོགས་སྙན་པ་ལ་ཚད་མེད་པ་རྣ་ལ་ཚིམ་པའི་གླུ་གཞས་དང་གཏམ་གླེང་སྣ་ཚོགས་སྲིད་པའི་སྒྲུང་རབས་ལྟར་ཆགས་ཡོད།
       ཇག་དཔོན་སྒ་ཐོག་སེང་གེ། ཇག་པ་མི་མང་ལག་མང་། ཇག་རྟ་གློག་ཞགས་མྱུར་མ། དུས་རབས་ཤིག་གི་བློ་གྲོས་དང་སྤོབས་པ་མཚོན་པའི་དཔའ་བོའི་སྣང་བརྙན་ནོ། །
མཆན་འགྲེལ།

[1] ཨ་མདོའི་ཡུལ་སྐད་དུ་རྟ་དང་རྒོད་མའི་སྤྱི་མིང་ལ་ལ་ལོ་ཟེར་ཞིང་། ཇག་པས་ལ་ལོ་མ་གཏོགས་ནོར་དང་ལུག་འཕྲོག་པ་ཧ་ཅང་ཉུང་ཟེར། ཡིན་ཡང་ནོར་ལུག་གཏན་ནས་མི་འཕྲོག་པ་མིན། རྒྱུ་མཚན་ནི་ལ་ལོ་དེད་ན་འགྲོས་མགྱོགས་པ་དང་། ར་མདའ་ཡོང་ན་འགྲོ་སླ་བའི་ཆེད་རེད། ནོར་ལུག་གཉིས་ཀ་དེ་ལས་ལྡོག་སྟེ་འགྲོས་དལ་བའོ། །

[2] ཇག་ལ་འགྲོ་དུས་ཇག་པ་དང་ཇག་རྟ་གཉིས་ཀའི་ལྭ་བ་དང་རྟའི་ཁ་དོག་གི་ཆ་ནས་བཀྲག་མདངས་ཅན་ཁམ་ཁམ་དང་ནག་ནག ར་རའི་རིགས་ཡིན་མི་རུང་སྟེ། སྐྱ་མདོག་གམ་ཐལ་བ། ཡང་ན་ནག་ལ་ཅུང་སེར་ཤ་འདྲེས་པ། རྩྭ་དང་སྐྱ་མདོག་གི་ཁ་དོག་དང་མཐུན་ན་ར་མདས་མིག་གིས་མཐོང་དཀའ་བར་བཤད། རྟའི་མཆན་ལ་གཙུག་འཁྱིལ་གྱི་སྤུ་རིས་ཡོད་ན་སྔོན་མོ་མདའ་ལེན་ཞེས་ར་མདའི་མདའ་ཕོག་སླ་བས་རྟ་དེ་རིགས་ཇག་རྟ་ལ་མི་འདེམས་པ་དང་། མཐོང་ག་ན་གཙུག་འཁྱིལ་སྤུ་རིས་ཡོད་ན་སྔོན་མོ་དབུགས་ལེན་ཞེས་བྲང་གའི་གཙུག་འཁྱིལ་ལས་ཀྱང་དབུགས་ལེན་ཐུབ་ལ། དེ་ལས་ཝུ་བ་འཕྱུར་བས་ལམ་ཐག་རིང་བོར་རྒྱུགས་ཀྱང་ཐང་མི་ཆད་པས་འདིའི་རིགས་ཇག་རྟ་ལ་འདེམས་པའི་བཤད་ཚུལ་འདུག

[3] ཇག་རྟའི་རྐང་ལག་གསུམ་གྱི་ཁ་དོག་དཀར་པོ་ཡིན་ན་སུམ་སྒྲོག་ཏུ་བཅུག་པའི་དཔེ་དང་། གཡོན་ཕྱོགས་ཏེ་རྟ་ལ་ཞོན་པ་དང་འབབ་པའི་ཕྱོགས་ཀྱི་རྐང་བ་དང་ལག་པ་གཅིག་གི་ཁ་དོག་དཀར་པོ་ཡིན་ན་ཕྱེད་ཀའམ་ཚལ་བ་སྟེ་ཚལ་སྒྲོག་ཏུ་བཅུག་པའི་དཔེ་ལ་བལྟ། འདིའི་རིགས་སྒྲོག་ལ་བརྒྱབ་པ་བཞིན་རྒྱུག་མི་ཐུབ་པས་ཇག་རྟ་ལ་བདམས་ན་ར་མདས་རྗེས་ཆོད་སླ་བ་དང་། རྐང་ལག་བཞི་བོ་དཀར་པོ་ཡིན་ན་ཧ་ཅང་བཟང་བར་བཤད། གཡས་ཕྱོགས་ཀྱི་རྐང་ལག་གཉིས་ཀ་སྒྲོག་ལ་རྒྱག་པའི་སྲོལ་མེད་པས་དེ་གཉིས་ཀྱི་ཁ་དོག་དཀར་པོ་ཡིན་ན་ལེགས་ཉེས་བརྟག་པའི་སྲོལ་མེད་པ་རེད།

[4] ཇག་རྟས་གྲང་དང་འཁྱག་ཐེག་པའི་ཆེད་སྟོན་གྱི་ཉི་མ་ནུབ་ཁའི་དུས་ལ་ཇག་རྟ་ཆུ་ནང་དུ་ཡང་ཡང་ཁྲིད་པ་དང་། ཡང་ཡང་ལུས་སྟེང་དུ་ཆུ་གཏོར་ཏེ་གྲང་འདར་རྒྱག་ཏུ་འཇུག འདི་ལ་ཁ་སྐད་དུ”སོས”བྱེད་ཟེར། འདིས་དགུན་གྱི་དུས་སུ་ཇག་རྟས་གྲང་ཐེག་པ་མ་ཟད། གློ་བའང་བདེ་བའི་བཤད་སྲོལ་འདུག

[5] ཇག་ལ་ཆས་དུས། སྐྱེས་པ་གཅིག་གིས་རྟ་གཉིས་གྲ་སྒྲིག་བྱེད་པའམ་སྐྱེས་པ་གཉིས་ཀྱི་བར་དུ་རྟ་གསུམ་གྲ་སྒྲིག་བྱེད་པ་སྟེ། རྟ་གཅིག་ལ་ར་མདའི་མཚོན་གྱི་རྨས་ཕོག་ཚེ་ཇག་པས་ཕྱོགས་ནས་རྟ་དེ་ངེས་པར་དུ་གསོད་དགོས་པ་དང་། གལ་ཏེ་མ་བསད་ན་ར་མདས་གསོ་སྐྱོང་བྱས་རྗེས་རྟ་དེའི་ལམ་པ་ལ་བསྟེན་ནས་ཇག་ཚོགས་རྙེད་ཐུབ་པར་བཤད། དེ་བས། ཇག་པས་ཕྱོགས་ནས་འགྲོ་མི་ཐུབ་ཅིང་རྨས་ཕོག་པའི་རྟ་དེ་གསོད་དགོས་པ་དང་། ར་མདའི་ཕྱོགས་ནས་གསོ་སྐྱོང་བྱེད་དགོས་པའོ། །

[6] ཕ་ཤི་དོ་མ་དང་མ་ཤི་ནུ་འཐེན་ཞེས་པ་ནི་ཕའམ་སྐྱེས་པ་ཞིག་ཚེ་ལས་འདས་ཚེ་ཁོའི་རྟ་དང་རྒོད་མ། དེ་བཞིན་མའམ་བུད་མེད་ཅིག་ཚེ་ལས་འདས་ཚེ་འབྲི་དང་མཛོ་མོ་སོགས་བཞོ་རྒྱུ་ཡོད་པ་རྣམས་དགོན་པར་བསྔོ་རྟེན་གྱི་ཚུལ་དུ་འབུལ་བར་གྲགས། འདི་ལ་བ་ཆུ་སྐོར་གསུམ་ཞེས་བ་རྡོ་དང་། མེ་ཤིང་། མེ་ཆ། བ་མ། ཐོམ་བུ། དཀར་ཡོལ། མདའ་གྲི་མདུང་གསུམ་སོགས་འདུ་ལ། རང་གི་རྟའམ་ཇག་རྟ་ཡང་འདུ་བ་རེད།

[7] ཡུགས་སར་ལུས་པའི་བུད་མེད་དག་གིས་རང་གི་ཁྱོ་བོ་གསོད་མཁན་གྱི་ཡུལ་དེའི་གཤེད་མ་དག་ལག་ཏུ་ཆུད་པས་ན། ཅོ་ཐོ་སྐེ་ལ་བརྒྱབ་སྟེ་འདྲུད་པས་ན། དམོད་ཚིག་ཏུའང་ཡུགས་ས་དགུ་ཡི་ཅོ་ཐོ་སྐེ་ལ་རྒྱག་རྒྱུ་ཞེས་དམོད་པ་རེད། ཡིན་ནའང་། འདིར་དགུ་ཞེས་པ་མཐའ་གཅིག་ཏུ་གྲངས་ཀ་དགུ་ཡིན་དགོས་པའི་ངེས་པའང་མེད། གཉིས་དང་གསུམ། ཡང་ན་དེ་ལས་མང་བ་ཡིན་ཡང་ཆོག

[8] སྟོན་ཁ་ནི་ཞིང་ལ་ལོ་ཏོག་སྨིན་ཞིང་། འབྲོག་ལ་ཟོག་གི་ཤ་ཤེད་རྒྱས་པའི་དུས་ཡིན་པས། ཇག་བྱེད་པའི་དུས་ཀྱང་འདི་ལ་བྱེད་པ་མ་ཟད། དགུན་གྱི་དུས་ལ་ཆུ་བོར་དར་ཆགས་དུས་ཀྱང་ཇག་བྱེད་པ་རེད། དམངས་གླུ་རུའང་། ཆུ་རྨ་ཆུར་འགྲམ་དར་ཆགས་དང་ཐལ། །བུ་ཇག་ག་འགྲོ་གི་སྐབས་ཤིག་རེད། །ལྟ་བུ། ཆུ་རྒྱས་པའི་དུས་ན་ཇག་ལ་སོང་ན་ཐར་མི་ཐུབ་པའི་ཕྱིར་རོ། །དཔྱིད་ཀ་ཇག་བྱེད་པ་ཉུང་ཞིང་། གལ་ཏེ་ཇག་བྱས་ནའང་སོས་ཁའམ་ས་ཆུ་དྲོས་པའི་དུས་ལ་འཁེལ་ཡོད་པས་ར་མདས་ཇག་གི་རྐང་རྗེས་རྙེད་སླ་བར་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号