པར་མིག་ནང་གི་གཞི་བདག
སྟག་རིག་འབྲུག་ཐར།
བསྟན་འཕེལ་རྡོག་ཁྲེས་ལྗིད་མོ་ཞིག་གིས་ཟིལ་གྱིས་མནན་པ་ལྟར་རྨི་ལམ་གྱི་འཇིགས་པ་ལས་སད་དུས་སྐྱ་རེངས་དང་པོ་བཀྱགས་མ་ཐག་རེད། མལ་ཁྲི་ལས་ཏན་སེར་ཡར་ལངས་དུས་ད་སོ་མ་སུ་ཞིག་གིས་ཆུ་ཀ་ཏོ་ར་གང་ལུས་སྟེང་དུ་བྲན་པ་ལྟར་ལུས་ཡོངས་རྔུལ་ཆུས་སྦངས་འདུག ཁོས་རི་བྱད་མཛེས་པའི་དུང་དཀར་རིའི་གདོང་གར་ས་རྐོ་འཕྲུལ་ཆས་ཀྱིས་ཚམ་ཚོམ་མེད་པར་རི་གཟར་རྦབ་རྡོ་འགྲིལ་ནས་ལུང་བ་ཁ་ཞེང་ཅན་པོ་འགག་དོག་ལུང་དོག་ཏུ་བསྒྱུར་བའི་རྣམ་པ་དེ་ཡིད་ལ་འཁོར་དུས།ཅུང་བཟོད་མི་བྲ་བའི་ཞེད་སྣང་ཞིག་གིས་མྱུར་བར་མལ་ཐུལ་ཉིས་ལྟེབས་བྱས་ཏེ་མལ་ཁྲིའི་ཟུར་དུ་གཡུགས་རྗེས་ཨ་མྱེས་དུང་དཀར་སྒང་ལ་ལྷ་བསང་གཏོང་དུ་འགྲོ་བའི་སྟ་གོན་བགྱིས།
ནང་ཁྲོལ་རྒྱུ་མའི་དབྱིབས་ལྟ་བུའི་གུག་ཀྱོག་གི་ལམ་ཕྲན་དེད་དེ་རི་སྐེད་དུ་སླེབས་དུས་ཉིན་བྱེད་གཞོན་ནུ་རི་གསུམ་རྩེ་རུ་ཁད་ཀྱིས་འཕགས་ཏེ་སེར་ལམ་མེའི་ཟེར་བརྒྱ་མ་ལུས་ཕྱོགས་རིས་བྲལ་བར་ས་གཞིའི་རྒྱན་དུ་སྟོར་བྱུང་། ཁོས་ཨུ་ཚུགས་ཀྱིས་ཉག་ག་ཞོལ་མ་བརྟོལ་ཏེ་རི་སྐེད་དུ་སླེབས་དུས་དབུགས་སྟོད་ལ་འཚངས་ནས་སེམས་ཀྱིས་ལྕོག་རུང་ལུས་ཀྱིས་མ་ལྕོག་པས་རྒྱབ་ཁུག་སར་གཡུགས་ཏེ་རྐང་ལག་བཞི་བརྒྱངས་སྒོས་ཁ་གནམ་ལ་འཁོར་ནས་ངལ་གསོས་པ་ན་མགོ་ཡུ་འཁོར་བ་ཡིན་ནམ་ཅི་ཆ།མིག་ལམ་གྱི་ནམ་མཁའ་སྔོན་པོ་གཡས་འཁོར་རྒྱག་པའི་ཚོར་བ་སྟེར་བས་ཐོལ་གྱིས་ཁོག་སྟོད་ཡར་དགྱེ་སྟེ་ཉེ་གམ་དུ་བལྟས་པར་བྲ་མ་དང་གླང་མའི་སྟེང་དུ་འབྱར་བའི་ལུག་བལ་ཐོར་རེ་བ་བསིལ་རླུང་གིས་ཡོ་ཙམ་ཡོ་ཙམ་གྱིས་འབོད་འགུག་གཏོང་བའི་བརྡ་རུ་འཁྲུལ། ཁོས་གནས་སྟངས་དེ་མཐོང་བས་ཡང་བསྐྱར་སྟོབས་ཤུགས་ཡོད་དགུ་བཏོན་ཏེ་རྒྱབ་ཁུག་ཡར་བཏེགས་ནས་དུང་དཀར་རིའི་དབུ་རྩེ་སྙེག་སྟེ་ཕྱིན། སྡེ་མི་དང་འཛིང་ག་བཀྱེས་ཏེ་ཐོབ་པའི་ལས་གཞི་དེ་དང་སྐྱི་གཡའ་བའི་རྨི་ལམ་གཉིས་རྐྱ་འཐབ་དུས་ཁོའི་ཡིད་སེམས་ནི་རྦ་རླབས་འཕྱུར་བ་ལྟར་ཞི་འཇགས་ཀྱི་གོ་སྐབས་ནམ་ཡང་ཡོད་མ་མྱོང་རྐྱེན།མིག་སྔའི་གོ་རིམ་འཁྲུགས་པའི་སེམས་ཁམས་བདེ་ལ་འགོད་ཆེད་ཆོས་སྐྱོང་སྲུང་མར་སྐྱབས་རྟེན་བཅོལ་ནས་རང་གི་བྱས་ཉེས་ཀྱི་མཐའ་དཀར་བར་བྱེད་ཐབས་འདི་ལས་གཞན་ཞིག་མེད་པར་སྙམ་སྟེ་ཤེད་ཤུགས་ཡོད་ཚད་རྡོག་སྣེར་གཏད་ནས་བགྲོད་བགྲོད་མཐར་གཞི་ནས་དམིགས་ཡུལ་གྱི་རི་རྩེར་སླེབས།ཀེར་རེར་བརྩེངས་པའི་ལབ་ཙེ་ནི་སྲུང་དམག་བཞིན་ནག་རོག་གེར་གཡའ་མ་དང་རྡོ་སྤུངས་གསེང་ན་བརྟན་ཞིང་བརླིང་ལ། དཀར་དམར་ཁྲ་ཚོན་གྱི་དར་ལྕོག་ནི་རླུང་འཁོར་ཆེན་མོ་ཞིག་གིས་ཤུགས་ཀྱིས་དཀྲོགས་པ་ལྟར་དར་རྡང་གཅོད་ལ་ཁད་བྱེད། ཁོས་ཨོང་བས་མཐའ་སྐོར་ཅིང་སུ་རུ་འགབ་ཏུ་བཞག་སྟེ་སྟོད་གོས་ཀྱིས་ལྷགས་རླུང་གི་རྒྱུ་བ་བཀག་སྟེ་འབར་ཞུན་རྐང་ཐུར་ལྔ་ལྷག་བསྒྲོན་རྗེས་ད་གཟོད་མེ་ཁ་གསོ་ཐུབ་སོང་།
མཆོད་ཨོཾ་ཨཱ་ཧཱུཾ། མཆོད་ཨོཾ་ཨཱ་ཧཱུཾ། མཆོད་ཨོཾ་ཨཱ་ཧཱུཾ། མཆོད་མགོ་གཅིག་གཉིས་གསུམ་བཞི་ལྔ་དྲུག་བདུན་བརྒྱད་དགུ་བཅུ་ཐམ་པ། བཅུ་གཅིག བཅུ་གཉིས། བཅུ་གསུམ་མཆོད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། ཡུལ་ལྷ་གཞི་བདག ནོར་ལྷ་གཏེར་བདག……བསྟན་འཕེལ་གྱིས་ཐོགས་རྡུགས་མེད་པར་བསང་རྩི་ཞོར་ལག་ཡས་ཀྱིས་ཁ་ཕྱེ་བའི་མའོ་ཐའེ་རྟགས་ཅན་གྱི་རྒྱ་ཆང་དགུང་དུ་མཆོད་དེ་ཕྱོགས་བཞི་མཚམས་བརྒྱད་ལ་གཏད་ནས་མཆོད་པའི་ཕུད་སྟོར་བ་དང་། རླུང་ཤུགས་དྲག་པོའི་འགྲོས་དང་བསྟུན་ཏེ་སྟག་སེང་ཁྱུང་འབྲུག་གི་རི་མོ་མངོན་པར་གསལ་བའི་རླུང་རྟ་སྡམ་མ་རེ་རེ་ཁ་ལས་མེ་ལྕེ་འབར་འབར་ཤོག རླུང་རྟ་རྟ་རྒོད་རྒྱུག་རྒྱུག་ཤོག་ཅེས་ངག་ལས་མཚམས་མེད་དུ་འབོད་བཞིན་མཁའ་དབྱིངས་སུ་སྤུར། རླུང་རྟ་བསྐྱོད་ཚར་རྗེས་གདོང་ཀ་རུ་འགྲེང་སྟེ་དུང་དཀར་གཡས་འཁྱིལ་མཆུ་སྒྲོས་ཀྱི་ཟུར་དུ་གཏད་དེ་ལྷང་ལྷང་དུ་བུས་པ་ན་ས་བདག་གནས་བདག་ལྟ་ཅི། ཉེ་འཁོར་གྱི་རུ་སྡེར་བསྐྱོད་པའི་སྡེ་མིས་ཀྱང་གསལ་ལྷང་ངེར་ཐོས་ཐུབ།བསང་ཕུད་མཆོད་སྟོར་གྱི་ཆོ་ག་ཡིད་ཚིམ་པ་ཞིག་རྫོགས་རྗེས་ཕྱིར་འགྲོ་ཁར་མི་བརྗེད་ཐོ་ཡིག་གི་རྟེན་དུ་བསང་ཁྲི་དང་དར་ལྕོག་རྒྱབ་ལྗོངས་བྱས་ཏེ་པར་ཞིག་བརྡབ་སྙམ་སྟེ་ལག་ཟུང་གིས་ཁ་པར་གྱི་པར་ཆས་ཕྱེ་ནས་པར་ལེན་རྩིས་བྱས་པ་ན། གློ་བུར་པར་མིག་ཏུ་ལྷ་རྟ་རྐྱང་ངེར་བཅིབས་པའི་ཕོ་རྒོད་ཅིག་གིས་དབུ་ལ་ཕྱིང་ཞྭ་དཀར་པོ་གྱོན་ཞིང་ལག་གཡས་པར་མདུང་རིང་ཐོགས་པ། ལག་གཡོན་པས་སྲབ་མདའ་སྒོག་སྟེ་ཟིལ་གྱིས་འགྱིང་བ་ཞིག་མཐོང་ལམ་དུ་མངོན་པས།ཁོ་རང་ཡེར་སེར་བཏང་སྟེ་ཡིད་མ་ཆེས་པའི་ཚུལ་གྱིས་མིག་མདུན་ནས་ཁ་པར་བླངས་ཏེ་ཞིབ་ཏུ་བལྟས་པར་མིག་འཁྲུལ་བྱུང་བ་ལྟར་ཅི་ཡང་མཐོང་རྒྱུ་མེད་པར་གྱུར། སྣང་ཚུལ་དེས་ཁོའི་ལུས་ཀྱི་བ་སྤུ་གཟེངས་ཤིང་སྙིང་གི་ལྡིང་ཚད་ཇེ་དྲག་ཏུ་གྱུར་ཏེ་བསམ་ལོང་དགྱེ་ལོང་མེད་པར་རྒྱབ་ཁུག་ཁུར་ཏེ་ཕྱི་མིག་ལན་ཙམ་ཡང་འཕེན་མ་བྲ་བར་ཤུད་མ་འདུར་གྱིས་ཕྱིར་ལམ་བསྙེགས།
མདང་དགོང་ཡང་མཚམས་མི་ཆད་པའི་རླངས་འཁོར་གྱི་ལྡིར་སྒྲས་འཇིགས་མེད་ཀྱི་གཉིད་ཞིམ་པོ་རྨང་ནས་དཀྲོགས་ཏེ་ནམ་སྨད་ཧྲིལ་བོར་བསྟན་འཕེལ་གྱི་བྱས་ལས་ལ་སྡིགས་མོ་དང་དམོད་མོ་བོར། མངོན་སུམ་དུ་ཁོང་ཁྲོའི་གཤེ་གཤེ་གཏོང་མི་ཐུབ་ནའང་ལྐོག་ཏུ་མི་མགོ་འདུས་སར་རྒྱུན་པར་བསྟན་འཕེལ་གྱི་བླ་བཙག་པའམ་ཚོགས་པའི་མི་ལ་མི་དགའ་བའི་བསམ་འཆར་དང་འཁང་རའི་ངན་སྨྲས་སྣ་ཚོགས་བྱེད་པ་ནི་ཉེ་ལམ་ཆོས་ཚ་སྡེ་བའི་གསར་འགྱུར་ཚ་ཤོས་སུ་གྱུར་ཡོད།
“ལྟོས་དང་། ཁ་འདག་རྒྱུ་ཆ་བོས། གཞུང་ལམ་དར་དཀར་འདྲ་བོ་ཁ་ཤོ་སྣ་རལ་དུ་བཏང་འདུག”
“ཨ་ཁུ་བཟོད་པ་ཚང་གི་སྒོ་མདུན་གྱི་ཟམ་པའང་བརྡིབས་འདུག”
“ལོས་ཡིན། ཞག་མ་གཅིག་ལ་དུང་དཀར་ལུང་བའི་གཞུང་ལམ་སྟེང་དུ་ས་འདྲུད་རླངས་འཁོར་བཞི་བཅུ་ལྔ་བཅུ་འགྲོ་གིན་གདའ”
“ཧམ་པ་གང་རྒྱུ་མེད་རུང་། གཞི་བདག་ཨ་མྱེས་དུང་དཀར་ཁྲོས་འགྲོ་བ་ཞིག་རྒྱུད་ལའང་ཤར་གིན་མེད་དམ”
“ཤུ་རེ་ཁོ། ངའི་ཕ་ས་མ་མོ་བྲང་མགོ་འདྲ་བོ་ཚལ་བར་གཤགས་ཐལ།ཆུ་མིག་ཡན་ལག་བརྒྱད་ལྡན་འདྲ་བོ་གཏིང་ནས་རྙོག་ཐལ” དེར་འདུས་སྡེ་མི་སོ་སོས་སྐྱག་ཚང་ནང་དུ་རྡོ་འཕངས་པ་ལྟར་རང་རང་གི་ན་ཟུག་དེ་མ་གསང་མ་སྦས་པར་ལྷུག་པོར་བརྗོད་པ་ནི་བཅར་འདྲི་ཚན་ཆུང་ཞིག་གིས་བཅར་འདྲི་བྱེད་པ་ལྟར་ཡུལ་དངོས་འཁྲུག་ཆ་དོད་པར་གྱུར།
ཐོ་རངས་བྱ་ཕོ་གྲག་རག་བར་དུ་མཚན་ནམ་རིང་མོར་རླངས་འཁོར་ཁ་ལོ་བ་རྣམས་ནི་འུག་པའི་བརྟུལ་ཞུགས་བཟུང་སྟེ་གཅིག་རྗེས་གཉིས་མཐུད་དུ་སྨྱོ་ཟས་སྨྱོ་ཆུ་འཐུང་བའི་གཡག་རྒོད་སྨྱོན་པ་བཞིན་རྒྱ་ལམ་དོག་མོ་རུ་འགྲོས་ཚད་ཆེས་མཐོན་པོར་བསྟད་དེ་ཤར་རེར་རྒྱུག་པ་ན། ས་རྡུལ་དཀར་པོ་ཞིག་བར་སྣང་དུ་དཀྲིགས་ཏེ་མདུན་ཕྱོགས་རྨིད་ལྔ་བརྒྱའི་མཚམས་དུ་ས་རྡུལ་གྱིས་ཡོངས་སུ་བསྒྲིབས་པ་དཔྱིད་རླུང་སྐྱ་བོ་འཚུབ་ནས་ས་གཞིའི་བཞིན་རས་ཡོངས་སུ་བཏུམས་པ་དང་འདྲ། ལམ་གྱི་བཞི་མདོ་དང་དཀྱོགས་མཚམས་སུ་ཇི་མི་སྙམ་པར་དུང་བརྡ་རྣར་གཟན་པ་རེ་བརྒྱབ་སྟེ་མདུན་ཕྱོགས་སུ་བང་གིས་རྒྱུག་པས། རླངས་འཁོར་ཆུང་བ་ལྟ་ཅི། མི་འགྲུལ་སུ་ཡིན་ཡང་ཏན་སེར་བསྡད་དེ་བཞའ་དགོས་པའི་ཚད་དུ་ལྷུང་། ཉིན་མོར་རླངས་འཁོར་གཅིག་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་མོད། ཏག་ཏག་ས་གཞིར་མུན་པའི་སེང་རས་བཀབ་མ་ཐག བསྟན་འཕེལ་གྱི་ལག་གཡོག་ཁ་ལོ་བ་ཚོ་འཕྱི་བ་རྒྱ་རིས་ལྟར་དུང་དཀར་ལུང་བའི་ནང་ཀློང་ནས་གཅིག་རྔ་གཅིག་གིས་བརྩད་དེ་རིན་ཆེན་གཏེར་རྡོ་རྣམས་འཁོར་སྒམ་མགོ་སྤུངས་རེ་སྨད་ཕྱོགས་སུ་འདྲུད་ཀྱིན་གདའ།
ཁོ་ཚོས་སྟབས་ཐུག་དང་ཤ་འཁྱག་ཚལ་འཁྱག་སོགས་མཚན་ཟས་ཟ་ཞོར་མཚན་ལས་སྒྲུབ་པར་གོམས་ལོབས་སུ་སོང་ཡོད་སྟབས་མཚན་མོ་ནི་ད་གཟོད་དངུལ་ཁུག་ཏུ་སྒོར་མོ་གསོག་པའི་གླགས་ཆེས་བཟང་པོའི་དུས་ཚོད་ཡིན། དགོང་མོའི་མཚམས་མི་ཆད་པའི་ལྡིར་སྒྲས་དུང་དཀར་ལུང་བར་རྣར་གཟན་པའི་བར་ཆད་ཅིག་བཟོས་པས་མི་ཚད། གཏེར་རྡོ་མཚམས་མེད་དུ་དྲུད་དེ་ཨ་མྱེས་དུང་དཀར་གྱི་བྱང་ཁོག་སྟོང་བར་བཟོས་པ་ནི་མི་ཕོ་ཤ་དར་ཁྲག་དར་ཞིག་གི་དོན་ལྔ་སྣོད་དྲུག་དྲུངས་ནས་ཕྱུངས་པ་ལྟར་རྨ་ཁ་བཟོད་གླགས་མེད་པ་ཞིག་བཟོས་ཡོད་རྐྱེན། ལྟ་རེག་དྲི་གསུམ་ལ་བྱང་བའི་ལྷ་རྗེ་ཞིག་གིས་བླ་རི་འདིའི་ཕྱག་གཡས་ཀྱི་རྩ་ལ་རེག་ཚེ། ཚ་བ་རབ་ཏུ་རྒྱས་ཤིང་དོན་ལྔ་སྣོད་དྲུག་དྲག་ཏུ་འཁྲུགས་ཏེ་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་བྱུང་ཡོད་པ་གོར་མ་ཆག
བསྟན་འཕེལ་གྱིས་སྐྱོབ་ཞྭ་ཞིག་གོན་ཏེ་དུང་དཀར་ལུང་བའི་གཏེར་རྐོ་ས་ཁུལ་དུ་ས་རྐོ་འཕྲུལ་ཆས་དང་ཟོང་སྐྱེལ་རླངས་འཁོར་གྱི་འགན་ཁུར་པ་དག་ལ་ཕྱག་རྒྱ་དགུང་དུ་གཡུགས་ཏེ་བཀོད་འདོམས་བྱེད་དུས་ཉི་མ་ཀླད་གཙུག་ཏུ་འོད་གོར་རེར་ཤར་ཡོད་ལ། འཕྲུལ་ཆས་ཀྱི་ལྡིར་སྒྲ་དང་རླངས་འཁོར་གྱི་དུང་སྒྲ། བྲག་རྡོ་ཉིལ་ལི་ལིར་འགྲིལ་བའི་སྐོབ་སྒྲ་སོགས་རྣར་གཟན་པའི་སྒྲའི་ཁྲོད་དུ་ལས་ཀ་པ་རྣམས་ཀྱིས་རང་རང་སར་གྲོག་མཁར་བརྩིགས་པའི་གྲོག་མའི་ཚོགས་བཞིན་ཕྱི་འདུར་ནང་འདུར་སྒོས་ཡོ་ལང་རབ་ཏུ་རྒོད། མཚམས་མེད་བཀད་པའི་འགད་རྫས་ཀྱིས་དཀན་གཟར་དགུང་ལ་སྙེག་འདྲའི་དུང་དཀར་རི་རྒྱུད་ནི་གཅེར་བུར་ཕུད་པའི་བུས་པ་ཞིག་དང་འདྲ་བར་གསུམ་ཆའི་གཅིག་ཙམ་མ་གཏོགས་ལྷག་མེད། དང་ཐོག་སྡེ་བའི་ལུག་རྫི་རྒད་པོ་དག་གིས་ཕ་གིའི་གདོང་ག་ནས་ཕྱག་ཕྲེང་འདྲེན་ཞོར་འཕྲུལ་ཆས་རིགས་ཀྱིས་རྐོ་འདྲུད་བྱེད་པའི་རྣམ་པ་མཚར་འཛིན་དུ་བརྩིས་ཏེ་ལྟད་མོར་ལྟ་གིན་འདུག་མོད། ཉིན་བཞི་བཅུ་ལྷག་གི་རིང་ལ་དུང་དཀར་རི་རྒྱུད་བལྟས་བལྟས་རིག་རིག་ཏུ་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་བས། ད་གཟོད་སྡེ་བའི་སྡེ་མི་རྣམས་སྡོད་བཟོད་མ་ནུས་པར་གཏེར་རྐོ་ས་ཁུལ་དུ་སོང་སྟེ་བསྟན་འཕེལ་ལ་མཚམས་འཇོག་དགོས་པའི་གྲོས་ཁ་བསྡུར། “ཕ་མེས་ཡང་མེས་བཞུགས་དུས། སྟག་པོ་དྲེད་པོ་འཛོམས་དུས། རྩྭ་ཆུ་ཉིས་འཛོམས་ཀྱི་དུང་དཀར་ལུང་བར་འཕྲུལ་ཆས་རིགས་ཀྱི་འཁོར་རྗེས་ཤིག་ལྟ་ཅི། ཕྱུགས་རྫི་ཚོས་ཀི་རིང་ཨག་སྐོར་བྱེད་པར་ཡང་འཛེམ་གྱིན་ཡོད། ཁ་སང་དེ་རིང་རྟེའུ་སྲན་མས་རྒྱགས་ན་མི་རྒྱུག་དགུ་རྒྱུག སྐྱག་ཕྲུག་རྩམ་པས་རྒྱགས་ན་མི་བཤད་དགུ་བཤད་ཀྱི་རང་བཞིན་རེད”ཅེས་ཟི་ཚར་ཁམ་ནག་གོན་པའི་ཨ་ཁུ་སྟོབས་ལྡན་གྱིས་ལུས་པོ་འཕྲེད་གསེག་ཏུ་གོང་མཛུབ་བསྟན་འཕེལ་ལ་གཟས་ཏེ་བཤད་པར།
བསྟན་འཕེལ་གྱིས་དམར་ཁ་ཚ་ཟོས་པ་བཞིན་ངོ་མདོག་གློ་བུར་དུ་དམར་པོ་དམར་ནག་ཏུ་ལོག་སྟེ“ངས་སྡེ་བའི་གཞུང་ལ་ཁ་གསབ་ཀྱི་སྒོར་མོ་དུ་དགོས་ན་སྟེར་ཞེས་སྡེ་དཔོན་ལ་བཤད་ཡག་བྱས་ཡོད།ཁྱོད་ཚོས་བར་མེད་སར་སྐེ་མ་སྲིངས།” “གཡང་ས་ཕྱྭ་དཀར་ས་འདི། ཁྱོད་ཚོ་མི་གཅིག་གཉིས་ཤིག་གི་གྲོས་ཐག་བཅད་དེ་རྐོ་འདོད་ན་བརྐོས་ཆོག་པ་ཞིག་ཡིན་ནམ། ཁྱོད་ཚོ་རྒྱུ་ཆེན་དབང་ཆེན་ཡིན་ཞེས་བཙན་གྱི་ཕུར་བ་གཉལ་བརྡབས། གཉོམ་གྱི་ག་མོ་སྐེ་ལ་བསྐོན་རྒྱུ་རེད་དམ”ཞེས་ཁའི་ཟུར་དུ་ཝུ་བ་དཀར་པོ་ཆགས་ཤིང་གདོང་ལ་རྡོ་ཤེལ་གོན་པའི་རྒད་པོ་ཡར་གསེག་ཅིག་གིས་ཨ་ཁུ་སྟོབས་ལྡན་གྱི་སྐད་ཆའི་མུ་སྐྱོང་བཞིན་དེ་སྐད་སྨྲས། དེར་ཡོད་རྒད་པོ་རྣམས་ཀྱིས་ཁ་རེས་མ་ཐེམ་པའི་ཚུལ་གྱིས་བདེན་དོན་རྡོ་སྒྲིག་སྒྲིག གནས་ལུགས་ཆུ་བཞུར་བཞུར་བྱས་ཏེ་ཡ་ལན་ལྡོན་ན་ཡང་། བསྟན་འཕེལ་ད་ཅི་ཁ་ཕོ་བཙན་པ་སྒྲ་ཕབ་འཕྲུལ་ཆས་ཀྱི་སྐད་མགོ་ཇེ་དམར་བཏང་བ་ལྟར་རིམ་བཞིན་ཇེ་གཉོམ་དུ་སོང་ནས་འཕྲལ་མར་འགྲམ་གྱི་རྡོ་རྒན་ཞིག་གི་སྟེང་དུ་ཙོག་སྟེ་བྲང་ཁུག་ལས་ཀྲུང་ཧྭ་རྟགས་ཅན་གྱི་དུ་བ་རྐང་གཅིག་བླངས་ཏེ་རྔམ་འཐེན་བགྱིས། དྲུག་ཅུ་སྟན་མ་དང་བདུན་ཅུ་སྔས་མགོ་ཡིན་པའི་རྒད་པོ་དྲུག་བདུན་ཞིག་གིས“ཁྱོད་ཚོ་བུ་ངན་ན་ལམ་ཕྲན་འདིའི་སྟེང་རླངས་འཁོར་ཐེངས་ཤིག་སོང་། ཨ་མའི་བུ་ཡིན”ཞེས་དཔུང་བ་ཕན་ཚུན་དམ་གྱིག་གེར་སྦྲེལ་ཏེ་རླངས་འཁོར་བགྲོད་སའི་ལམ་བཀག དེ་ནས་རིམ་བཞིན་དེ་གའི་ལས་བཟོ་བ་དང་སྡེ་བའི་མི་ཡང་ཇེ་མང་དུ་སོང་སྟེ་ཕར་འདེད་ཚུར་འདེད་ཀྱི་ཡུལ་དངོས་འཁྲུག་ཆ་དོད་པར་གྱུར།
བསྟན་འཕེལ་ཁྱིམ་དུ་ལོག་དུས། ཆུང་མ་གོ་ཁའི་ཕུག་ཏུ་ཉེས་ཅན་ཞིག་ལྟར་བསྒོངས་ནས་འདུག་ཅིང་། བུ་ཆུང་གིས་ཚ་ཐབ་སྟེང་ཁ་སྦུབ་ཏུ་ཉལ་ཏེ་ཁྱིམ་སྦྱོང་ལས་བྱ་འབྲི་བཞིན་འདུག
“ནུབ་འཚལ་བསྐོལ་རྒྱུ་ལྟ་ཞོག ཐབ་ནང་དུ་མེ་ཡང་སྒོང་མེད་པ་ཅི་རེད།”
“དེ་རིང་སྡེ་བའི་གཞུང་ལས་ལ་སོང་དུས་སྐྱེས་ཕོ་མོ་གཉིས་ཀས་སྡེ་བར་ཡོང་སྒོ་སྐར་གང་ཡང་མེད་པར་དུང་དཀར་ལུང་བ་ས་བཤིག་རྡོ་བཤིག་བྱས་ཚུལ་གླེང་བ་དང་། བསྟན་འཕེལ་གྱི་བྱ་ངོ་མ་ཅིག་བཙོག་གི་ཞེས་ང་ཡོད་ས་ནས་སུས་ཀྱང་མ་དགའ་བའི་མིག་ཞགས་ང་ལ་བསྐོར་བྱུང་བས། གཏམ་ལ་ཁ་མེད་ཀྱང་མི་སྙིང་དུམ་བུར་གཏོང་ཟེར་བ་ཅི་མ་བདེན། ངའི་མགོ་ཡར་འགྱོག་སྲོལ་ཞིག་གང་ན་ཡོད། བཟོད་བསྲན་བྱས་ཀྱང་མི་གྲལ་ནས་འདུག་ཐབས་མེད་པས་གཞུང་ལས་མ་གྲོལ་གོང་དུ་ཡུལ་ལ་ལོག་པ་ཡིན།”
“ཁོ་ཚོ་ཁ་མི་ན་ན་ཅི་ཞིག་བཤད་འདོད་ཀྱང་བཤད་དུ་ཆུགས། སྡེ་དཔོན་ངེད་གཉིས་ཀྱིས་གན་རྒྱ་ཡི་གེ་བྲིས་ཡོད།”
“སྡེ་བའི་མང་ཚོགས་ལ་གྲོས་བསྡུར་མ་བྱས་པར་མི་གཅིག་གཉིས་ཤིག་གིས་དོན་དག་འདིའི་འགན་ཡོད་ཚད་ཐེག་གམ། མགྱོགས་པ་རྒོ་མོ་རྒེའུ་ཡིན་རུང་། ཁ་རླངས་དབུགས་ལ་བརྟེན་དགོས། མཁས་པ་པཎྚི་ཏ་ཡིན་རུང་། འགྲོ་དོན་ཚིག་ལ་གནས་དགོས་ཟེར་བ་ངོ་མ་རེད”ཅེས་བསྟན་འཕེལ་དང་ཆུང་མ་གཉིས་ཀས་ཕན་ཚུན་ལ་གནས་ལུགས་ཀྱི་བདེན་པ་བརྡར་ཏེ་ལབ་གླེང་མང་པོ་བགྱིས་ན་ཡང་དུང་དཀར་ལུང་བའི་གཏེར་རྡོ་རྐོ་བའི་ཧམ་སེམས་དང་རྒྱ་ལམ་བང་གིས་གཅོད་པའི་འཕྲུལ་འཁོར་གྱི་སྒྲ་ལ་འཇགས་པ་མི་འདུག
བསྟན་འཕེལ་གྱིས་གྲོང་ཁྱེར་ག་གེ་མོར་སྡེ་དཔོན་དང་མཉམ་དུ་རྒྱས་ཟ་རྒྱས་འཐུང་བྱས་པའི་དགའ་སྤྲོའི་རྣམ་པ་ཡིད་ཀྱི་གུར་ཁང་དུ་ཝ་ལེར་ཤར་མ་ཐག་ཁོང་དགོད་ཅིག་བཅོས་མིན་དུ་ཤོར། མཚན་མོ་དེར་སྔོ་ཚལ་དང་འཁྱག་ཟས། དུ་ཆང་སོགས་ཅོག་ངོས་སུ་ཕྱུར་བུར་གཏམས་ཏེ་སྟོན་མོ་ཆུང་ཆུང་ཞིག་བཤམས་རྗེས། རྒྱས་སྲས་རྐང་བཀྲུ་ཁང་དུ་སོང་ནས་མཁྲང་རྒྱས་ནུ་འབུར་ལྡེམ་ཞིང་སྟོད་ཐུང་དོར་ཐུང་གྱོན་པའི་མཛེས་མ་ཞིག་གིས་སྡེ་དཔོན་གྱི་རྐང་པ་ཁྲུས་གཞོང་དུ་བསྒྲེས་ཏེ་ལག་པས་འཕུར་འཕུར་བྱེད་དུས་ལུས་པོ་གཡའ་ནས་ཟ་འཕྲུག་ལྟ་བུས་སྡོད་མ་བཟོད་པར་ཧབ་ཆ་བགད་དེ་འཕུར་མཉེད་བྱེད་རྒྱུ་དང་ལེན་མ་བགྱིས་པ་རེད།ཐེངས་འགའ་ཤས་ཤིག་ལ་ཁོ་གཉིས་དགའ་སྐྱིད་ཀྱི་དཔལ་ལ་རོལ་བར་གྲོང་ཁྱེར་དུ་ཕྱིན་པས། སྐྱིད་ན་སྐྱ་ཀ་ཁྲ་མཉམ་པ་དང་། སྡུག་ན་ཕོ་རོག་ནག་མཉམ་པའི“འབྲེལ་བ”ཡན་གར་བ་ཞིག་བཙན་གྱིས་ཆགས་ཡོད་པ་སྡེ་མི་མང་ཆེ་ཤོས་ཀྱིས་ད་དུང་མཐིལ་རྟོགས་མེད་པ་འདྲ།
མཚན་མོ་དེར། བསྟན་འཕེལ་གྱི་རྨི་ལམ་ཡང་བསྐྱར་འཁྲུགས་སོང་། ལྷ་རྟ་རྐྱང་ངེ་བཅིབས་ཤིང་ཕྱིང་ཞྭ་དཀར་པོ་གྱོན་པ། ལག་གཡས་པར་མདུང་རིང་བཟུང་བའི“གཞི་བདག”དེས་ཁོ་རང་ཚེར་མ་དང་རྡོ་ཧྲུག་ཡོད་སའི་རི་སྐེད་ཅིག་ཏུ་བང་གིས་རྒྱུག་གིན་གཞུག་འདེད་གཏོང་བཞིན་ཡོད་ཅིང་། ཁོ་རང་རྣོ་དབལ་གྱི་མདུང་རིང་གིས་ལན་གཅིག་གཙག་སྟེ་ས་རུ་བསྒྱེལ་ཡོང་ཨང་སྙམ་འདྲའི་ཞེད་སྣང་གིས་ཕྱི་མིག་ལང་ལིང་མདུན་ཕྱོགས་སུ་ཤུགས་ཀྱིས་རྒྱུག་གིན་ཡོད་ན་ཡང་ཁོ་རང་ཅི་ལྟར་སྔུན་ལ་རྒྱུག་ན་རྟ་ཕོར་བཅིབས་པའི་གཞི་བདག་དེ་ལྟ་དེ་ལྟར་ཁྲོ་ཉམས་དང་བཅས་ཁོ་རང་བདའ་འདེད་གཏོང་གིན་མཆིས། རྒྱང་རིང་ནས་བལྟས་ཚེ་དེ་ནི་དྲག་རྩལ་གློག་བརྙན་ཁྲོད་ཀྱི་འཇིགས་རུང་གི་འཛིང་ཁ་དྲག་པོ་ཞིག་ཏུ་འཁུམས། བདའ་བསྐྲད་ཀྱི་མཐའ་མའི་མཐའ་མར་བསྟན་འཕེལ་རྡོག་འདྲེད་བྱུང་སྟེ་གྲོག་རོང་ཞིག་ཏུ་ཅལ་སེར་ལྷུང་བ་ན། ཁོ་རང་མལ་སའི་སྟེང་ནས་ཏན་སེར་ཧར་གྱིས་ཡར་ལངས་དགོས་བྱུང་། ཁོའི་ལུས་ཡོངས་སྔར་བཞིན་རྔུལ་ཆུས་སྦངས་ཏེ་ཁ་ནང་དུ་ཁྲག་དྲི་འདྲ་བ་ཞིག་འཐུལ་འདུག མགོ་བོ་གཡས་གཡོན་དུ་ལན་འགའ་གཡུགས་ཏེ་མག་མོག་གི་ཞིང་ཁམས་ལས་ཁད་ཀྱིས་སད་དེ་ཡར་ལྟ་མར་ལྟ་ཞིག་བྱས་པར་མལ་ཁྲིའི་ཉེ་རྒྱང་གི་ཅ་དངོས་དག་སྔར་བཞིན་ཁ་མལ་དུ་གྲལ་དག་གེར་བསྒྲིགས་ཤིང་། ཆུང་མ་མེ་བརྡར་ལངས་ཏེ་འོ་ཇ་ཟངས་དེམ་གང་བསྐོལ་ནས་ལྷོག་ལྷོག་གདུ་བའི་ཟངས་དེམ་ཁ་ལེབ་ཀྱི་ཕྲ་ཁུང་ལས་ཙིར་སྒྲའི་ཇ་འཁོལ་བའི་སྒྲ་བསྟུད་མར་གྲག་གིན་འདུག དེ་ནི་དུང་དཀར་ལུང་པ་ནས་མཚམས་མེད་དུ་རྒྱུག་པའི་ས་འདྲུད་རླངས་འཁོར་གྱི་ལྷང་ལྷང་མཆེད་པའི་དུང་བརྡ་དང་ཁྱོན་ནས་མཚུངས།
འཇིག་རྟེན་འདིར་ལྐོག་ལྐོག་སུད་སུད་ཀྱི་བྱ་བ་ཇི་ལྟར་སྒྲུབ་པ་དམ་ན་གསང་བའི་མཐིལ་བརྟོལ་མཁན་དེ་ལྟར་མང་ཞིང་། ཕ་རོལ་པར་གནོད་པའི་ལས་ཇི་ལྟར་སྒྲུབ་པ་མང་ན་མདུང་ཁ་སྐོར་མཁན་དེ་ལྟར་མང་། ཡིན་ཙང་། གཏེར་རྐོའི་དོན་དག་གླིང་མི་ཁར་ལྷང་ལྷང་མཆེད་ཀྱང་བསྟན་འཕེལ་ལ་བྲེད་ཤ་དང་ཞེད་འཇིགས་ཀྱི་སྦྱོར་བ་ལྟ་ཅི།གཟེངས་ཐོན་གྱི་བྱས་འབྲས་ཤིག་རྒྱལ་ཁའི་ངང་བླངས་སྙམ་པའི་ཁེངས་དྲེགས་ཀྱི་ཉམས་སྣང་ཐུན་མིན་ཞིག་ཕྱི་ཚུལ་དུ་མངོན་ཡོང་། སྤྱིར་ན་སེམས་གངས་དཀར་བདེ་རུང་གུར་སྨུག་མི་བདེ་བ་དང་། ལྟོ་ཕོ་བ་རྒྱགས་རུང་གློ་མཆིན་མི་བདེ་བའི་ནོངས་འགྱོད་དང་འཇིགས་ཉེན་འབྱུང་བ་ནི་མིའི་རིགས་ཀྱི་སྤྱི་ཆོས་ཤིག་ཡིན་མོད། གཡོ་ཇུས་དང་རྫུན་བཅོས།བསླུ་བྲིད་དང་ཡོག་ལས་ཀྱི་བྱ་སྤྱོད་ལ་བྱང་དྲགས་པས། ད་ནི་ཨ་མྱེས་དུང་དཀར་གྱི་གཞི་བདག་ཁྲོས་ཏེ་རྡོ་སེང་གེ་ཁ་གདངས་པའི་དཔེ་བཞིན་ཁོ་ལ་འཇིགས་ཡེར་བའི་ཆད་གཅོད་རྟས་མི་ཐེག་པ་ཞིག་ཉམས་སུ་མྱོང་དུ་མ་བཅུག་ཚེ་ཁོའི་ཧམ་སེམས་ཀྱི་སྣོད་ལ་འགེངས་ཐབས་མེད་སྙམ།
བསྟན་འཕེལ་གྱིས་ནམ་ཡང་དོན་དག་བཟང་ངན་ཅི་རིགས་ཤོག་སྒོར་གྱིས་གུན་གསབ་ཐུབ་པའི་ངེས་ཤེས་འདྲོངས་མོད། འཇིག་རྟེན་སྟེང་གི་དོན་དག་ལ་ལ་ཞིག་དངུལ་སྒོར་གྱིས་ཀྱང་སྙོམས་སྒྲིག་བྱེད་ཁག་གོ །
བསྟན་འཕེལ་གྱིས་འདི་ལྟར་དྭངས་གཙང་ཤོག་དཀར་ལྟ་བུའི་ཕ་ཡུལ་གྱི་རྣམ་པར་ནག་ནོག་གི་རི་མོ་བྲིས་གྱུར་ན། འབྱུང་འགྱུར་ཞིག་ལ་བསྟན་འཕེལ་གཉིས་པ། གསུམ་པ། བཞི་པ་བཅས་འཚར་ཚེ་དེ་སྔའི་ལྷད་མ་གོས་པའི་ཕ་ཡུལ་གྱི་ངོ་གདོང་ལ་རྣམ་པ་མི་འདྲ་བའི་ཆག་གྲུམ་ག་འདྲ་ཞིག་བཟོ་སྲིད་དམ། དེ་དུས་ཆུ་བོ་བྲུག་པ་ལྟར་བསྟན་འཕེལ་གྱི་རྨི་ལམ་ཡང་བསྐྱར་འཁྲུག་འགྲོ་ངེས་ལ། བཟོད་པར་དཀའ་བའི་འཇིགས་སྣང་གིས་གཡས་དཀྲི་གཡོན་དཀྲི་བརྒྱབ་སྟེ་མཐའ་མར་ཁོ་རང་དངོས་པོ་ཕུང་སུམ་པ་ཞིག་ཏུ་འགྱུར་ངེས་ཨང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注