མི་ཚེ།

སྟག་འབུམ་རྒྱལ།

ནམ་མཁའ་སྐྱ་བོ་ནི་མཐོ་ཞིང་སྟོང་སིང་ངེར་འདུག་ཅིང་། ས་གཞི་སྐྱ་བོ་ནི་ཡངས་ཤིང་དབེན་ཐིང་ངེར་མཆིས་པས། གནམ་ས་གཉིས་ནི་མེ་ལོང་སྐྱ་བོ་ཆེན་པོ་གཉིས་ཁ་སྤྲོད་དུ་བཤམས་པ་ལྟར་ཕྱོགས་བཞིར་བསྐྱེད་དེ་རྒྱང་རིང་གི་ཕ་རོལ་མི་མཐོང་བའི་མཐའ་རུ་གཞི་གཅིག་ཏུ་འབྲེལ་བ་ལྟར་སྣང་བ་དང་། ལ་ཆའི་གཞུང་ལམ་ནག་པོ་ཞིག་མཐའ་ཡས་པའི་མྱ་ངམ་ཐང་ཆེན་པོའི་གཞི་རུ་ཐིག་སྐུད་ནག་པོ་ཞིག་འཐེན་པ་བཞིན་དུ་ཤར་ནས་ནུབ་ཏུ་ཤར་རེར་གནམ་སའི་མཐའ་རུ་བརྐྱངས་འདུག

ཤར་ཕྱོགས་ཀྱི་མཁའ་མཐའ་རུ་དམར་སེར་གྱི་འོད་མདངས་གཉོམ་པོ་ཞིག་འཇབ་བུའི་སྟབས་ཀྱིས་མངོན་ཡོང་ལ། དེ་ནི་སའི་གོ་ལའི་ཕར་ངོགས་དེར་སུ་ཞིག་གིས་ཀྱང་ཁོ་གཉིས་དང་འདྲ་བར་མེ་ཁ་གསོས་ཏེ་ནངས་ཇ་བསྐོལ་བཞིན་ཡོད་པ་དང་མཚུངས། བྱིས་པ་དེས་ཕྱི་རོལ་གྱི་ཐང་གཅལ་ནས་ཨོང་བ་དང་རྟ་སྦངས་སྐྱ་བོ་འགའ་ཐུ་བའི་ཁུད་དུ་བཏུས་ནས་ཡོང་སྟེ། ལམ་འགྲམ་དུ་བཙུགས་པའི་བ་ཐབ་ཀྱི་འཁྲིས་སུ་ཐོན་པ་ན། རྒན་པོས་ཀྱང་སྔར་ནས་མེ་ཁ་གསོས་ཤིང་ཇ་བསྐོལ་བཞིན་འདུག 

བྱིས་པ་དེས་ཕྱིར་འཁོར་ཏེ་ཤར་ཕྱོགས་སུ་ལྟ་བཞིན།"སྤོ་བོ་ལགས། ད་ནི་ཉི་མ་འཆར་གྲབས་འདུག"ཅེས་བཤད་ཅིང་། མིག་ཟུང་གི་གཏིང་དུའང་ཉི་མ་འཆར་བཞིན་པ་ལྟ་བུའི་ཧ་ཅང་ཉམ་ང་བའི་རེ་བའི་འཛུམ་ཞིག་མངོན་འདུག 

རྒན་པོ་དེས་ཇ་བསྐོལ་བ་ལས་བྱིས་པའི་སྐད་ཆ་དེ་མ་ཐོས་པ་ལྟར་ལན་ཅི་ཡང་སློག་མ་བྱུང་།

བྱིས་པ་དེས་སླར་ཡང་སྤོ་བོར་ལྟ་བཞིན། "སྤོ་བོ་ལགས། ངེད་གཉིས་འདི་ལྟར་སོང་ན། ནམ་ཞིག་ལ་ཕྱིར་ཡུལ་ལ་བསླེབ་ངེས་རེད"ཅེས་དྲིས།

ཐེངས་འདིར་རྒན་པོས་ཀྱང་གཞི་ནས་ལན་བཏབ་བྱུང་། ཁོས་དངན་པ་ཞིག་འཐེན་ནས་གདེང་ཚོད་ཅི་ཡང་མེད་པའི་ངང་།"ཕལ་ཆེར་སང་ལོའི་ད་ཚོད་བསླེབ་ཨེ་ཐུབ་བམ"ཟེར་བཞིན་མུ་མཐུད་ཇ་བསྐོལ་བར་དམིགས་པ་གཏད་ཀྱིན་འདུག། 

བྱིས་པ་བློ་ཕམ་པའི་ངང་མགོ་བོ་དུད་པར་གྱུར་ཅིང་། བསམ་བློ་ཞིག་བཏང་རྗེས་སླར་ཡང་ངང་སྤོ་བོར་བལྟས་ཏེ། "དེས་ན་ང་ནི་ལོ་གཉིས་ཀྱིས་སློབ་གྲོགས་ཚོའི་རྗེས་སུ་ལུས་སོང་བ་མ་རེད་དམ"ཞེས་ལེ་བདའི་ངག་གིས་བཤད།

རྒན་པོས་ཁོང་དགོད་ཅིག་བྱས་ཤིང་། དེ་མུར་ང་རྒྱལ་གྱི་ཉམས་ཤིག་བསྟན་ནས། "འོན་ཀྱང་ཉི་མ་ལྷ་སར་འགྲོ་བར་ཁོ་ཚོ་ཁྱོད་ཀྱི་རྗེས་སུ་སོང་བ་མ་རེད་དམ"ཟེར་བ་དང་། སླར་ཡང་བྱིས་པར་སེམས་གསོ་བྱེད་པ་ལྟར། མདུན་ཕྱོགས་ཀྱི་རྒྱང་རིང་བའི་ཕྱོགས་སུ་ལྟ་བཞིན།"གང་ལྟར་དབུས་སེར་བོར་ཐོད་པ་ཞིག་གཏུག་ན་ཚེ་འདི་ཕྱི་གཉིས་ཀའི་རེ་བ་འགྲུབ་ཐུབ་པ་རེད། ལོ་གཅིག་གཉིས་ལ་ཡི་གེ་འདོན་མ་ཐུབ་པར་སྐྱོན་ཅི་ཡོད"ཟེར་ནས་ཧ་ཅང་ཡིད་ཚིམ་པའི་ཉམས་ཤིག་བསྟན་ནས་སྡོད།

རྒན་གཞོན་གཉིས་ཀས་དལ་བྲེལ་མེད་པའི་ངང་ནངས་ཇ་འཐུངས་ཚར་ཏེ་རྡོག་ཆས་རྒྱག་དུས་ཉི་མ་འང་ཤར་བྱུང་། ཉི་མ་ནི་སུ་ཞིག་ལ་ངོ་གནོང་གིན་པ་ལྟར་ཤར་ཕྱོགས་ཀྱི་གནམ་ས་གཉིས་ཀྱི་བར་མཚམས་སུ་དལ་གྱིས་གདོང་ཕྱེད་ཡར་འཕགས་ཀྱིན་མཆིས་ལ། ཧ་ཅང་གཉོམ་པའི་ཉི་ཟེར་དེ་འཛུམ་དམུལ་དམུལ་དུ་གནམ་ས་གཉི་གར་སྤྲོས་བྱུང་བས། ས་གཞིའི་ཁ་དོག་སྐྱ་བོ་ནས་སེར་སྐྱར་གྱུར་སོང་ལ། གནམ་གྱི་ཁ་དོག་ཀྱང་སྐྱ་བོ་ནས་སྔོན་པོ་རུ་འགྱུར་གྱིན་འདུག  ཧ་ཅང་གཉོམ་པའི་ཉི་ཟེར་དང་བསྡོངས་ནས་ཞོགས་པའི་བསེར་བུ་གྲང་མོ་ཞིག་བར་མཚམས་མེད་པར་རྒྱུ་བར་བྱེད་པས། ལམ་འགྲམ་གྱི་རྩི་ཤིང་དག་ཤིག་ཤིག་འདར་བཞིན་དུ་གསལ་ལ་མི་གསལ་བའི་ཤུགས་གླུ་འབྱིན་མགོ་བརྩམས་བྱུང་།

"སྤོ་བོ་ལགས། ཅིའི་ཕྱིར་ཉི་མ་ཤར་བ་དང་བསེར་བུ་ཆེ་བ་རེད།"བྱིས་པ་དེས་ཅུང་མཚར་བའི་མིག་གིས་སྤོ་བོའི་གདོང་ལ་བལྟས།

སྤོ་བོས་བདེན་ཅོག་ཅོག་ངང"དེ་ནི་ཉི་མ་ད་སོ་མར་གཉིད་ལས་སད་དེ་གླལ་སྒྱིང་བྱས་པའི་ཁ་རླངས་ཡིན་པ་རེད། ཨ་ཁུ་ཉི་མ་དྲོ་དྲོ།། བྱིས་པའི་ལག་པ་གྲང་གྲང་༎ཞེས་བཟླས་ན་ཉི་མའང་རིམ་གྱིས་ཇེ་དྲོར་ཡོང་ངེས་རེད"ཟེར་ནས་དགོད་པར་བྱེད།

བྱིས་པ་ཡང་ཅུང་སྤྲོ་བ་ཡོད་པར་གྱུར་སོང་།"དེས་ན་ཉི་མས་ཀྱང་ངས་བཤད་པའི་སྐད་ཆ་ཐོས་ཐུབ་པ་རེད་དམ"ཞེས་གོམ་གང་མདུན་སྤོས་ཀྱི་ཚུལ་དུ་དྲིས་བྱུང་།

རྒན་པོར་ལན་གསལ་བོ་ཞིག་འདེབས་རྒྱུ་མ་བྱུང་། "རྡོག་ཆས་བརྒྱབ་ཚར་བས།   ཁྱོད་སོང་སྟེ་རྡོག་ཁྲེས་མདུན་ཕྱོགས་སུ་བསྐྱལ་ནས་ཕྱིར་ཤོག་དང་། ངེད་གཉིས་ཀྱིས་བརྐྱངས་ཕྱག་འཚལ་བར་བྱ"ཟེར་བཞིན། ཉར་ཚགས་བྱས་ཚར་བའི་རྡོག་ཁྲེས་དེ་བྱིས་པར་གཏད།

བྱིས་པ་དེས་དེ་མུར་ཁོ་གཉིས་ཀྱི་རྡོག་ཁྲེས་ཁུར་ནས་མདུན་ཕྱོགས་སུ་བརྒྱུགས་སོང་ལ། མདུན་ཕྱོགས་ཀྱི་ཅུང་མི་རིང་བའི་ས་ནས་ཕོག་རྗེས། དེ་འཕྲལ་ཕྱིར་རྒན་པོའི་འཁྲིས་སུ་བརྒྱུགས་ནས་ཡོང་། སྐབས་འདིར་རྒད་པོ་ཡང་སྔར་མལ་ནས་ཡར་ལངས་ཏེ།  བ་ཐབ་ཀྱི་མེ་མདག་སྟེང་དུ་ས་ཡིས་མནན་ཏེ་མེ་བསད་རྗེས་གཞི་ནས་སྣུམ་ལམ་གྱི་མཐའ་རུ་ཐོན་བྱུང་། 

ཁོང་གཉིས་ཀས་གཞི་ནས་བརྐྱངས་ཕྱག་འཚལ་ནས་མདུན་དུ་ནུར་མགོ་བརྩམས།  རྒན་པོས་ངག་ནས་སླར་ཡང་བུང་བའི་མགྲིན་དབྱངས་ལྟ་བུའི་གསོལ་འདེབས་ཀྱི་དབྱངས་རྟ་རིང་མོ་ཞིག་གྱེར་གྱིན་འདུག རྒན་པོའི་མགྲིན་དབྱངས་དང་རྩི་ཤིང་གི་ཤུགས་གླུའི་ཁྲོད་ནས་རྒན་གཞོན་གཉིས་ཀ་ནི་རིང་ཐུང་མི་སྙོམས་པའི་སྣུམ་ཚོན་གྱི་རི་མོ་ཞིག་ཏུ་གྱུར།

སྐབས་དེར་ཉི་མའི་ངོ་གདོང་ཧྲིལ་བོ་ཕྱིར་མངོན་བྱུང་བས། ཉི་འོད་ཀྱི་གསེག་འཕྲོ་ལས་རྒན་གཞོན་གཉིས་ཀྱི་རིང་ཐུང་མི་སྙོམས་པའི་གྲིབ་གཟུགས་ནི་མདུན་ཕྱོགས་ཀྱི་ལ་ཆའི་སྣུམ་ལམ་ངོས་སུ་རིང་བོར་བསྲིངས་འདུག བྱིས་པ་དེས་གློ་བུར་དུ་ཕྱག་འཚལ་མཚམས་བཞག་ཅིང་། ལམ་ནང་དུ་བསྲིངས་པའི་ཁོང་གཉིས་ཀའི་གྲིབ་གཟུགས་ལ་བལྟས་ནས་དགོད་བཞིན་དུ "སྤོ་བོ་ལགས། ཞོགས་པར་གྲིབ་གཟུགས་འདི་འདྲ་རིང་དོན་ཅི་རེད"ཅེས་དྲིས།

རྒན་པོས་ཀྱང་དེའི་མུར་ཕྱག་འཚལ་མཚམས་བཞག་སྟེ། ཐང་ཆད་པའི་མིག་ཟུང་གིས་མདུན་ཕྱོགས་ཀྱི་གྲིབ་གཟུགས་ལ་ལྟ་ཙམ་བྱས་པ་དང་། སླར་ཡང་བྱིས་པའི་བཟོ་ལྟར་ལྟ་བཞིན་དུ་ཧ་ཅང་གཏིང་ཟབ་མདོག་གིས།"ཁྱོད་ནི་ད་དུང་བྱིས་པ་རེད། ཞོགས་པའི་ཉི་མ་ཡང་ཁྱོད་དང་འདྲ་བ་རེད། ཞོགས་པར་གྲིབ་མ་རིང་བ་ནི་ཁྱོད་ཀྱི་མདུན་དུ་ཡོད་པའི་མི་ཚེའི་ལམ་ཧ་ཅང་རིང་བ་མཚོན་གྱིན་ཡོད་པ་རེད།" ཅེས་བཤད་རྗེས་མུ་མཐུད་དུ་ཕྱག་འཚལ་བར་བྱེད།

བྱིས་པས་རྒན་པོའི་སྐད་ཆ་དེའི་ཧ་མ་གོ་བར་ཁ་ནང་དུ་མཛུབ་མོ་བཅུག་སྟེ་བསམ་བློ་གཏོང་བཞིན་བསྡད་བྱུང་།

ཡུད་ཙམ་ནས་བྱིས་པས་སླར་ཡང་ཉི་མ་འཆར་སའི་ཕྱོགས་སུ་ལྟ་ཙམ་བྱས་རྗེས།"སྤོ་བོ་ལགས། འོ་ན་ཉི་མའང་ལོ་ལོན་རྒྱུ་ཡོད་པ་རེད་དམ"ཞེས་དྲིས།

རྒན་པོས་ཡར་དགྱེ་སྟེ་རྒྱང་རིང་བའི་མདུན་ཕྱོགས་སུ་ལྟ་བཞིན་འདང་ཞིག་བརྒྱབ་ནས། "ལོས་ཡོད། ཉི་མ་ནུབ་རན་ལ་བསླེབས་དུས་རྒས་སོང་བ་རེད"ཟེར།

ནམ་མཁའ་སྔོན་པོ་ནི་སྔར་བས་སྔོ་ཞིང་སྟོང་སིང་ངེར་འདུག་ཅིང་། ས་གཞི་སེར་བོའང་སྔར་བས་སྟོང་ཞིང་དབེན་འཇགས་སེར་འདུག ཉི་མ་ནི་མགོ་ཐོག་གི་བར་སྣང་དུ་འགུལ་རྒྱུ་མེད་པར་གྱུར་ཏེ་ཤིན་ཏུ་ཚ་བའི་ཟེར་ཕྲེང་བར་མེད་དུ་སྤྲོ་བར་བྱེད་ཅིང་། ཐང་གཅལ་དུ་ཐར་ཐོར་ངང་སྐྱེས་པའི་འཇག་སྐྱའི་གསེབ་ནས་འབུ་ཆ་ག་བའི་འཛེར་སྐད་རེ་གྲགས་པ་མ་གཏོགས་ཐོས་རྒྱུ་ཅི་ཡང་མི་འདུག

ལ་ཆའི་གཞུང་ལམ་གྱི་སྟེང་དུ་མཇལ་བ་རྒན་གཞོན་གཉིས་ཀྱིས་བརྐྱངས་ཕྱག་འཚལ་བཞིན་མདུན་དུ་ནུར་གྱིན་འདུག དུས་ཚོད་དང་ལམ་ཐག་ནི་སྔར་བཞིན་ཁོང་གཉིས་ཀྱི་མདུན་ཕྱོགས་ནས་རྒྱང་རིང་དུ་བསྲིངས་འདུག

 རེ་ཞིག་གནས་བྱིས་པ་དེས་མགོ་བོ་དགྱེ་སྟེ་མགོའི་དྲང་ཐད་ཀྱི་ཉི་མར་བལྟས་ཙམ་བྱས་པ་དང་། སླར་ཡང་མདུན་ཕྱོགས་ཀྱི་མུ་མེད་ཅིང་རྒྱང་རིང་དུ་བརྐྱངས་པའི་ལམ་གྱི་ཕ་མཐར་བལྟས་ཙམ་བྱས་ཏེ། "སྤོ་བོ་ལགས། ད་ནི་ཉིན་གུང་ལ་བསླེབས་འདུག་པས་དྲོས་ཇ་འཐུང་རན་སོང"ཟེར་ནས་བགྲེས་པོའི་ལན་ལ་བསྒུགས་བྱུང་།   

རྒན་པོས་ཀྱང་གཞི་ནས་བརྐྱངས་ཕྱག་འཚལ་མཚམས་བཞག་སྟེ་མགོ་བོ་དགྱེ་ནས་བར་སྣང་གི་ཉི་མར་ལྟ་ཙམ་བྱས་པ་དང་། གདོང་གི་རྔུལ་ཆུ་འབྱིད་བཞིན་དུ།"རྒྱགས་མེད། ཟ་འཐུང་གི་དུས་ཚོད་ཅུང་ཙམ་ཡང་ཡོལ་དུ་མི་འཇུག་པར་འདུག རེད། སར་བསྡད་ནས་དྲོས་ཇ་འཐུང་བར་བྱ"ཟེར་བཞིན། གཞི་ནས་བརྐྱངས་ཕྱག་འཚལ་མཚམས་བཞག་སྟེ་ལམ་འགྲམ་གྱི་རྡོག་ཁྲེས་གན་དུ་སོང་།

རྒན་གཞོན་གཉིས་ཀ་ལམ་འགྲམ་དུ་འཕོངས་ཚོས་སར་བཞག་ནས་ཙོག་ཅིང་།   རྒན་པོས་བྲོ་ཁུག་གི་ཁ་མདུད་བཀྲོལ་ཏེ་ནང་ནས་ཇ་འཕྲོ་བླུགས་པའི་འགྱིག་སྣོད་ཅིང་བླངས་པ་དང་། དེ་ནས་བག་ལེབ་སྐམ་པོ་ཞིག་བླངས་ནས་བྱིས་པར་བྱིན་ཅིང་། སླར་ཡང་རང་ཉིད་ལ་གཅིག་བླངས་ཏེ་དྲོས་ཇ་འཐུང་མགོ་བརྩམས།

ཁོང་གཉིས་ཀྱིས་བག་ལེབ་ཟ་བཞིན་པའི་སྐབས། གློ་བུར་བའི་གྲིབ་སོ་ཞིག་བྱིས་པའི་ལུས་ཐོག་ཏུ་འཁྱུག་ཙམ་བྱས་སོང་། བྱིས་པས་མགོ་བོ་དགྱེ་སྟེ་ནམ་མཁར་བལྟས་པ་ན་ཁོ་གཉིས་ཀྱི་མགོ་ཐོག་གི་བར་སྣང་དུ་བྱ་རྒོད་ཅིག་གིས་སྐད་སྒྲ་སྒྲོག་བཞིན་སྐོར་བ་བྱེད་ཀྱིན་འདུག་ཅིང་། བཟོ་ལྟར་བལྟས་དེས་ཀྱང་ཁོ་གཉིས་ཀྱིས་དྲོས་ཇ་འཐུང་གིན་པ་རྟོགས་ནས་གཟན་ཞིག་ཨེ་རེག་ལ་རེ་བཞིན་པ་དང་འདྲ། བྱིས་པ་ཡར་ལངས་ནས་སྐད་ཆེན་པོ་བརྒྱབ་པ་ན། བྱ་རྒོད་དེ་ཉིད་སྐྲག་སོང་བ་ལྟར་ཁོ་གཉིས་འགྲོ་སའི་ཕྱོགས་སུ་མདའ་འཕངས་པ་ལྟར་འཕུར་སོང་། བྱིས་པ་དེས་བྱ་རྒོད་བྱ་རྒོད་འཕུར་བའི་རྗེས་ཕྱོགས་སུ་ལྟ་བཞིན་སླར་ཡང་ཅི་ཞིག་དྲན་པ་ལྟར"སྤོ་བོ་ལགས་ངེད་གཉིས་ཀྱང་བྱ་རྒོད་ཅིག་ཡིན་ཅི་མ་རུང་ཨང"ཟེར།

རྒན་པོས། "མི་ལུས་བླངས་ན་མི་བཟང་བར་བྱ་རུ་གྱུར་ནས་ཅི་བྱེད"ཟེར།

བྱིས་པས་བདེན་ཅོག་ཅོག་ངང"གལ་ཏེ་ངེད་གཉིས་བྱ་རྒོད་ཅིག་ཡིན་ཚེ། འཕུར་ནས་ལྷ་སར་མྱུར་མོར་ཐོན་ངེས་རེད། འདི་ལྟ་བུའི་སྡུག་མྱངས་དགོས་པ་མ་རེད།" ཟེར་བཞིན་ལག་པ་གཉིས་ཀྱིས་བྱ་རྒོད་འཕུར་བའི་བཟོ་ལྟ་བསྟན། 

རྒན་པོས་ཁོང་དགོད་ཅིག་བྱས་ནས "མྱུར་མོར་ཐོན་ཐུབ་པ་ཞིག་ཡིན་ཚེ་ལྷ་སར་འགྲོ་བར་ཡང་དོན་སྙིང་ཡོད་པ་མ་རེད། སྡུག་ཧ་ཅང་མང་པོ་མྱངས་ཏེ་འགྲོ་དགོས་པས་ལྷ་ས་ཞེས་བཏགས་པ་རེད། ལས་སླ་མོར་ཐོན་པ་ཞིག་ཡིན་ན་དེ་ལ་ལྷ་ས་ཟེར་ག་ལ་སྲིད"ཟེར།

བྱིས་པས་རྒན་པོའི་སྐད་ཆ་དེའི་ཧ་གོ་མ་བྱུང་། མིག་ཅེར་ཏེ"དེའི་རྒྱུ་མཚན་ཅི་རེད"ཅེས་དྲིས།

རྒན་པོས་བག་ལེབ་ཟོས་ཏེ་འགྲངས་སོང་བ་དང་འདྲ། རྡོག་ཁྲེས་ལ་ཉར་ཚགས་བྱེད་བཞིན་དུ།"ལྷ་སར་འགྲོ་བ་དང་མི་ཚེ་སྐྱེལ་བ་གཉིས་ཀ་འདྲ་བོ་ཡོད་འདུག  མི་ཚེ་ཡང་དལ་ཞིང་རིང་བས་ད་གཟོད་མི་ཚེ་ཟེར་བ་རེད། གོ་རིམ་མང་པོ་ཞིག་མ་བརྒྱུད་པར་སྐད་ཅིག་ལ་རྒས་པར་གྱུར་ཚེ། དེ་ལ་དོན་སྙིང་ཅི་ཞིག་འདུག་གམ"ཟེར་ནས་སླར་ཡང་ལམ་ལ་ཆས་རྩིས་བྱས། 

བྱིས་པས་བསམ་བློ་གཏོང་བཞིན་དུ་སྔར་བཞིན་རྡོག་ཁྲེས་དག་ཁུར་ནས་ཅུང་རིང་བའི་སར་བསྐྱལ་རྗེས། སླར་ཡང་ཕྱིར་རྒན་པོའི་འཁྲིས་སུ་ཡོང་སྟེ་ཁོང་གཉིས་ཀས་བརྐྱངས་ཕྱག་འཚལ་མགོ་བརྩམས།   

བྱིས་པས་བརྐྱངས་ཕྱག་འཚལ་བའི་སྐབས་སུ་ལུས་ཀྱི་གྲིབ་གཟུགས་རང་ཉིད་ཀྱི་རྡོག་འོག་ཡོད་ཅིང་། ལག་པས་རྐྱོང་སྐུམ་བྱེད་པ་བྱེད་པའི་ཚེ་གྲིབ་གཟུགས་ཀྱིས་ཀྱང་ཁོའི་ལད་མོ་བྱེད་པས། ས་རུ་ལྷུང་བའི་ཕྱེ་མ་ལེབ་ཅིག་གིས་ཐང་ངོས་སུ་འཕག་རྡེབ་བྱེད་པ་དང་འདྲ་ལ། ལུས་པོ་དཀྱེལ་ཏེ་ཁ་སྦུབས་སུ་སྣོར་དུས་རང་ཉིད་ཀྱི་ལུས་པོ་དང་གྲིབ་གཟུགས་གཉིས་ཀ་ཁ་སྤྲོད་དུ་སྦྱོར་བ་དང་གཉིས་སུ་མ་མཆིས།

བྱིས་པས་བརྐྱངས་ཕྱག་འཚལ་བཞིན་དུ་རང་གི་གྲིབ་གཟུགས་ལྟ་ཙམ་དང་རྒན་པོའི་གྲིབ་གཟུགས་ལ་ལྟ་ཙམ་བྱས་ཏེ་བཟོད་མ་ནུས་པར་བགད་བྱུང་། གནས་མལ་དེར་མི་འགུལ་བར་ཀྲོང་ཀྲོང་བོར་ལངས་ཏེ"སྤོ་བོ་ལགས། འོ་ན་ཉིན་གུང་གྲིབ་གཟུགས་འདི་འདྲ་ཐུང་བ་ཅི་རེད"ཅེས་དྲིས། 

རྒན་པོ་ཕྱིར་འཁོར་ཏེ་བྱིས་པར་བལྟས་ཙམ་བྱས་པ་དང་། སླར་ཡང་ཁོ་གཉིས་ཀྱི་ལུས་ཀྱི་གྲིབ་གཟུགས་ལ་བལྟས་ཙམ་བྱས་ནས། དགོད་བཞིན་དུ "ཉིན་གུང་གི་ཉི་མ་ཡང་མི་ཚེའི་ཁྲོད་ནས་ལོ་སུམ་ཅུར་སོན་པའི་ན་ཚོད་དང་གཅིག་འདྲ་རེད། མི་ཚེ་ཡི་སྐྱེ་བ་དང་འཆི་བ་ཡི་བར་མཚམས་སུ་བསླེབས་པ་ཡིན་པས། རང་ཉིད་ཀྱི་མིག་སྔའི་ཁེ་ཕན་ལ་ཧབ་ཐོབ་བྱེད་པ་ལས་སྔ་གཞུག་གང་ལའང་འདང་རྒྱག་མི་སྲིད། དེ་བས་ཉིན་གུང་ལུས་ཀྱི་གྲིབ་གཟུགས་མདུན་ཕྱོགས་སུ་མི་རྐྱོང་ལ་རྗེས་ཕྱོགས་སུའང་མི་བསྲིང་བ་རེད"ཟེར།

བྱིས་པས་ཁོའི་སྐད་ཆའི་ཧ་གོ་མ་བྱུང་བས། ཡུད་ཙམ་ལ་འདང་ཞིག་བརྒྱབ་ཅིང"འོ་ན་དགེ་རྒན་གྱིས་ང་ཚོར་རིག་གནས་ནི་མ་ཤི་བར་སྦྱོང་དགོས་ཟེར། དེ་ནི་རྫུན་རེད་དམ"ཟེར།

རྒན་པོས་སྡང་མིག་ཅིག་བགྲད་ནས།"མྱུར་དུ་བརྐྱངས་ཕྱག་འཚོལ་ཅིག དེ་མ་གཏོགས་ངེད་གཉིས་ཚེ་འདིར་ལྷ་སར་ཐོན་རྒྱུ་མ་རེད"ཟེར།

ནུབ་ཁའི་ཉི་མ་ནི་སྨད་ཕྱོགས་ཀྱི་གནམ་སའི་མཚམས་སུ་ཕྱི་མིག་གིས་འཕྲོ་ཞིང་།  མཚམས་སྤྲིན་དམར་བོ་ཞིག་གིས་མཁའ་མཐའ་དང་ས་གཞིའི་འདབས་སྣེའི་ཁ་དོག་དམར་སེར་དུ་བསྒྱུར་འདུག་པར་མ་ཟད། མགོ་ཐོག་གི་ནམ་མཁའང་སྔར་བས་སྔོ་ཞིང་དྭངས་ལ་གསལ་ཉམས་ཅན་དུ་གྱུར་ཅིང་། རྒྱབ་ཕྱོགས་ཀྱི་ས་གཞི་ལ་ཡང་གསེར་ཆུས་བྱུགས་པ་ལྟར་སྔར་བས་བཀྲག་མདངས་འཚེར། ལ་ཆའི་སྣུམ་ལམ་ནི་སྔར་བཞིན་མུ་མེད་དུ་བརྐྱངས་འདུག་པ་དང་དགོང་ཁའི་ཉི་འོད་འོག་ལྡོག་འོད་ཆེམ་ཆེམ་འཕྲོ། མཐའ་ཡས་པའི་མྱ་ངམ་ཐང་གི་གཞི་རུ་དྲོ་ཞིང་འཇམ་པའི་བསེར་བུ་ཡང་མོ་ཞིག་དལ་དལ་དུ་ལྡང་བར་བྱེད།  

རྒན་གཞོན་གཉིས་ཀྱིས་བརྐྱངས་ཕྱག་འཚལ་མཚམས་བཞག་ཅིང་། ལམ་འགྲམ་དུ་འགྲེང་སྟེ་སྨད་ཕྱོགས་ཀྱི་ཉི་ནུབ་ལ་རྒྱང་ལྟ་བྱེད། རྒན་པོའི་དཔྲལ་བའི་གཉེར་རིས་ཀྱི་ཁྲོད་དུ་ནུབ་ཁའི་ཉི་ཟེར་ཕོག་པས་སྔ་ན་མེད་པའི་གཟི་ཉམས་ཤིག་རྒྱས་འདུག་ཅིང་མིག་ཟུང་ལས་ཐུན་མཚམས་ཀྱི་ལྡོག་འོད་འཕྲོ། རྒན་པོའི་གདོང་ལ་འཛུམ་ཞིག་ལངས་ཏེ་བྱིས་པ་ལ་ཉི་ནུབ་ཀྱི་ཕྱོགས་དེ་སྟོན་བཞིན"སྨད་ཕྱོགས་ཀྱི་སྤྲིན་ལ་གསེར་འོད་འཕྲོ་བཞིན་པ་ཨེ་མཐོང་འདུག དེའི་འོག་ཏུ་ང་ཚོ་འགྲོ་སའི་ལྷ་ས་ཡོད་པ་རེད"ཅེས་བདེན་ཅོག་ཅོག་གིས་བཤད།

བྱིས་པས་ཀྱང་ཡིད་སྨོན་དང་བཅས། ཁ་ནང་ལ་མཛུབ་མོ་བཙུགས་ཏེ་རྒན་པོའི་སྟོན་པའི་ཕྱོགས་སུ་ཅེར་བཞིན།"ངས་ཀྱང་གློག་བརྙན་ལས་ལྷ་སྐུའི་ཐོག་ཏུ་གསེར་འོད་འཕྲོ་བ་མཐོང་མྱོང་། སྤོ་བོ་ལགས།  ལྷ་ས་ན་ལྷ་སྐུ་དེ་འདྲ་མང་པོ་ཡོད་པ་རེད་དམ"ཞེས་དྲིས། 

རྒན་པོས་སྔར་བཞིན་བདེན་ཅོག་ཅོག་ངང"ལོས་ཡོད། ལྷ་སྐུ་མང་པས་ལྷ་ས་ཞེས་ཐོགས་པ་རེད།  དེ་མ་གཏོགས་གང་བྱུང་དུ་ལྷ་ས་ཐོགས་སྲིད་རྒྱུ་རེད་དམ"ཟེར།

བྱིས་པས་སླར་ཡང་འདང་ཞིག་བརྒྱབ་སྟེ། སྤོ་བོའི་གདོང་ལ་ཅེར་བཞིན "སྤོ་བོ་ལགས། འོ་ན་ཐོན་མི་སམ་བྷོ་ཊའི་ཡུལ་ཡང་ལྷ་ས་ཡིན་པ་ཨེ་རེད། ང་ཁོང་ཡོད་སར་འགྲོ་འདོད"ཟེར།  

རྒན་པོའང་ཅུང་མི་དགའ་བར་གྱུར་སོང་བ་འདྲ། དེའི་མུར་ངོ་འཛུམ་གནག་བཞིན་དུ "དེ་ངས་ཀྱང་མི་ཤེས། ཕལ་ཆེར་ཡིན་རྒྱུ་མ་རེད"ཟེར།

བྱིས་པས་ཀྱང་རྒན་པོ་མི་དགའ་བར་གྱུར་བ་ཤེས་པས། མུ་མཐུད་དུ་སྐད་ཆ་འདྲི་མི་ཕོད་པར་བསམ་བློ་གཏོང་བཞིན་ཁ་རོག་གེར་བསྡད་བྱུང་།

རིང་ཐུང་མི་སྙོམས་པའི་ལུས་གཟུགས་གཉིས་ཀྲོང་ངེར་ལངས་ཏེ་སྨད་ཕྱོགས་ཀྱི་ཉི་ནུབ་ལ་ལྟ་བཞིན་ཡོད་ཅིང་། རིང་ཐུང་མི་སྙོམས་པའི་གྲིབ་གཟུགས་རིང་བོ་གཉིས་རྒྱབ་ཕྱོགས་ཀྱི་ཐང་གཤོང་ན་རིང་དུ་བསྲིངས་འདུག   

བྱིས་པ་དེ་ཁ་ཕྱིར་འཁོར་ནས་རྒྱབ་ཕྱོགས་ཀྱི་ཁོ་གཉིས་ཡོང་སའི་ལམ་ལ་བལྟས་དུས། གློ་བུར་དུ་ཁོ་གཉིས་ཀྱི་གྲིབ་གཟུགས་ཕྱིར་ཕྱོགས་སུ་རིང་བོར་བསྲིངས་འདུག་པ་མཐོང་བས་འུར་ལངས་བྱུང་། "སྤོ་བོ་ལགས། སྤོ་བོ་ལགས། ད་ནི་ངས་གསལ་བོར་ཤེས་ཐལ"ཟེར།

རྒན་པོས་བྱིས་པའི་སྐད་ཆའི་ཧ་གོ་མ་བྱུང་། འགྲམ་དུ་ལྟ་དུས་བྱིས་པའི་ཁ་ཕྱིར་འཁོར་ཡོད་པ་མཐོང་ནས། ཁོ་རང་ཡང་ཕྱིར་འཁོར་ཞིང་བྱིས་པར་ལྟ་བཞིན "ཁྱོད་ཀྱིས་ཅི་ཞིག་ཤེས་སོང"ཟེར།

བྱིས་པས་བདེན་ཅོག་ཅོག་ངང"ངས་དགོང་མོའི་གྲིབ་མ་འདི་འདྲ་རིང་དོན་ཅི་ཡིན་པ་ཤེས་སོང"ཟེར།

རྒན་པོ་སླར་ཡང་བགད་བྱུང་། མགོ་འཕྲེད་དུ་གཡུག་གཡུག་བྱེད་བཞིན"ངས་ཁྱོད་ཀྱིས་ཅི་ཞིག་ཤེས་སོང་བ་ཡིན་ནམ་སྙམ་བྱུང་། ཡ་ཤོད་དང་། དགོང་མོའི་གྲིབ་མ་རིང་དོན་ཅི་རེད "ཅེས་བྱིས་པར་རྒྱུགས་ལེན་པ་ལྟར་ལྷོད་ལྷོད་དུ་དྲིས།

བྱིས་པས་ཐེ་ཚོམ་ཅི་ཡང་མེད་པའི་ངང"ནུབ་ཁའི་ཉི་མ་དང་མི་ཚེ་གཉིས་ཀ་ཡང་གཅིག་འདྲ་རེད། ཁྱོད་ཀྱིས་ལྟོས་དང་། གྲིབ་གཟུགས་འདི་དག་ནི་ཉི་མ་ནུབ་མ་འདོད་པར་ལག་པ་ཕྱིར་བསྲིངས་ཀྱིན་པ་དང་མི་འདྲའམ"ཟེར་ནས། སླར་ཡང་རྒྱང་དུ་བསྲིངས་པའི་ཁོ་གཉིས་ཀྱི་གྲིབ་མར་ལྟ་བར་བྱེད།

རྒན་པོས་སླར་ཡང་ཁོང་གཉིས་ཀྱི་གྲིབ་གཟུགས་ལ་བལྟས་ཙམ་བྱས་ཤིང་། དེ་ནས་རྒས་པའི་མིག་ཟུང་གི་ལྟ་ཕྱོགས་ཁོ་གཉིས་ཡོང་སའི་གཞུང་ལམ་གྱི་རྒྱང་དུ་བསྲིངས་ཏེ། རྒྱང་རིང་གི་ཕ་ཡུལ་ཕྱོགས་སུ་ལྟ་བཞིན"རེད་ཡ། མི་རྒས་ཏེ་ཤི་ཁར་ཡང་ཡང་། སེམས་ནི་གྲིབ་མ་འདི་དག་དང་འདྲ་བར་ད་དུང་ཡང་ཕྱིར་རང་ཡུལ་གྱི་ཕྱོགས་སུ་ཆགས་ཡོད་པ་རེད"ཟེར་ནས་ཤུགས་རིང་ཞིག་བཏོན་བྱུང  …  …  

ནམ་མཁའ་སྐྱ་བོ་ནི་མཐོ་ཞིང་སྟོང་སིང་ངེར་འདུག་ཅིང་། ས་གཞི་སྐྱ་བོ་ནི་ཡངས་ཤིང་དབེན་ཐིང་ངེར་མཆིས་པས།  གནམ་ས་གཉིས་ནི་མེ་ལོང་སྐྱ་བོ་ཆེན་པོ་གཉིས་ཁ་སྤྲོད་དུ་བཤམས་པ་ལྟར་ཕྱོགས་བཞིར་བསྐྱེད་དེ་རྒྱང་རིང་གི་མཐའ་རུ་གཞི་གཅིག་ཏུ་འབྲེལ་འདུག་ཅིང་།  ལ་ཆའི་གཞུང་ལམ་ནག་པོ་ཞིག་མཐའ་ཡས་པའི་མྱ་ངམ་ཐང་ཆེན་པོའི་གཞི་རུ་ཐིག་སྐུད་ནག་པོ་ཞིག་འཐེན་པ་བཞིན་དུ་ཤར་ནས་ནུབ་ཏུ་ཤར་རེར་གནམ་སའི་མཐའ་རུ་བརྐྱངས་འདུག 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号