དབྱངས་ཀྱི་འགྱུར་ཁུག་ཚིག་གི་གྲོགས་སུ་འགུགས།

དཔལ་མོ་རྒྱལ།

དབེན་གནས་ལ་བསླབ་པ་དོན་གཉེར་གྱི་སྔ་རབས་པ་དག་ལ་ཕྱི་ཁྲ་ཁྲ་མེད་པས་ནང་ཡང་ཁྲ་ཁྲར་མ་གྱུར། གཞུང་མང་པོ་ངག་ནས་ཤར་མར་སྐྱོར་བ་ལ་ཚེགས་མེད་པ་ཡང་སེམས་ཀྱི་ཞི་གནས་དང་འབྲེལ་བ་མིན་ནམ།

ཡིད་ཀྱི་དམིགས་པ་གཅིག་ཏུ་བསྡུ་དཀའ་བའི་དུས་འདི་ལ། བྱིས་པ་ཚོ་བློ་ལ་སྐྱོར་བའི་སེམས་ཚེགས་ཀྱིས་མནར་འདུག སྤོ་བོ་དང་རྨོ་མོ་དང་ཕ་དང་མ་ཡང་ཐག་ཞོར་འབྲེང་འདྲུད་ཀྱིས་བྱིས་པའི་སློབ་གཉེར་གྱིས་སྐྱོ་འདུག ཚིག་གི་ཕྲེང་བ་ངག་ནས་བློ་ལ་འཇུག་དགོས་པའི་ལས་འདིས། བྱིས་པ་ཚོར་དབྱར་དགུན་གནང་གི་གཉིད་སྐྱིད་པོ་ཞིག་ཀྱང་རོལ་དབང་མི་འདུག བྱིས་པ་ཚོར་རང་ལ་དབང་བའི་ཡིད་འོང་གི་ཕྱིར་དྲན་ཞིག་ཀྱང་མི་འདུག ང་ཚོའི་བྱིས་དུས་དང་འདྲ་བར། ཕ་མས་ནོར་ལུག་འཚོ་སྐྱོང་དང་ཞིང་ཕྱུགས་ལས་ཀྱི་ལས་ལའང་སྐུལ་མ་ཕོད། ནམ་ལངས་ལངས་དང་ཉི་མ་ཤར་ཤར་དགུང་སྐར་མའི་དུས་ལའང་། བྱིས་པ་རྣམས་བློ་ལ་བྱང་བའི་ལས་ལ་འཇུག་དགོས་པ་འདིས། ཕ་མར་གྱུར་པ་ལ་ལས་ཚེགས་ལས་ལྕི་བའི་སྡུག་ཡུས་དང་སློབ་མར་གྱུར་པ་ལ་ལོ་ཚོད་ལས་ལྕི་བའི་སེམས་གཅོང་ཞིག་གིས་ཁེངས་འདུག གང་ལྟར་མིག་གིས་བལྟས་བལྟས་རིག་རིག་ལ། ཡོད་ཚད་དེ་འདྲའི་སེམས་ལ་གཟེར་བ་ཞིག སེམས་ཞིབ་མོས་དཔྱད་ཅིང་བརྟག་ན། ཡལ་ག་བསམ་ནས་རྩ་བ་འདོར་བཞིན་པའི་གདམ་ག་ཞིག་ཀྱང་བྱུང་དང་འབྱུང་བཞིན་པའི་མོད་ལ། སེམས་ཁྲལ་གློ་བུར་བ་རེ་ཡང་ངང་ངམ་ཤུགས་ཀྱིས་འཕྱུར་འོངས། དཀའ་སྡུག་ལ་གདོང་གཏོད་མི་འདོད་པའི་དུས་འདི་ལ། ཡང་ན། ཕྱི་ཁྲ་ཁྲའི་དབང་གིས་ནང་ཁྲ་ཁྲར་གྱུར་པའི་དུས་འདི་ལ། དཔེ་མང་ཀློག་པ་རིག་པ་འཆལ་བའི་རྒྱུ་བཞིན་དུ། ཁ་པར་དང་གློག་ཆས་ཀྱིས་ཐམས་ཅད་ཀྱི་ཤེས་པའང་བྱིང་ཞིང་རྨུགས་པའི་དུས་འདྲ་ཞིག་ལ་བསྐྱལ་འདུག་ཨང་། ད་ནི། མདའ་དང་འཕང་གི་དཔེ། ཡང་ན་ཕོ་དང་མོ་ཡི་དཔེ། ཡང་ན་གངས་རི་དང་མཚོ་ཡི་དཔེ་བཞིན། ཐབས་དང་ཤེས་རབ་ཁོ་ན་ད་གཟོད་རྟོགས་པ་སད་པའི་ཐབས་ལ་འདྲེན་དགོས་པ་མིན་ནམ། ཀྱེ་ཀྱེ།

གངས་རི་ཡ། གངས་རི་མཐོ་ཞིང་བརྗིད། རྩྭ་ཐང་ཡ། རྩྭ་ཐང་ཡངས་ཤིང་ཆེ། འདི་ནི་ང་ཚོའི་ཕ་ཡུལ་ཡིན། འདི་ནི་ང་ཚོའི་ཕ་ཡུལ་ཡིན། དབྱངས་རྟ་ལ་སྦྱར་བའི་སློབ་ཚན་འདི་བྱིས་པ་རྣམས་ཀྱིས་འགྲོ་ཞོར་འདུག་ཞོར་བློ་ལ་ཟིན་སོང་། རྩེད་ཞོར་དགོད་ཞོར་ངག་ལ་བཀུག་སོང་། ཚིག་གི་ཕྲེང་བ་བློ་ཡི་ཟབ་སར་འཛིན་པ་ལ་དབྱངས་རྟ་ནི་སྐྱོར་མ་དང་འགྲོས་མགྱོགས་པ་རླུང་གི་ཤུགས་དང་ལྡན་པ་ཞིག་རེད་ཨང་། ཡིན་ནའང་། དེང་དུས་ཀྱི་ཀློག་ལ་ཞུགས་པའི་བྱིས་པ་ལ་དབྱངས་རྟ་མི་འདུག བརྒྱ་ལ་སློབ་བུ་གང་ཞིག་གི་ཀློག་ལ་དབྱངས་རྟ་ལྡན་ཡང་ཐམས་ཅད་ཀྱིས་གང་དེའི་དགེ་རྒན་ལ་གད་མོ་ཐག་ཐག་ཏུ་དགོད། མཛུབ་མོ་ཀེར་ཀེར་གྱིས་འཕྱ། དེ་དག་གི་སྣང་ངོར། དབྱངས་རྟ་ནི་སྒྱིད་ལུག་དང་རྗེས་ལུས་སུ་རློམ། དབྱངས་རྟ་ནི་རྨོངས་པ་དང་གཏི་མུག་ཏུ་འདོད། དུས་ཀྱིས་དོར་བའི་སྲོལ་རྒྱུན་དུ་བརྩི། ཁ་ཏོན་དགེ་སྦྱོར་གྱི་སྣང་བརྙན་དུ་འཛིན། གླུ་ཨ་ལ་ལ་མོའི་བྱུང་བ་རིང་མོའི་ཉི་མ་འཁྱོལ་བྱེད་དུ་བལྟ། ལྟ་བ་དེ་འདྲའི་འོག ངས་ད་ལྟའི་བྱིས་པ་དག་གི་ངག་ལས་ང་དང་ངའི་ཁ་ཡ་ན་ཟླའི་སློབ་གྲོགས་ཀྱི་འགྲོས་དལ་གདངས་རིང་གི་ཆ་དེ་འདྲ་མ་ཐོས། དབྱངས་རྟ་དང་འགྲོགས་པའི་མིག་ལ་འཁྱིལ་བའི་འོད་སྣང་མ་མཐོང་། དབྱངས་རྟ་ལ་སྦྱར་བའི་ཀློག་གི་སྤྲོ་བ་དེ་ངས་བརྗེད་ཐབས་མི་འདུག དངོས་གནས་བརྗེད་ཐབས་མི་འདུག 

དབྱངས་རྟ་ཡིས་གང་ཞིག་ཚེགས་མེད་དུ་བློ་ལ་ཟིན་མྱོང་། དབྱངས་རྟ་ཡིས་གང་ཞིག་སེམས་ཀྱི་ཁུར་པོ་རུ་བསམ་མ་མྱོང་། དབྱངས་རྟ་ཡོད་པས་སྲིད་པའི་དམངས་གླུ་ཆེན་མོས་རྒན་མགོ་དཀར་གྱི་མིག་ཆུ་ཤམ་ཤམ་དུ་དྲངས། དབྱངས་རྟ་ཡོད་པས་རྒན་གྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད་ཀྱིས་གཞོན་སོ་དཀར་གྱི་ཡ་ཆུང་འཁྱགས་པས་བསྡམས། དབྱངས་རྟ་ཡོད་པས་ཨ་གཅིག་ཆ་གཅིག་གི་གྲངས་ཀྱི་རིག་པ་ཨ་མའི་སྙིང་ཁར་སྦྱར་བའི་ལོ་གསུམ་བྱིས་པས་ཀྱང་ཤེས། གལ་ཏེ་དབྱངས་རྟ་མེད་ཚེ། ཚིག་ནི་རྒྱན་གྱིས་མ་སྤྲས་པའི་གཅེར་བུ་ཞིག་དང་མཚུངས། ཡང་ན། ཚྭ་དང་མངར་བའི་བཅུད་ཀྱིས་མ་འདང་བའི་ཟས་དང་འདྲ་བས། རྒན་པ་རྣམས་ཀྱི་རོ་ཡི་མྱོང་བའི་ཡི་ག་འགག བྱིས་པ་རྣམས་ཀྱི་སྲེད་པའི་ཨ་ལོང་མ་ཁུག ཚིག་གི་མཛེས་པ་ལ་དབྱངས་ཀྱི་རམ་འདེགས་ཡོད་པས་ད་གཟོད་མིག་མཆི་མས་བརླན་པའི་དགའ་སྐྱོ་གཉིས་ལྡན་དང་། ཞེ་སྡང་ཉོན་མོངས་གནོན་པའི་གཉེན་པོ་ལྟ་བུའི་རྒྱན་གྱི་མཆོག་འདྲ་ཡོད། དབྱངས་རྟ་ལ་དངོས་གནས་བརྗོད་འདོད་གཏམ་གྱིས་མི་ཟིན་པའི་ཚོར་བ་བླ་ལྷག་ཅིག་ཡོད་པས་ན། དད་ལྡན་རྣམས་ཀྱི་མཆོད་པ་དང་། བཀྲེན་པ་རྣམས་ཀྱི་འཚོ་བ་དང་། ཆགས་ཅན་རྣམས་ཀྱི་ཡིད་གཡོ་བ། གང་ན་གར་དང་རོལ་མོའི་སྒྲ་ཡོད་ན་དེ་རུ་མྱ་ངན་མེད་ཅེས་སྔོན་གྱི་དམ་པའི་གསུངས་ན་ཡོད་པས་ན། རོལ་མོའི་ཆེད་དུ། གླིང་བུ་པི་ཝང་རྫ་རྔ་དང་འཁར་རྔ་རྔ་ཟླུམ་རྔ་བོ་ཆེ། རྔ་ཕྲན་ཆ་ལང་ཀ་ཎ་ཊི། དུང་དང་རྒྱུད་མངས་ལ་སོགས་པ་ཇི་སྙེད་དེ་སྙེད་དག་སིལ་སྙན་སྦྱོར་བའི་ཡོ་བྱད་དུ་འཛིན་ན་ང་ཚོས་རང་གི་ངག་གི་དབྱངས་རྟ་འདི་ལྟར་སྣང་མེད་དུ་འདོར་དོན་ཅི། དབྱངས་ཀྱི་འགྱུར་ཁུག་ལས་ཚིག་གི་ཡོན་ཏན་རང་བཞིན་གྱིས་ཐོན་འོངས་ན་ང་ཚོའི་རང་གི་ངག་ལ་འཁྱིལ་བའི་དབྱངས་རྟའི་དགེ་མཚན་མི་རྟོགས་པ་ཅི། ཆེན་པོ་རྣམས་ལ་བསྟོད་པ་དང་། །དམན་པ་རྣམས་ལ་སྨད་པ་དང་། །མཉམ་པ་རྣམས་ལ་འགྲན་ཚིག་དང་། །ཀུན་ལ་དགའ་བའི་གླུར་བླང་ངོ་། ། འདི་ནི་དབྱངས་རྟ་ཙམ་མིན། འདི་ནི་ངག་ལ་འཁྱིལ་བའི་འགྱུར་ཁུག་ཙམ་མིན། འདི་ནི་སེམས་ལ་འཛིན་པའི་ཚིག་གི་སྐྱོར་མ་ཡིན། 

ངེད་ཅག་གི་མེས་པོ་རྣམས་ཀྱིས། ལས་ཀ་གླུ་དང་བསྡེབས་ན་ཐང་མི་ཆད། །ཅེས་དབྱངས་རྟ་ལ་བརྟེན་ནས་ལུས་ཀྱི་ངལ་དུབ་དང་སེམས་ཀྱི་སྐྱོ་བ་ཡང་སེལ་ཡོད་པས་ན། ང་ཚོའི་རང་གི་དབྱངས་རྟ་འདི་ལྟར་ཤེས་མེད་ཚོར་མེད་ངང་འདོར་དོན་ཅི། དབྱངས་རྟ་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཡོད། རྟེན་འབྲེལ་དེའི་དབང་གིས་བསོད་ནམས་ཅན་གྱི་སྐྱེས་བུ་ལ་ཆོས་དུང་དཀར་མོ་རྒྱང་གྲགས་ཀྱི་འབུལ་བ་ཕུལ་བའི་གཏམ་གྱི་བྱུང་བ་ཡོད། དབྱངས་རྟ་ལ་སྙན་པའི་མཛེས་པ་ཡོད། མཛེས་པ་དེའི་དབང་གིས་རྨ་བྱ་དང་བ་གླང་དང་ར་དང་། ཁྲུང་ཁྲུང་དང་རྟ་དང་གླང་པོ་དག་གི་སྐད་ལའང་ཆགས་ཏེ་དབྱངས་ཀྱི་མཛེས་པ་བདུན་ཞེས་གྲགས། ད་དུང་། མ་སྲུ་མོ་རྣམས་ཀྱི་དགོ་དགོ་ངག་གི་དབྱངས་རྟས་གཡང་གི་འབྲི་མོ་དུང་ཆུང་བཀུག གོས་དཀར་ལྕང་ལོ་ཅན་གྱི་མགུར་མའི་དབྱངས་རྟས་སྡང་དགྲ་བོ་ཡིན་ཡང་དུག་གི་ཞེ་རྩ་རྨང་ནས་འཇོམས། དྲིན་མ་ལོའི་ལོ་ལོ་མ་ངུ་གཉིད་ལ་སྡོད་ཀྱི་དབྱངས་རྟས་ངུ་ངག་ཅན་གྱི་བུ་ཕྲུག་བདེ་བའི་གཉིད་ལ་འཇུག དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་ལ་གླན་པའི་དབྱངས་རྟའི་ཆེད་དུ་མངའ་རིས་སྒྲ་སྙན་ཞེས་བགྲེས་པོ་བཞུད་ཀྱང་སྒྲ་སྙན་ལུས་པའི་སྐྱོ་སྣང་བན་བུན་གྱི་སྨྲེང་བ་སེམས་ལ་འཁྱིལ་བ་དེ་བྱུང་། དབྱངས་རྟ་ཡོད་པས། བུ་ཁེར་འགྲོ་ས་མཐའ་འགྲིམ་གི་ཉིན། །ཞེ་ཆགས་གི་ཕྱིར་མིག་གན་ན་ཤོར། །ལས་སྐྱིད་རེས་སྡུག་རེས་གཉིས་ཀར་དྲན། ། ཆུང་བློ་ཁ་ཕམ་ཉིན་ལྷག་ཏུ་དྲན། །ནམ་ཞིག་ཕྱིར་ལ་ལོག་པ་མི་ཤེས་ལ། །ལོག་དང་མི་ལོག་དེ་ཡང་མི་ཤེས་མོད། །ཕ་ཡུལ་ལུང་པ་སེམས་ཀྱི་དྲོད་ཅིག་ཡིན། །ཨ་ལ་ཕ་ཡུལ། ཨ་ལ་ཕ་ཡུལ། ངའི་བག་ལ་ཉལ་བའི་སེམས་ཚོར་གང་ཞིག་ཀྱང་ངུ་ཤུམ་དང་བཅས་ཏེ་ཕྱི་རུ་འདྲེན་མཁན་དབྱངས་རྟ་ལ་སྦྱར་བའི་གཞས་ཚིག་འདི་ཉིད་ཡིན། འདབ་ཆགས་བྱ་དང་གསེར་མིག་ཉ་ལོ་ཡིན་ཡང་དབྱངས་རྟས་འགུག་པའི་གཏམ་གྱི་བྱུང་བ་ཡོད་པས་ན། དབྱངས་རྟ་ནི་མི་སེམས་ཀྱི་གཏིང་རིམ་དུ་ཟུག་པའི་སྨྲ་བརྗོད་ཀྱིས་མཚོན་མི་ནུས་པའི་ཚོར་བ་དེ་ཡིན། རྒྱ་གར་བའི་ལུགས་ལ་རོལ་མོ་ནི་སྒྱུ་རྩལ་གྱི་མཆོག་ཏུ་བགྲངས་པའང་དོན་སྟོངས་པའི་ཁ་བཤད་ཙམ་ག་ལ་ཡིན། མི་རྣམས་སྒྲ་སྙན་པ་འདབ་ཆགས་དང་དུད་འགྲོའི་སྐད་ལའང་ཆགས་ཤིང་། འདབ་ཆགས་དང་དུད་འགྲོ་ཡང་སྙན་པའི་སྒྲ་ལ་ཆགས་པས་ན་བྱིས་པ་དག་དབྱངས་རྟར་ཅིས་མི་ཆགས་ཨང་། དབྱངས་རྟ་ནི་མཁའ་ཡི་འཇའ་ཚོན་དང་འདྲ། སྤང་གི་མེ་ཏོག་དང་འདྲ། རྫ་རིའི་ཆུ་ཕྲན་དང་འདྲ། སྦྲང་རྩི་དང་བུ་རམ་གྱི་རོ་དང་འདྲ། རོ་དེ་འདྲའི་དབང་གིས་བྱིས་པ་ཚོ་མངར་བའི་ཟས་དང་མཛེས་པའི་གོས་ལ་ཆགས་ཤིང་དགའ་བ་བཞིན་དབྱངས་ཀྱི་སྙན་པ་ལ་ཅིའི་ཕྱིར་མི་དགའ། ཡང་ན། སེམས་དང་ལྡན་པ་ཇི་སྙེད་དུ་དབྱངས་ཀྱི་སྙན་པ་ལ་མི་དགའ་བ་ཞིག་གང་དུ་མཆིས་ཨང་།

ས་བོན་གྱི་སྐྱེ་སྟོབས་ནི་སོ་ནམ་པའི་རྩོལ་བ་ཁོ་ན་ཞིག་ཏུ་སྣང་ཡང་། དེ་ལ་ཆར་ཆུ་དང་ཉི་འོད། ས་གཤིས། རླུང་སོགས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཞིག་འཛོམས་ན། ད་གཟོད་གསེར་གྱི་འབྲུ་རྡོག་དང་འཇའ་ཚོན་གྱི་མདངས་ཀྱིས་བྱུགས་པའི་ཡིད་འོང་གི་མེ་ཏོག་དེ་ཡོད་པས་ན། བྱིས་པའི་སྤྲོ་སྣང་གི་བསླབ་པ་དོན་གཉེར་གྱི་ལས་དེའང་དགེ་རྒན་གཅིག་པུའི་རྩོལ་བ་ཞིག་ཏུ་བསམ་ན། ས་བོན་ལ་ཞིང་པའི་རྩོལ་བ་ལས་ས་ཆུ་མེ་རླུང་གི་མཐུན་རྐྱེན་མ་འཛོམས་པ་དང་མཚུངས།

ད་ནི་བྱིས་པ་དག་གི་ཀློག་གི་ཆེད་དུ། ཀློག་གི་བྱང་བ་བློ་ལ་འཇུག་སླ་བའི་ཆེད་དུ། ཡང་ན། བྱིས་པ་དག་གི་བདེ་མོ་ལམ་གྱི་ཆེད་དུ། ཐག་རིང་ཡུལ་ལ་བརྡ་དང་ཐག་ཉེ་ཡུལ་ལ་ཀི་ཡི་དཔེ་ཞིག་བྱས་ན། ཚངས་པ་དང་དབྱངས་ཅན་མའི་འཁོར་ལ་ཞེན་པ་དག་ལས་འདི་ལ་འཐད་ཅིང་མོས་པར་ཤོག

སྙན་པའི་མཆོག་ཏུ་གྱུར་པ་དབྱངས་ཀྱི་བྱེད་པོ་ཇི་སྙེད་བཞུགས་པ་དག ང་ཁྱེད་ཅག་གི་གར་གྱི་སྟངས་སྟབས་དང་། ངག་གི་འགྱུར་ཁུག་ལ་ཡང་ཡང་ཆགས་མྱོང་། ཡིད་དུ་འོང་བའི་མི་དག ཁྱེད་ཅག་ནི་དབྱངས་ཀྱི་སྦྱོར་བ་ལག་ཏུ་བསྟར་མཁན་ནོ། །ཁྱོད་ཅག་གིས་ད་དུང་ཕ་མེས་ཀྱི་དབྱངས་རྟ་སེམས་དང་ངག་གིས་མ་དོར་བ་འདི་ལ་སྙིང་ནས་དགའ་ཡོད། ང་ཁྱོད་ཅག་ལ་སྙིང་ནས་བརྩེ་ཞིང་དུངས་དོན། ཁྱོད་ཅག་ནི་གླུ་ལེན་ངག་འགུག་གི་སྣང་བརྙན་ཙམ་མིན། ཁྱོད་ཚོས་རི་མཐོན་པོ་མཐོན་པོ་ཞིག་དང་ཆུ་ཟབ་མོ་ཟབ་མོ་ཞིག་གི་དཔངས་དང་ཟབ་ཚད་དེ་དབྱངས་རྟ་དང་སྡེབ་པའི་ཚིག་གིས་ཁུར་ཡོད་པས་ཡིན། གལ་ཏེ། ཁྱོད་ཅག་གི་དབྱངས་རྟ་མེད་ཚེ། གླུ་གཞས་ཀྱི་སྒྱུ་རྩལ་ཟེར་བ་ཡང་སྐད་ཅིག་སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་དུ་འགྱུར་བ་ལ་ཐེ་ཚོམ་ཅི། ནམ་ཞིག མིག་དང་རྣ་ཡི་གསོས་སུ་གྱུར་པའི་ལོངས་སྤྱོད་འདི་ཡང་བསྐལ་པའི་མིང་ཙམ་དུ་གྱུར་ཚེ། ད་ནི་ངོམ་དུ་རུང་བའི་ནོར་བུ་ལྷག་མ་ཅི་ཞིག་ཡོད་ཨང་། སྙིང་ཉེ་བའི་མི་དག དེ་རིང་། མགྲིན་པ་གཟེངས་སུ་བཏེགས་པའི་ལས་ལ་ཨ་ལོང་རྣ་ཡིས་དར་ཅིག་ཉན་ནས་བསམ་པའི་བློ་རྩེ་ནང་དུ་དྲངས་ན། ཁྱེད་ཀྱི་འདེགས་འཇོག་གི་དབྱངས་རྟར་སྦྱོར་ནུས་པའི་ལེགས་བཤད་དང་གཏམ་དཔེ། གབ་ཚིག་དང་ཁེད་དག ཀློག་ལ་ཞུགས་པའི་བྱིས་པ་རྣམས་ཀྱི་རོ་བརྒྱ་ལས་ལྷག་པའི་མངར་ཟས་དེ་ཅི་ལ་མིན། མཛེས་པ་མཐོང་བས་ཆགས་པའི་མིག་མི་བསྡུ་བ་དང་། སྙན་པ་ཐོས་པས་གཡེང་བའི་སེམས་ཁུག་པ་བཞིན། ནམ་ཞིག མིག་ལ་འོད་སྣང་ཅན་གྱི་ངག་ལ་བཀུག་པའི་གཞས་སྙན་མོ་སྙན་མོ་དག་ཁྱེད་ཀྱི་བདེ་སྐྱིད་དུའང་ཅིས་མི་འགྱུར། ངོ་མ། ལྕེ་ཡི་མདུད་པ་འགྲོལ་ཞིང་ཤེས་རབ་ཀྱི་བློ་སྒོ་འབྱེད་པའི་ན་ཚོད་ལ་ཁྱེད་ཅག་གི་དབྱངས་རྟ་དེ་ཅི་འདྲའི་མཁོ་ཨང་། ཡང་ན། ཕྱི་ཁྲ་ཁྲས་ཡིད་ཀྱི་དམིགས་པ་འཆོལ་བའི་དུས་ལ། སྤྲོ་སྣང་ཡིན་ལ་འུ་ཐུག་ཀྱང་ཡིན་པ་འདྲ་བ་འདི་འདྲ་ཅིས་ཀྱང་ལག་ཏུ་བསྟར་དགོས་ཨང······

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号