ལོ་རྒྱུས་ཀྱི་དཔལ་བེའུ་ཟམ་པ། བསམ་གཞིག་གི་གཡེར་དྲིལ་སིལ་སྒྲ།

སྨྲི་ཏི་མཚན་འབར།



ང་རང་བསིལ་རླུང་གི་གྲང་རེག་ལ་རེ་བཞིན་ཚ་དྲོད་ཆེ་བའི་སྤྱི་སྤྱོད་རླངས་འཁོར་ནང་ནས་སྣེའུ་ཟམ་ཆེན་དུ་འབོད་པའི་དཔལ་བེའུ་དབྱིབས་ཀྱི་ཟམ་པའི་ཐོག་ཏུ་སྐྱོད་བཞིན་ཡོད། ཇི་ལྟར་བསམས་ཀྱང་ཟམ་ཆེན་བསྣོལ་མ་འདི་ནི་ད་སྐབས་ངས་དོ་སྣང་བྱ་ཡུལ་གྱི་ལོ་རྒྱུས་ཀྱི་གླེགས་བམ་དག་དང་ཤིན་ཏུ་འདྲ་སྟེ། ཡས་སྣེ་མས་སྣེ་འཛོལ་ཞིང་གོང་འོག་འཕྱུགས་འགྲོ་བ་ཞིག་རེད།


འགྲམ་རྩ་ནས་བཞུར་བའི་རྔུལ་ཆུ་ཕྲོམ་ཕྲོམ་དེ་ལག་པས་འབྱིད་དུས། ང་རང་ནི་གཞན་དག་དང་མི་འདྲ་བའི་ཚ་དྲོད་ཅིག་ཡོད་པ་ཚོར་ནས་ཅུང་དོགས་མི་བདེ་བར་བཏང་། ལུས་ཀྱི་བ་སྤུའི་བུ་ག་རེ་རེ་ནས་བཞུར་ཡོང་བའི་རྔུལ་ཆུ་འདི་ནི། ལོ་རྒྱུས་བསམ་གཞིག་གིས་བསྐྱེད་པའམ། འདས་སོང་གི་ཕམ་ཁ་རེ་རེར་ཕངས་སེམས་འདུ་ལོང་གིས་བསྐྱེད་པ་ཡིན་སྲིད་མོད། ངས་ཕྱི་རོལ་ལ་ཁ་གཡར་ནས་ལྷ་ས་ནི་ཉི་འོག་གྲོང་ཁྱེར་དུ་འབོད་པ་ཅིའི་མ་བདེན། དགུང་གི་ཉི་མ་དང་འོག་གི་ཨར་འདམ་ཚ་མོའི་བར་གྱི་མི་ཚོགས་ནི། བྱེ་ཚན་ནང་དུ་ཡོས་ཁྲ་བརྔོས་པ་ལྟར་ཚག་སྒྲ་དང་བཅས་མི་ཡར་བའི་ངེས་པ་མེད་སྙམ་པའི་འཆར་ཡན་བྱས། དྲང་པོ་བཤད་ན་འཆར་ཡན་དེའང་ཕྱི་རོལ་ལ་འབྲེལ་བ་མེད་པར་ནང་སེམས་ཀྱི་འདུ་ལོང་གིས་བསྐྱེད་པ་ཡིན་སྲིད། ངས་ལོ་རྒྱུས་ཀྱི་དཀྱོག་མཚམས་དག་ལ་མནོ་བསམ་བཏང་ཚེ་ཕྱི་ནང་འཁྲུལ་བར་འགྱུར་ཅིང་དགྲ་གྲོགས་ཀྱང་ནོགས་པར་འགྱུར་མོད། འོན་ཀྱང་། འདི་ནི་འུ་ཚོའི་ལོ་རྒྱུས་ཡིན་པས་གུད་དུ་འཇོག་ཐབས་མ་བྱུང་བས། ཆེད་དུ་དེ་རིང་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་གི་ཕྱོགས་སུ་ཐོན་པ་ཡིན།

སྐྱིད་ཆུ་འཕྲེད་བཅད་བྱས་པའི་ཟམ་རིང་དེ་བརྒལ་བ་ན་སྟོད་ལུང་བདེ་ཆེན་རྫོང་གི་སྣེའུ་ཤང་དུ་འབྱོར། སྣེའུ་ཞེས་པའི་ཐ་སྙད་དེས་ངའི་སེམས་པ་བདེ་རུ་འབབ་མ་བཅུག་པར་འདས་མ་ད་གསུམ་གྱི་དོན་རྐྱེན་མང་པོ་ཞིག་ཝ་ལེར་གསལ་ཡོང་ཏེ། སྣེའུ་རྫོང་ཞེས་པ་ཕག་གྲུ་སྲིད་དབང་འཛུགས་སྐབས་རྫོང་ཆེན་བཅུ་གསུམ་ལས་གཅིག་ཡིན་པ་དང་། རིན་སྤུངས་དོན་ཡོད་གྲགས་པས་དགེ་ལུགས་ལ་རབ་ཏུ་སྡང་ནས་གཙང་དམག་དབུས་ལ་དྲངས་ཤིང་། སྡེ་བ་སྐྱིད་ཤོད་པ་དང་གཞིས་ཀ་སྣེའུ་པའི་དབང་ཆ་འཕྲོག་པ་དང་། ཡང་དགེ་ལུགས་པས་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་རྒྱབ་སྐྱོར་འོག་གཙང་པ་སྡེ་སྲིད་བརླགས་ཏེ་གཙང་རྒྱལ་ཀརྨ་བསྟན་སྐྱོང་དབང་པོ་སྣེའུ་བཙོན་ཁང་དུ་བཅུག་པ་དང་ཁོང་བྲོས་ནས་མ་ཐར་བར་མཐར་སྐྱིད་ཆུའི་ནང་དུ་འཕངས་པ་སོགས་དྲན་ཡོང་། གཙང་པ་སྡེ་སྲིད་གཡུག་སའི་སྐྱིད་ཆུའི་འགྲམ་དེར་སླེབས་དུས་སག་ལྷམ་གྱོན་པའི་སོག་པོའི་མི་ནག་གིས་རྒྱ་སྟག་ངར་མ་ཞིག་ཁྲིད་པ་སྣང་ཡོང་ཞིང་། ལྕགས་ཐགས་མདུད་པ་དགུ་སྒྲིལ་དེའང་རྒྱལ་དབང་ལྔ་པས་གནང་བ་འཆར་ཡོང་བ་སྟེ། ང་ཡི་མེས་པོ་ཐོར་ལྕོག་ཅན། བློན་པོ་ཨོག་ཚོམ་ཅན་གྱི་ཕ་ཁུ་ཕུ་ནུ་ཚོས་དབུ་རྨོག་དང་གོ་ཁྲབ་གསོལ་ནས། དམག་རྟའི་རྨིག་རྩེ་རྡོ་ལ་བརྡར་བའི་ཐྲིག་སྒྲ་དང་བཅས་ནང་དམེ་བྱེད་ཀྱིན་པའི་སྣང་བ་འཆར་བྱུང་། སྐབས་དེར། ངའི་འགྲམ་རྩ་ནས་བཞུར་ཡོང་བའི་རྔུལ་ཆུ་ནི་ཕྱི་རོལ་གྱི་ཉི་དྲོད་ལ་འབྲེལ་བ་མེད་པར་ནང་སེམས་ཀྱི་མེ་ལྕེ་ཡིས་བསྐྱེད་པ་ཚོར། སྣེའུ་ཞེས་པ་ནི་ཕ་ཡུལ་གྱི་མིང་ཞིག་དང་འདྲ་བར་གཉེན་ཉེ་དུ་དང་གྲོགས་དགའ་འདྲིས། ཕ་ཨ་ཁུའི་སྣང་བརྙན་མང་པོ་ཞིག་ཀྱང་འཆར་རྒྱུ་འདུག སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོ་ཡང་གྲགས་པ་ཆེ་བའི་མི་སྣ་ཞིག་སྟེ། ཁོང་གི་རྒྱབ་སྐྱོར་འོག་ལྷ་ལྡན་སྨོན་ལམ་ཆེན་མོ་འཚོགས་ཐུབ་པ་བྱུང་བ་དང་། ཇོ་ཁང་ཞིག་གསོ་བྱེད་སྐབས། མདུན་གྱི་ཁྱམས་རའི་རྡོ་གཅལ་ཚང་མ་ཁོང་གིས་མཐུན་རྐྱེན་སྦྱར་བ་རེད།

གལ་ཏེ། སྣེའུ་ཞེས་པ་ནི་ཕ་ཡུལ་དང་འདྲ་ཟེར་ཆོག་ན་སྐྱིད་ཆུའི་ལྷོ་ངོས་ར་མ་སྒང་དུ་ཆགས་པའི་རྒྱལ་སྡེ་སྐར་ཆུང་གཙུག་ལག་ཁང་ནི་རང་ཁྱིམ་དང་འདྲ་ཞེས་སྨྲ་འདོད་ཅིང་། དེའི་ཟུར་དུ་ཀྲོང་ངེར་འགྲེང་བའི་སྐར་གཙུག་རྡོ་རིང་ནི་རང་ཉིད་དང་ཤིན་ཏུ་འདྲ་ཟེར་ཆོག རྡོ་རིང་དེ་ནི་དུམ་བུ་མང་པོར་གྱུར་ཅིང་། རྩྭ་སྐྱ་རྙིང་པའི་གསེབ་དུ་འགྱེལ་འདུག མཐའ་འཁོར་གྱི་བདེ་སྡོད་ཁུལ་གྱི་སྐྱེད་ཚལ་དག་ནི་ཉིན་རེར་ཐེངས་མང་ལ་ཆུ་ཡིས་ཆག་ཆག་སྦྲན་ནའང་རྡོ་རིང་འདི་ནི་ཅི་ཞིག་ཁྲིམས་ཆད་ཕོག་པ་ལྟར། མུ་ཁྱུད་དུ་ལྕགས་རི་བསྐོར་ནས་སུས་ཀྱང་དོ་སྣང་བྱ་བ་ལ་སྐྱོ་སྣང་སྟེར་བ་ཞིག་རེད།

ངས་གློ་བུར་དུ་རྡོ་རིང་འདི་ནི་ཟུར་གྱི་དགོན་པའི་རྟེན་གཙོ་བོ་དང་དཀྱིལ་གྱི་ཀ་བ་ཞིག་ཡིན་འོས་ཨང་སྙམ་བྱུང་། ཟུར་གྱི་དགོན་པ་དེ་ནི་ནམ་ཞིག་ཕྱག་བཏབ་མིན་ནི་དུང་དཀར་ཚིག་མཛོད་དུ་འདི་ལྟར་གསལ་འདུག་སྟེ། “མནའ་གཙིགས་ལ་ཞུགས་པའི་བློན་པོའི་མིང་ཐོའི་ནང་བན་དེ་བཀའ་ཆེན་པོ་ལ་གཏོགས་པ་བན་དེ་བྲན་ཀ་ཡོན་ཏན། བན་དེ་མྱང་ཏིང་འཛིན། ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་གཏོགས་པ་བློན་ཆེན་པོ་འབྲོ་ཁྲི་གཟུ་རམ་ཤགས། ཞང་མཆིམས་རྒྱལ་བཙན་གཞེར་ལེགས་གཟིགས། དབས་མང་རྗེ་ལྷ་ལོད་བཅས་ཀྱི་མིང་འཁོད་པར་བརྟགས་ན་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་ཚེའི་སྨད་ཙམ་ལ་ཡིན་པར་ཚོད་དཔག་བྱེད་བཏུབ”ཅེས་དང་། ཉང་རལ་ཆོས་འབྱུང་སྦྲང་རྩི་སྙིང་པོའི་བཅུད་ལས“རྒྱལ་པོ་དེའི་ཞལ་ནས་འཛམ་བུ་གླིང་ན་རྒྱལ་པོ་ཆེ། བོད་ཀྱི་རྒྱལ་པོ་ང་ཆེ་བས། ངའི་ལག་རིས་ལྷ་ཁང་ཉི་མ་ཙམ་ཞིག་རྩིག་གོ་ཞེས་བཀའ་བསྩལ་ནས་སློབ་དཔོན་མཛད་མཁན་ཀུན་ལ་ཉི་མ་ཇི་ཙམ་ཡོད་དྲིས་པས། ཉི་མ་དཔག་ཚད་ལྔ་བརྒྱ་ཙམ་ཞིག་ཡོད་པས་བོད་ཀྱི་སར་མི་གཤོང་གསུངས་པས། འོ་ན་ཟླ་བ་ཙམ་ཞིག་བྱེད་དོ་གསུངས། དེ་ཡང་མི་གཤོང་། སྐར་མ་ཆུང་བའི་ཚད་ཙམ་ཞིག་བཞེངས་ན་བརྩིག་ཆོག་པ་འདུག་ཞུས”ཞེས་པ་ནི་ཁྲི་སྡེ་སྲོང་བཙན་ནི་སད་ན་ལེགས་འཇིང་ཡོན་གྱི་དུས་ཡིན་པ་དང་། རྡོ་རིང་མིང་དུ་སྐར་ཆུང་ཞེས་ཡོང་བའི་དོན་ཡང་དེ་ཡིན་ཟེར། དགོན་སྡེ་འདི་ནི་ཕལ་ཆེར་དུས་ཀྱི་ཡོ་ལངས་དང་སྤྱི་ཚོགས་སྡེ་གཟར་ཆེས་ཆེ་བའི་སྐབས་ཐོག་དེར་བཞེངས་པ་ཡིན་པ་རྡོ་རིང་ཡི་གེ་ལས་ཅུང་ཙམ་རྟོགས་ཏེ། “སངས་རྒྱས་ཀྱྀ་ཆོས་མཛད་པ་འདྀ་གཅེས་སྤྲས་ཅྀ་ལ་ཡང་། སྡྀག་གོ་ཞེ་འམ། མ་ལེགས་སོ་ཞེས། མོ་དང་རྨྱྀ་ལྟས་ལས་སྩོགས་སྟེ་ཅྀའྀ་ཕྱིར་ཡང་རུང་སྟེ། མྀ་གཞྀག་གོ། མྀ་སྤང་ངོ་། འདྀ་སྐད་ཅེས། ཆེ་ཆུང་སུས་གསོལ་ཀྱིས་ཀྱང་། མྀ་མཛད་དོ”ཅེས་ནང་ཆོས་ཉམས་རྨས་སུ་འགྲོ་གྲབས་བྱེད་པ་ཚིག་ཟུར་ལས་ཀྱང་གོ་ཐུབ་ལ། སྐབས་ཐོག་དེར་བོད་ཡུལ་ནད་མུག་མཚོན་འཁྲུགས། ཐན་པ་དང་ལོ་ལེགས་མི་ཡོང་བ་མང་དུ་བྱུང་བ་དང་། བཙན་པོས་བརྩི་བཀུར་ཤིན་ཏུ་ཆེ་བའི་ནང་ཆོས་ཀྱང་འཇིག་པའི་སྔ་ལྟས་སུ་མཐོང་བས། བཙན་པོ་སད་ན་ལེགས་འཇིང་ཡོན་གྱིས་ཀྱང་རང་གི་ཕ་མེས་ཡང་མེས་རྣམས་ཀྱི་དཀོན་མཆོག་མཆོད་པའི་རྟེན་དུ་གཙུག་ལག་ཁང་གྲངས་མེད་བཞེངས་ནས་དེའི་མདུན་དུ་བཀའ་གཙིགས་རྡོ་རིང་བཞེངས་ཚུལ་ཐུགས་གཞིག་བྱས་ནས་ཕ་ཤུལ་བུ་འཛིན་གྱི་ཚུལ་དུ་ལྷ་ཁང་བཞེངས་ཏེ་རྡོ་རིང་ཞིག་བཙུགས་ནས་རང་དང་གློ་བ་ཉེ་བའི་བློན་ཞང་ལྷན་དུ་མནའ་བོར་མོད། འོན་ཀྱང་། རིང་པོ་མ་ལོན་པར་སྲིད་ཀྱི་འགལ་བ་དང་ནང་བློན་ཕན་ཚུན་བན་བོན་འཐེན་འཁྱེར་ཆེ་བའི་དབང་གིས་ནང་དུ་བཀྲ་མ་ཤིས་པ་ནི་ཁྲི་དར་མ་འུ་དུམ་བཙན་སོགས་རྒྱལ་པོ་དུ་མ་བཀྲོངས་ཤིང་། ཕྱི་རུ་དོན་མི་འགྲུབ་པ་ནི་འབངས་ཁེངས་ལོག་གམ་ལོ་རྒྱུས་ལ་འཕོ་འགྱུར་ཆེན་པོ་བྱུང་ནས་བཙན་པོའི་དབང་བསྒྱུར་བའི་ནུས་མཐུ་ཡོངས་སུ་ཉམས་པར་གྱུར་པར་སེམས། ལྡེའུ་ཆོས་འབྱུང་དུ“རྒྱལ་པོ་འདིའང་གནོད་སྦྱིན་སྤྲུལ་པར་སོང་བས་ཕུ་བོའི་རྒྱལ་ས་འཕྲོག་ཏེ་གཅེན་རལ་བ་ཅན་ལོ་སུམ་ཅུ་སོ་དྲུག་ལ་འབངས་ཀྱིས་དཀྲོངས་སུ་བཅུག ཡབ་མེས་ཀྱི་སྲོལ་བོར་ནས་ཆོས་སྐོར་ཐམས་ཅད་ཉམས་སྨད། ལྷ་ས་ཆུས་བཤིག་སྐར་ཆུང་མེས་བཤིག བསམ་ཡས་བྱེ་མས་བཤིག”ཟེར་བ་བཞིན། ལྷ་ཁང་འདི་འཇིག་རྐྱེན་ནི་གོང་དེ་ཡིན་མིན་དང་ཁྲི་དར་མས་ནང་བསྟན་བསྣུབས་ཡོད་མེད་བཤད་ཚོད་མི་ཐིག་ཀྱང་ཕྱི་ནང་རྒྱུ་ཅན་མང་པོ་ཚོགས་ནས་འབངས་ཁེངས་ལོག་བྱས་ཏེ་བརྩིགས་དགུ་ཅན་གྱི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཤིགས་པར་སྙམ། ཐོག་མར་ལྷ་ཁང་དེའི་ནང་དུ་རྡོ་དབྱིངས་ཀྱི་ལྷ་ཚོགས་རྣམས་བཞུགས་སུ་གསོལ་བས། མིང་དུ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་དུ་ཐོགས་པ་དང་། བསྟན་པ་ཕྱི་དར་དུ་འབྲུག་པའི་བླ་མ་ཞིག་གིས་རྒྱ་བསྐྱེད་དང་གསར་བཞེངས་མཛད་ནས་སངས་རྒྱས་དགོན་ཞེས་མཚན་སྲོལ་བར་གྲགས། ཟིང་འཁྲུག་ཡར་སྔོན་ལ་བཙུན་མ་ཉེར་ལྔ་ཙམ་བཞུགས་པའི་བཙུན་མའི་ཆོས་སྡེ་རུ་གཏོགས་པ་དང་། རྟེན་ལ་ཇོ་བོའི་སྐུ་དང་མི་འཁྲུག་པ། རྣལ་འབྱོར་མའི་འཇིམ་སྐུ། རས་སེ་ལས་སྐར་ཆུང་རྒྱལ་པོ། ཆོས་སྐྱོང་ཇག་པ་མེ་ལེན་གྱི་ཞལ་འབག་སོགས་ཡོད་སྐད། ཡང་བར་སྐབས་ཤིག་ཏུ་རྒྱལ་མཆོག་ལྔ་པས་དགོན་འདི་བདག་སྐྱོང་དགོས་ཚུལ་གྱི་བཀའ་ནན་མཛད་པའི་བཤད་སྒྲོས་ཀྱང་འདུག ད་ལྟ་ནི་ས་སྐྱའི་ལུགས་ཀྱི་ཕྱག་བཞེས་མཛད་བཞིན་པ་དགོན་པའི་ངོ་སྤྲོད་དང་ལྷ་ཁང་སྟེང་འོག་བར་གསུམ་གྱི་རྟེན་གཙོ་དག་མཇལ་ན་ངེས་ཤེས་རྙེད་ཐུབ།

ངས་དགོན་པ་འདི་རུ་ས་དགེ་བཀའ་རྙིང་གི་གྲུབ་མཐའ་དང་གྲུབ་མཐའ་འགྲན་རྩོད། མཆོད་གཞིས་དང་མཆོད་གཞིས་བར་གྱི་འཐབ་འཁྲུག མཆོད་ཡོན་དང་མཆོན་ཡོན་བར་གྱི་འཕྲོག་བཅོམ། བན་བོན་བར་གྱི་དབྱེན་སྦྱོར། སྡེ་སྲིད་དང་སྡེ་སྲིད་བར་གྱི་ནང་དམེ་ཡི་ཁྲག་དྲི་ཚོར་ཐུབ་ལ། ལྷ་ཁང་གཡོན་ཟུར་གྱི་རྩྭ་སྐྱ་རྙིང་ཧྲུལ་གསེབ་ཀྱི་གནའ་མཁར་གྱི་གྱང་ཆག རྡོ་རིང་གི་ལྷུ་ཆག འཐབ་མོ་བའི་རུས་ཆག་དག་མཐོང་དུས། དྲིལ་ཆུང་གཡེར་ཁ་སྒྲོག་པའི་རྟ་དམག་གི་གོམ་སྒྲ་དང་རལ་གྲི་ས་ལ་དྲུད་པའི་ཧྲག་སྒྲ་འགའ་ཐོས་ཐུབ། དེ་ནི་ག་ལ་ཡིན་ཏེ། བསམ་བློ་རྣལ་དུ་ཕབ་ནས་རྣ་བ་བླགས་ན། རྟ་དྲིལ་མ་ཡིན་པར་དགོན་པའི་གཡེར་དྲིལ་གྱི་སྒྲ་སྙན་མོ་རེད་འདུག རལ་གྲི་ས་ལ་དྲུད་པའི་སྒྲ་མིན་པར་དགོན་བསྐོར་བ་ཚོའི་རྡོག་སྒྲ་རེད་འདུག སྐབས་དེར་ངའི་འཆར་ཡན་གྱི་རྟ་ཕོ་གནའ་བོའི་དམག་འཁྲུག་གི་གཡུལ་ས་ནས་དོངས་ཏེ་དེང་རབས་ཅན་གྱི་ཨར་འདམ་གྱི་རྒྱ་སྒོ་རུ་འཛུལ་བ་ཡིན། སྒོ་ཡིག་ལ་རྒྱལ་སྡེ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་ཞེས་བྲིས་འདུག་ལ་ལྷ་ཁང་སྒོ་ངོས་སུ་སྐར་ཆུང་གཙུག་ལག་ཁང་ཞེས་ཕྱག་བྲིས་བསྟར་མ་ཞིག་ཀྱང་བཀལ་འདུག ཁྱམས་རའི་ནང་དུ་གཡའ་མའི་པང་གཅལ་བཏིང་པ་དང་། ཟུར་དུ་ཤུག་སྡོང་རེ་ཟུང་དང་མེ་ཏོག་དཀར་སེར་དམར་ལྗང་ཁ་ཤས་བཏབ་འདུག ནང་དུ་འཛུལ་མ་ཐག་གྲྭ་པ་བཅུ་གྲངས་ཞིག་གིས་ཕལ་ཆེར་ཀུན་རིག་མིན་ནམ་སྙམ་པའི་ཆོ་ག་འདོན་བཞིན་སྣང་། སྒོའི་ལྡེབས་རིས་ལ་སྒོ་སྲུང་ཁྲོ་བོ་ཁྲོ་མོ་དང་རྒྱལ་ཆེན་སྡེ་བཞི་སོགས་བྲིས་པ་དགོན་པ་ཕལ་ཆེར་དང་མཚུངས། དེར་མཆོད་མཇལ་བ་མང་པོ་འདུག་ཅིང་གཡས་ཟུར་ལྷ་ཁང་ནང་དུ་རྟེན་གཙོ་བོ་ཇོ་བོ་ཨ་ཚ་ང་ལེན་མ་དང་། རྡོར་སེམས་དང་མི་འཁྲུག་པ། གུ་རུ། ཀུན་རིག་སོགས་བཞུགས་སུ་གསོལ་འདུག དེ་རྗེས་གཙང་ཕུགས་ཀྱི་ལྷ་ཁང་ནང་དུ་འདས་པ་སངས་རྒྱས་མར་མེ་མཛད། ད་ལྟའི་ཤཱཀྱ་ཐུབ། མ་འོངས་བྱམས་པ་དང་ཉེ་སྲས་བརྒྱད་ཀྱི་སྐུ་འདྲ་བཞུགས་འདུག གཡོན་ཟུར་གྱི་ལྷ་ཁང་ནང་དུ་ཕྱག་ན་རྡོ་རྗེ། དཔལ་ལྡན་ལྷ་མོ། མགོན་པོ། རྣམ་ཐོས་སྲས། པེ་ཧར་སྐུ་ཡི་རྒྱལ་པོ་སོགས་བཞུགས། དགོན་པ་འདིའི་སྲུང་མ་ནི་རྒྱལ་པོ་པེ་ཧར་བྱེད་པ་མངོན་ཏེ། རྒྱལ་ཞུའི་སྟེང་དུ་རྨ་བྱའི་སྒྲོ་ཐུལ་གྱིས་བརྒྱན་པ། ཞལ་གསུམ་ཕྱག་དྲུག་ལ་དར་དང་བརྒྱན་ཆས་སྤྲས་འདུག་པས་བལྟས་པ་ཙམ་གྱིས་དོ་སྣང་ཡོང་བ་ཞིག་མཆིས་པ་མ་ཟད། སྐབས་ཐོག་དེར་རྒན་མོ་ཞིག་གིས་ཆང་རྒོད་དམ་བེ་ཞིག་དཀོན་གཉེར་ལ་ཕུལ། དཀོན་གཉེར་གྱིས་ཆང་རྒོད་དེ་གསེར་སྐྱེམས་ཕུད་ཀོང་ཆེན་པོ་ཞིག་ཏུ་བླུགས་ནས་གསེར་སྐྱེམས་བཏོན་སོང་། དགོན་པ་འདི་འབྲུག་པ་ཡིས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐབས་སུ་ཆོས་སྐྱོང་ཇག་པ་མེ་ལེན་གསོལ་བར་བཤད། ནང་གི་ལྡེབས་རེས་སུ་ཆོས་རྒྱལ་སྐུ་ལྔ་འདུག་ཅིང་མཇལ་སྐོར་བས་ལྷ་མདུན་དུ་ཕུལ་བ་ནི་ལྷ་སའི་སྲང་ལམ་གྱི་སྤྲང་པོ་ཚོ་ལ་གཏད་ན་དམོད་དམོ་བྱེད་པའི་སྒོར་ཟུར་དག་རེད། ང་རང་སྒོའི་ཕྱི་རོལ་གྱི་རྡོ་རིང་དེའི་རྩིབས་ཏུ་ཡང་བསྐྱར་ཕྱིན་ནས་འདས་མ་ད་གསུམ་གྱི་སྐར་ཆུང་གཙུག་ལག་ཁང་ལ་མནོ་བསམ་བྱས།


མ་གཞི་སྐར་ཆུང་གཙུག་ལག་ཁང་འདི་ཞིབ་ཏུ་ངེས་པ་དྲངས་ཐུབ་ན། བོད་ཅེས་པའང་རུབ་ཙམ་ཤེས་ཐུབ་ཨང་སྙམ་པ་བྱུང་། བན་བོན་ཆོས་རྩོད་ཀྱི་འདུ་ར་དང་སྡེ་སྲིད་འཐབ་འཁྲུག་གི་གཡུལ་ས། གྲུབ་མཐའི་དབང་རྩོད་ཀྱི་དུར་ས། གྲྭ་ཇོ་རེས་འཁོར་གྱི་དགོན་ས། ས་དགེ་བཀའ་རྙིང་གྲུབ་མཐའ་བཞིས་བེད་སྤྱོད་བྱེད་མྱོང་བའི་དགོན་ཆུང་འདི་ནི། ཁྱོ་ག་མང་པོ་བརྗེས་ཟིན་པའི་ཡུགས་མོ་ཞིག་གམ། ཕ་གཞིས་བརླགས་པའི་མོན་ཕྲུག་ཡུལ་བོར་ཞིག་དང་འདྲ་བར་དགའ་སྐྱོ་ཆགས་སྡང་ཅི་ཡང་མེད་པར་ཁུ་སིམ་མེར་རྒྱ་གྲོང་ཁང་བརྩིགས་གནམ་ཟུག་དེ་ཚོའི་གསེང་དུ་ངལ་དུབ་དང་ཉོབ་སྣང་གི་གནས་སུ་ལྷུང་འདུག་ལ། ལོ་རྒྱུས་དཀྱོགས་མཚམས་ཀྱི་བརྡབ་གསིག་གིས་བསྐྱེད་པའི་སྐྱོ་སྣང་ཐ་དག་བཏང་སྙོམས་སུ་བཞག་སྟེ། མི་སྨྲ་བའི་བརྟུལ་ཞུགས་ཀྱིས་ང་རང་ཕང་བར་བླངས་དུས། ཡུན་རིང་ཁྲི་མུན་དུ་གྱར་བའི་ཨ་མས་འཁྱུད་པའམ། ཡང་ན་རྒྱང་རིང་ས་མཐར་འཁྱམས་པའི་ཨ་ཕར་འཕྲད་པའི་ཚོར་བ་ཚ་སོབ་སོབ་ཅིག་བྱུང་། སྐབས་དེར། ངའི་མིག་གི་ཀོང་བུ་རུ་ཉི་འོད་འདྲེས་པའི་ཆུ་ཡི་ཟེགས་མ་མང་པོ་འོད་འཚེར་འཚེར་དུ་འགྲིལ་གྱིན་འདུག་ནའང་། ཨ་མྱེས་ཀྱིས་ང་ལ་བདམས་པའི“ཁོག་ནང་མེ་འབར་རུང་སྣ་ལ་དུ་བ་འཚུབ་མི་རུང”ཞེས་པའི་མན་ངག་དེ་ཉམས་སུ་བླངས་ནས་མིད་སྒོ་རུ་འཁྱིལ་ཡོང་བའི་འཆི་མ་ཚ་ཁུ་དེ། མིད་པའི་སྦུ་གུར་དྲངས་ནས་ག་ཤེད་གཏིང་ཟབ་ས་དང་རྒྱ་ཆེ་སའི་ལྟོ་བའི་ཡུལ་ལྗོངས་སུ་འཕངས་ཏེ་སྐར་ཆུང་གཙུག་ལག་ཁང་གི་སྒོ་རའི་ནང་དུ་རང་ཉིད་གཅིག་པུར་དུས་ཡུན་ཇི་ཙམ་བསྡད་པ་མི་དྲན་པའི་ངང་ནས་ཟིན་བྲིས་འདི་རྫོགས་ཚིག་བརྒྱབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号