ནམ་ཟླ་སྟོན་ལ་སླེབས་བྱུང་། ཁྱོད་རང་གང་དུ་ཡོད།


 བསྟན་པ་ཡར་འཕེལ།

ནམ་ཟླ་སྟོན་ལ་སླེབས་བྱུང་། ང་རང་ཕ་ཡུལ་དུ་ཐོན་ནས་ཡུན་རིང་འགོར། ངའི་སེམས་སུ། སྟོན་ཟླ་ནི་གྱེས་བྲལ་མཚོན་བྱེད་ཀྱི་དུས་ཚིགས་ཤིག་ངེས་པར་རེད་སྙམ། ངའི་ནང་སེམས་སུ་ལུས་པའི་གྱེས་བྲལ་གྱི་གདུང་བ་མཐའ་དག་ལ་སུ་ཞིག་གིས་གཡབ་མོ་བྱས་སོང་བའི་ཟོལ་གྱིས་ཇེ་གསལ་ནས་ཇེ་གསལ་དུ་གྱུར། སྐབས་འདིར་ངས་རྫོགས་མི་ཚར་བའི་གྱེས་བྲལ་གྱི་གླེགས་བམ་ལས་ཁྱོད་རང་མཐོང་བྱུང་། ཁྱོད་ཀྱི་རྒྱབ་གཟུགས་མཐོང་བྱུང་། ཁྱོད་ཀྱིས་མི་ཚོགས་བརྒྱ་འདུས་སྟོང་འདུས་ཀྱི་ཁྲོད་ནས་བོད་ལྭ་གྲལ་དག་ཅིག་གྱོན་ཞིང་། བོད་ཡིག་ཕབ་པའི་ཁུག་མ་ཞིག་ཁུར་ཏེ་དཔེ་ཁང་དུ་བསྐྱོད་པ་དང་། སློབ་ཁང་དུ་བསྐྱོད་པ། མལ་ཁང་དུ་བསྐྱོད་པ་སོགས་རྒྱབ་གཟུགས་མང་པོ་ཞིག་སྟོན་གྱི་སྡོང་ལོ་བཞིན་ངའི་མིག་ལམ་དུ་བབས་བྱུང་།

ང་རང་མཐའ་མི་མངོན་པའི་ཕ་ཡུལ་གྱི་རྩྭ་ཐང་དུ། མིག་ཟུང་རྒྱང་རིང་ལ་ཕྱོགས་ཏེ། གང་ཞིག་ལ་འཁྱར་འདོད་ཀྱི་འདུན་པས་འདས་ཟིན་པ་དང་འོང་བཞིན་པའི་གཏམ་རྒྱུད་མང་པོ་ཞིག་དྲན། གྲོགས་པོ་ཞིག་གིས་སྐད་འཕྲིན་རྒྱབ་ལོགས་སུ་ལོ་ཟླ་མང་པོའི་སྔོན་གྱི་འདྲ་པར་མང་པོ་ཞིག་བཏང་འདུག འདྲ་པར་དེ་དག་ནི་ནམ་ཡང་ཕྱིར་ལྡོག་ཐབས་མེད་པའི་གཞོན་པའི་ལོ་ཟླ་རེད་ལ། ནམ་ཡང་ཐོན་ཐབས་མེད་པའི་རྒྱང་རིང་གི་རྒྱང་རིང་ཡང་རེད་ཨང་། ངས་དེ་ལྟར་རྒྱང་རིང་དང་འབྲེལ་བའི་གཏམ་རྒྱུད་མང་པོ་དྲན་ཞོར་མུ་མཐུད་དུ་རི་རྩེ་ཞིག་སྙེག་བཞིན་སོང་། སྟོན་རླུང་འདི་ཡང་གང་ཞིག་ལ་བྲེལ་བའི་ཟོལ་གྱིས་ནམ་མཁའི་སྤྲིན་པ་དེད་ཅིང་། རྩྭ་ཐང་འདིའི་རྩྭ་ལོ་དག་ཁྲིད་དེ་རྒྱང་ལ་ཆས་བཞིན་འདུག སྟོན་རླུང་གིས་སྐབས་སྐབས་སུ་ངའི་གདོང་ལ་བྱིལ་བྱིལ་བྱེད་ཅིང་། ཡང་སྐབས་སྐབས་སུ་ངའི་སྐྲ་ལོར་བྱིལ་བྱིལ་བྱེད། སྟོན་རླུང་གིས་རྒྱང་རིང་ལ་ཤོར་བའི་ངའི་རྨི་ལམ་དང་དྲན་གདུང་འདེད་ཅིང་འཕུར། ཁྱོད་གང་དུ་ཡོད། གང་དུ་ཡོད།

ཁྱོད་ཀྱི་ཕ་ཡུལ་དུའང་སྟོན་ཟླ་ཚེས་ཤིང་། ཁྱོད་ཀྱང་སྟོན་རླུང་གིས་དེད་དེ་གང་ཞིག་ཏུ་འགྲོ་བཞིན། ཁྱོད་རང་སྡོད་སའི་གྲོང་ཁྱེར་དུ་སྟོན་གྱི་སྡོང་ལོ་འཐོར་ཞིང་། སྟོན་རླུང་ཕྲ་མོ་དེ་གྲོང་ཁྱེར་གྱི་བཞི་མདོ་རེ་རེར་ལྡང་བཞིན་འདུག་གམ།

ཁྲུང་ཁྲུང་ཁྱུ་གཅིག་ངའི་མགོ་ནས་འཕུར་ཞིང་ལྷོ་ཕྱོགས་སུ་བཞུད། ལྷོ་བཞུད་ཀྱི་ཁྲུང་ཁྲུང་གིས་དབྱར་གཞུང་འདིའི་དྲོད་འཇམ་དང་། སྤང་ཐང་དུ་གང་འདོད་ལྟར་སྐྱེས་པའི་ཤ་མོ། དྭངས་ཤིང་གསལ་བའི་རྩྭ་རྩེའི་ཟིལ་བ། རི་རྩེར་འཁྱུད་པའི་དར་དཀར་གྱི་སྨུག་པ་སོགས་གཅིག་ཀྱང་མ་ཆད་པར་ཁྱེར་ནས་འགྲོ་བཞིན་འདུག ཁྲུང་ཁྲུང་གིས་རྩྭ་ཐང་གི་པང་དུ་ལུས་པའི་བྱིས་པ་རྣམས་ཀྱི་རྒྱབ་ལའང་ཁུག་མ་རེ་བཏགས་ཏེ་རྫོང་མཁར་དུ་དེད།  

ད་ནི་དབྱར་སར་སོང་བའི་ནུ་བོ་བཟའ་ཟླ་གཉིས་ཀྱང་ཁྲུང་ཁྲུང་གིས་དེད་དེ་ཡོང་གིན་ཡོད་ངེས། ཁྱོད་ཀྱང་ཁྲུང་ཁྲུང་གིས་ཁུར་ཏེ། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་རྒྱབ་ཏུ་བསྐྱུར་ཞིང་། ཁང་བརྩེགས་དང་གཞུང་ལམ་གྱིས་གྲུབ་པའི་གྲོང་ཁྱེར་དུ་ཐོན་ཡོད་དམ།  སྟོན་ཟླས་གྱེས་བྲལ་དང་མཇལ་འཛོམས་གཞན་ཞིག་གི་མགོ་འཛུགས་བཞིན་འདུག ངས་ཁྱོད་རང་དྲན་བྱུང་། ང་ནི་རྩྭ་ཐང་འདི་ནས་རེ་སྒུག་དང་འཁྲེང་ཞེན་ངང་ལུས།

ངས་སྟོན་ཟླ་དང་རྒྱང་རིང་གཉིས་ཀྱི་བར་ན་འབྲེལ་བ་ཅི་ཞིག་ཡོད་དམ་སྙམ་ཞིང་། བསམ་གཞིག་དང་སྐྱོ་གདུང་གི་རྟ་ཁྱུ་འདེད་ཞོར་རི་སྐེད་དུ་སླེབས། རི་སྐེད་ནས་ངལ་གསོ་ཞོར་རི་ཞོལ་དུ་བལྟས་ཚེ། བག་ཕེབས་ངང་བཞུགས་པའི་ངའི་རུ་སྡེ་མིག་འོག་ཏུ་ལོན། བག་ཕེབས་ངང་བཞུགས་པའི་རུ་སྡེ་འདིར་ང་ལ་བྱམས་དང་བརྩེ་བས་སྐྱོང་མཁན་གྱི་ཕ་མ་གཉིས་བཞུགས་ལ། སྙིང་ཉེ་བའི་ནང་ཚགས་ཀུན་ཀྱང་བཞུགས། ཁོང་ཚོས་གནས་འདི་རུ་འདུ་ལོང་གི་འཁོར་ལོ་སྐོར་ཞིང་ཕ་ས་གོར་མོ་འདི་བརྟན་སྲུང་བྱས་པ་རེད་ཨང་།

ད་ལྟ་ངས་རི་སྐེད་འདི་ནས་ཁོང་ཚོའི་འཛུམ་མདངས་མཐོང་འོང་ལ། ཁོང་ཚོའི་སྐྱོ་ཡུས་ཀྱང་ཚོར་འོང་། ཁོང་རྣམས་ངའི་ཐག་ཉེ་ཐག་ཉེ་འདིར་ཡོད་མོད། ཐག་རིང་ཐག་རིང་ཞིག་ཏུ་འདུག་པའི་སྣང་བ་སྐྱེས། དེ་བས་ངས་ཁོང་རྣམས་ཀྱང་དྲག་ཏུ་དྲན་འོང་།

རླུང་ཇེ་ཐུ་རེད། ང་རང་མུ་མཐུད་དུ་རེ་རྩེ་སྙེག་གིན་སོང་། བྱང་ཕྱོགས་སུ་བལྟས་ཚེ། རི་རྩེ་སྐོར་ཞིག་ཁ་བས་གཡོག་ཡོད་པ་མཐོང་། ངའི་ཉམས་སྣང་ཞིག་ལ་ཕ་ཡུལ་དུ་སྟོན་དང་དགུན་མཉམ་དུ་ཚེས་བྱུང་བ་འདྲ། རྩྭ་ལོ་འཕུར་ཞིང་གྲང་རླུང་ལྡང་བྱུང་། ཁྱོད་ཀྱིས་དུས་ཚིགས་བཞི་ལས་ཆེས་སུན་ཞིང་གནོད་པ་ནི་སྟོན་ཟླ་རེད་ཟེར། སྟོན་ཟླ་ནི་རེ་སྒུག་དང་འཁྲེང་ཞེན་གྱིས་ཁེངས་པའི་དུས་ཚུགས་ཤིག་སྟེ། སེམས་པ་ཅིས་ཀྱང་གང་ཞིག་ལ་འཆོར་འགྲོ་བ་འདི་སྟོན་ཟླ་རེད། དགུན་དུས་སུ་གྲང་ངར་ཆེ་ཞིང་ལུས་སེམས་འཁྱག་ནའང་། ང་རང་སྟོན་ལས་དགུན་ལ་དགའ་ཞེས་བཤད་མྱོང་བ་དྲན་བྱུང་། ད་ལྟ་བསམ་བློ་བཏང་ན་སྟོན་ཟླ་ནི་དར་མ་ཁོ་ནས་མ་གཏོགས་མྱོང་མི་ཐུབ་པའི་དུས་ཚིགས་ཤིག་ཡིན་པ་འདྲ།

སློབ་ཆུང་སྐབས་སུ་དབྱར་དགུན་སྟོན་དཔྱིད་ཀུན་ལ་རེ་རེ་བཞིན་རྩོམ་རེ་འབྲི་དགོས་ཤིང་། སྐབས་དེར་ངས་སྟོན་ཁ་ཞེས་པའི་རྩོམ་དེ་རྩ་བ་ནས་འབྲི་ཤེས་མ་སོང་། ངས་བསམ་བློ་ཡུན་རིང་བཏང་ཡང་ངའི་འབྲི་དེབ་ཏུ་ཡིག་འབྲུ་གཅིག་ཀྱང་བབས་མ་སོང་བས། ངའི་ཕ་ཡུལ་དུ་དབྱར་དགུན་གཉིས་ལས་མེད་ཅེས་པའི་ཡི་གེ་དེ་རྣམས་ལས་གང་ཡང་འབྲི་མ་ཤེས། ཡང་བསམ་བློ་ཡུན་རིང་བཏང་མཐར་དགུན་ནི་རིང་ཞིང་དབྱར་ནི་ཐུང་ཞེས་པའི་ཡེ་གེ་དེ་རྣམས་ཁ་སྣོན་བྱས། ངས་གཏམ་རྒྱུད་དེ་ཁྱོད་ལ་བཤད་མྱོང་བ་དྲན་ནམ།

ལོ་ཞིག་གི་དགུན་ཁར་འུ་གཉིས་ཀྱིས་མཉམ་དུ་ཁ་བར་བསྒུགས་པ་དྲན་བྱུང་། ལོ་དེའི་དགུན་ཁར། ཡུན་རིང་མ་བབས་པའི་ཁ་བ་དེ་ཞོགས་པ་ཞིག་ལ་བབས། ཁྱོད་ཀྱིས་བོད་ལྭ་གྱོན་ཞིང་ཁ་ཐུམ་སྔོན་པོ་ཞིག་བརྒྱབ་ཏེ་ཐོན། གྲོང་ཁྱེར་འདི་ཆེས་ཡག་དུས་ཁ་བ་འབབ་དུས་རེད་ཟེར། ཁ་བའི་ཁྲོད་ཀྱི་གྲོང་ཁྱེར་ནི་གཉིད་དུ་ཡུར་བའི་བྱིས་པ་ལྟར་སྙིང་རྗེ་ཞིང་ཡིད་དུ་འོང་། ཁ་བའི་ཁྲོད་ཀྱི་གྲོང་ཁྱེར་ནི་ཕ་ཡུལ་དང་ཁ་ཐག་ཆེས་ཉེ་བ་ཁྱོད་ཀྱིས་ཚོར་མ་བྱུང་ངམ། ཁ་བས་གྲོང་ཁྱེར་གྱི་སྲ་ཞིང་མཁྲེགས་པའི་ཨར་འདམ་ལ་འཇམ་མཉེན་གྱི་ལྭ་བ་དཀར་པོ་རེ་སྐོན་ལ། བྲེལ་སྣང་གིས་རྒྱུག་པའི་མི་རྣམས་ཀྱི་གོམ་སྟབས་དེ་དལ་དུ་གཏོང་། ཁྱོད་ཀྱིས་དེ་ལྟར་སྨྲ་ཞིང་། ཕ་ཡུལ་གྱི་ཁ་བ་གྲོང་ཁྱེར་འདིར་ང་ལ་སྐོར་རྒྱག་ཏུ་ཐོན་བྱུང་ཞེས། རབ་དཀར་ཀྱི་ཁ་བའི་སྟེང་དུ་གོམ་པ་སྤོ་ཞོར་མདུན་དུ་རྒྱུག

ལོ་དེའི་དགུན་ཁར་འུ་གཉིས་ཀྱིས་གོམ་པ་བརྒྱབ་སྟེ། ཁྱོད་སྡོད་སའི་གྲོང་ཁྱེར་ཀྱི་ཆེས་མཐོ་བའི་རི་རྩེར་སོང་བ་དྲན་ནམ། སྐབས་དེར་ཁྱོད་ཀྱིས་ང་ལ། ཁྱོད་རང་གྲོང་ཁྱེར་འདི་དང་བྲལ་ཞིང་རྒྱང་ཐག་རིང་བའི་བྱང་ཕྱོགས་ཏེ། ཁྱོད་ཀྱི་ཕ་ཡུལ་དུ་སོང་ན། ང་ལ་སྐོར་རྒྱག་ཏུ་ཡོང་ངམ། གལ་ཏེ་མི་ཐོན་ན། ང་ལ་འཕྲིན་ཡིག་རེ་ངེས་པར་འབྲི་དགོས། འཕྲིན་ཡིག་ཏུ་ཁྱོད་ཀྱིས་ངའི་མིང་ལ་གྲོང་ཁྱེར་དུ་ལུས་པའི་འབྲོག་མོ་ཞེས་ཕྲིས། སྐབས་དེར་ང་རང་གྲོང་ཁྱེར་འདིར་ཡོད་ཀྱང་སྲིད། ཡང་ན་གྲོང་ཁྱེར་གཞན་ཞིག་ཏུ་ཡོད་ཀྱང་སྲིད། གློག་བརྙན་ཞིག་ཏུ་མིང་ལ་མགོ་དཀྲིས་དམར་པོ་ཞེས་པའི་དཔའ་མོ་ཞིག་ཡོད་དེ། མོའི་བརྩེ་དུང་དང་གདུང་བ། ཚེ་སྲོག་ཚུན་ཆད་ངེས་པར་བྱེ་ཐང་ལ་འཐིམ་དགོས་པ་བཞིན། ང་ཡང་གྲོང་ཁྱེར་འདིའམ་གཞན་ཞིག་ཏུ་ལུས་དགོས། ང་རང་གྲོང་ཁྱེར་དུ་འདུག་འདོད་མེད་མོད། ང་རང་ཕ་ཡུལ་དུའང་ལོག་ཐབས་མེད། ཕྱི་དྲོ་ཞིག་གི་རིང་ལ་འུ་གཉིས་རི་མཐོན་པོ་ཞིག་གི་རྩེར་འཛེགས་ཞོར་སྙན་ངག་དང་འདྲ་བའི་རབ་རིབ་ཀྱི་ཁ་བརྡ་གང་མང་བྱས།

རི་རྩེ་ནས་རྒྱང་རིང་ལ་བལྟས་ཚེ། གྲོང་ཁྱེར་དེ་ལག་ཏུ་བླངས་འདུག་སྟེ། སྲ་མཁྲེགས་ཀྱི་ཨར་འདམ་གྱིས་བཞེངས་པའི་ཁང་པ་རེ་རེ་ནི་རྩྭ་ལོ་བཞིན་ཚང་ཚིང་གིས་བཞད། རྒྱང་ཐག་རིང་བའི་མཚམས་སུ་རི་ཚོགས་མང་པོ་སྨུག་ཞགས་ཀྱིས་གཡོག རླངས་འཁོར་མང་པོ་གཞུང་ལམ་མི་འདྲ་བ་རེ་རེ་བརྒྱུད་དེ་རི་ཚོགས་ཀྱི་ཁོང་གསེང་ལ་ཡལ་ཞིང་། ཡང་སྨུག་ཞགས་ལས་ཐོན།

ངས་དེ་ལྟར་སྟོང་འདང་དང་ཕྱིར་དྲན་གྱི་རྟ་ཁྱུ་དེད་ཅིང་སྟོན་རླུང་དང་མཉམ་དུ་རི་རྩེར་ཐོན། ངས་རི་རྩེ་འདི་ནས་རྒྱང་རིང་ལ་བལྟས་ཚེ། མཐའ་མི་མངོན་པའི་རི་ཚོགས་ཀྱི་མུ་ཁྱུད་རྒྱང་རིང་ལ་འཐེན་འདུག རྒྱང་རིང་བའི་མཚམས་སུ་ས་གནམ་འདྲེས་ཤིང་། དེ་ལས་ཀྱང་རིང་བའི་གནས་ནི་རྒྱང་རིང་ཞེས་པའི་ཐ་སྙད་འདིས་ཁྱུར་མིད་བཏང་འདུག

སྟོན་ཁ་ཚེས་བྱུང་། ངས་ཁྱོད་རང་དྲན་བྱུང་།

༢༠༢༣ .༨ .༢༣

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号