གྲོ་སོ་ཕྱེ་མར་གྱི་འབུལ་སྲོལ་དང་མཚོན་དོན།
དེ་ཡང་ཕྱེ་མར་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ཙམ་ནས་སྤྱོད་སྲོལ་ཡོད་པས་དེའི་གོང་སྔ་མོ་ཞིག་ལ་དར་ཡོད་པར་མངོན་ཞིང་། སྐབས་དེ་དུས་ད་ལྟ་ལྟ་བུའི་རྒྱས་སྤྲོས་ཡོད་པ་མ་ངེས་ཀྱང་། ད་ལྟ་ཞིང་འབྲོག་ཁུལ་གྱི་ས་ཆ་འགའ་རེར་སྡེར་མའི་ནང་དཀར་གསུམ་མངར་གསུམ་བཏབ་པའི་ཕྱེ་མར་གྱི་སྟེང་དུ་མར་རྡོག་ལྷེབ་ཙམ་འཛུགས་སྲོལ་ཡོད་པ་ལྟ་བུ་མིན་ནམ་སྙམ་ལ། ད་ལྟའི་རྒྱས་སྤྲོས་ཀྱི་སྲོལ་ནི་རིམ་བཞིན་དར་བ་ཞིག་ཡིན་ནམ་སྙམ།
གྲོ་སོ་ཕྱེ་མར་ནི་བོད་རིགས་ཀྱི་ལོ་གསར་ཙམ་མ་ཟད་བཀྲ་ཤིས་པའི་རྟེན་འབྲེལ་གྱི་བྱེད་སྒོའི་རིགས་ལ་སྤྱོད་ཅིང་། དཔེར་ན་ཁང་གསོལ་དང་། གཉེན་སྒྲིག བང་གསོལ། སྐྱེས་སྐར་སོགས་རྟེན་འབྲེལ་གྱི་བྱེད་སྒོ་མང་པོར་གྲོ་སོ་ཕྱེ་མར་བེད་སྤྱོད་བྱེད་ཅིང་། གནའ་སྔ་མོ་མི་ཚོས་ལོ་གསར་དང་། རྟེན་འབྲེལ་དགའ་སྟོན་ཁག་ལ་གྲོ་ནས་ཀྱི་སྙེ་མའི་ཆུན་པོ་འབུལ་སྲོལ་ཡོད་པ་དེ་ཕྱིས་སུ་རིམ་གྱིས་འཕེལ་རྒྱས་སུ་བཏང་སྟེ། བསྟན་འཛིན་ཁལ་རུ་ཞེས་པའི་འབོ། (རྒྱ་མ་ཉི་ཤུ་རྩ་བརྒྱད་ཀྱི་འབོ)གཉིས་སོ་སོར་ཡ་གཅིག་གྲོ་དང་། ཡ་གཅིག་རྩམ་པས་བཀང་སྟེ་གྲོའི་སྟེང་ཚྭ་རྡོག་དང་། རྩམ་པའི་སྟེང་མར་རྡོག་ལྔའམ་གསུམ་འཇོག་ཅིང་། མི་རེ་རེས་བཏེགས་ནས་རྟེན་འབྲེལ་ཞུ་བའི་སྲོལ་ནས་རིམ་བཞིན་འབོ་ཉིས་སྦྲེལ་བཟོས་པར་ཚོན་རིས་བཀྲ་ཤིས་རྟགས་བརྒྱད་དམ། བཀྲ་ཤིས་རྫས་བརྒྱད། ནོར་བུ་ཆ་བདུན། རྟགས་བརྒྱད་བུམ་གཟུགས་བཅས་དང་། རི་མོ་བསྡུས་པར་ཡང་། ནོར་བུ་མེ་འབར་དང་། ནོར་བུ་དགའ་འཁྱིལ་སོགས་རྟེན་འབྲེལ་གྱི་ཚོན་རིས་ཀྱིས་རྣམ་པར་མཛེས་པར་བྱས་ཤིང་། འབོའི་ནང་གཡས་ངོས་གྲོ་ཡོས་བྱུར་ཁེངས་དང་། གཡོན་ངོས་ཕྱེ་མར་བྱུར་ཁེངས་སུ་བླུགས་པའི་སྟེང་། ཤིང་གི་བྱང་བུར་མར་ཚོན་གྱི་མཐུན་པ་སྤུན་བཞིའམ། ཚེ་རིང་དྲུག་སྐོར། རྟགས་བརྒྱད་བུམ་གཟུགས་བཅས་དང་། བསྡུས་པར་མེ་ཏོག་དང་། ཉི་ཟླ་མེ་རིས་སོགས་ཀྱི་བརྒྱན་པ་དབུས་སུ་བཙུགས་པའི་མཐའ་སྐོར་གྲོ་ཡོས་དང་། ཕྱེ་མར་གྱི་ཐོག་ཏུ་བཙུགས་པའི་གྲོ་སྙེ་ཚོན་སྣ་དང་ལོ་གསར་མེ་ཏོག་གི་མཛེས་པར་བརྒྱན་ཞིང་། གྲོ་སོ་ཕྱེ་མར་འདི་ལོ་གསར་དང་། རྟེན་འབྲེལ་གྱི་བཀྲ་ཤིས་དགའ་སྟོན་སོགས་ལ་བེད་སྤྱོད་བྱེད་ཅིང་། ལོ་གསར་ལ་མཚོན་ན་གསར་དུ་བཞད་པའི་ལོ་འདིའི་ནང་བགེགས་མེད་བདེ་སྐྱིད་ལྡན་ཞིང་རང་གཞན་འཕྲལ་ཡུན་བདེ་བའི་སྨོན་འདུན་བཟང་པོ་མཚོན་པར་བྱའོ།།
གྲོ་སོ་ཕྱེ་མར་དང་ཆང་ཕུད་འབུལ་སྐབས། ལོ་གསར་ཡིན་ན་འབུལ་མཁན་གྱིས་བཀྲ་ཤིས་བདེ་ལེགས་ཞེས་འབུལ་བ་དང་། ལེན་མཁན་གྱིས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་གྲོ་སྐུ་ཁམས་བཟང་། གཏན་དུ་བདེ་བ་ཐོབ་པར་ཤོག གོང་ནས་གོང་དུ་འཕེལ་བར་ཤོག་ཅེས་པ་དང་། ལོ་གསར་མིན་པའི་རྟེན་འབྲེལ་སྐབས་ཕྱེ་མར་འབུལ་མཁན་དང་ལེན་མཁན་གཉིས་ཀས་བཀྲ་ཤིས་བདེ་ལེགས་ཞེས་ཞུ་སྲོལ་ཡོད།
གྲོ་སོ་ཕྱེ་མར་འབུལ་བའི་མཚོན་དོན་ནི། བོད་རིགས་ཀྱི་ས་ཁུལ་དུ་ཞིང་འབྲོག་གཉིས་ཀྱི་ཐོན་སྐྱེད་བྱེད་སྒོ་གཙོ་བོར་འཛིན་ཞིང་། ཞིང་པའི་ཐོན་སྐྱེད་ཀྱི་གཙོ་བོའམ་མཆོག་དེ་འབྲུ་རིགས་ཡིན་པ་དང་། བོད་རིགས་ཀྱི་ཟས་རིགས་གཙོ་བོ་རྩམ་པར་བརྟེན་ཞིང་། དེ་བཞིན་འབྲོག་པའི་ཐོན་སྐྱེད་ཀྱི་གཙོ་བོ་དཀར་ཆུ་ཡིན་ཞིང་དེའི་སྙིང་པོ་མར་ལགས་པས་ཞིང་འབྲོག་གི་ཐོན་ཁུངས་གཙོ་བོ་རྩམ་པ་དང་མར་ཡིན་པ་དེ་བོད་རིགས་ལ་མེད་དུ་མི་རུང་བའི་ཟས་རིགས་དང་འཚོ་བའི་དགོས་མཁོའི་ནང་ཨང་དང་པོར་གནས་པའི་རྒྱུ་མཚན་ཡོད་པ་བཅས་ཀྱི་རྟེན་འབྲེལ་གྱི་ཐོག་མར་ཁ་ལ་ཕྱེ་མར་ཟ་དགོས་པ་དང་། འབྲུ་རིགས་ནས་ལས་བཙོས་པའི་ཆང་ཕུད་སྟོར་བྱེད་པ་ནི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུས་ཡུན་རིང་མོ་ནས་གོམས་སྲོལ་དུ་གྱུར་པའོ།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注