༄༅། །ཨ་མདོའི་དམངས་གླུ་གཅེས་བསྡུས་ལས་ཁ་མཚར་གྱི་སྐོར།
མཐོ་ལ་དགུང་སྔོན་གནམ་འདི་མཐོ། །
བྱིང་ལ་ཐང་དཀར་རྒོད་འདི་བྱིང༌། །
མཐོ་བྱིང་འཛོམས་པའི་སྐུ་རེ་བསྟོད། །
བདེ་ལ་དཀར་ཡག་ཐང་འདི་བདེ། །
མགྱོགས་ལ་ཁ་དཀར་རྐྱང་འདི་མགྱོགས། །
བདེ་མགྱོགས་འཛོམས་པའི་སྐུ་རེ་བསྟོད། །
དཔའ་ལ་དམར་ཡག་སྟག་འདི་དཔའ། །
ཕྱུག་ལ་ཙན་དན་ནགས་འདི་ཕྱུག །
དཔའ་ཕྱུག་འཛོམས་པའི་སྐུ་རེ་བསྟོད། །
མི་རྒྱུད་དེད་དེ་ཡོང་ནི་ཡིན།
རྒྱ་རྫོང་ནགས་ཀྱི་བྱ་བརྒྱ་ཚོ། །
སིལ་ཏོག་ལོ་མའི་བར་ནས་འཁོར། །
ངས་སིལ་ཏོག་དེད་དེ་ཡོང་ནི་མིན། །
བྱ་བརྒྱ་དེད་དེ་ཡོང་ནི་ཡིན། །
སྐྱེད་མོའི་ཚལ་གྱི་བུང་བ་ཚོ། །
མེ་ཏོག་བཀྲ་བའི་བར་ནས་འཁོར། །
ངས་མེ་ཏོག་དེད་དེ་ཡོང་བ་མིན། །
བུང་བ་དེད་དེ་ཡོང་བ་ཡིན། །
ཁྲོམ་པའི་གྲལ་གྱི་ན་ཟླ་ཚོ། །
ཟས་ཆང་བཤམས་པའི་བར་ནས་འཁོར། །
ངས་ཟས་ཆང་དེད་དེ་ཡོང་ནི་མིན། །
མི་རྒྱུད་དེད་དེ་ཡོང་བ་ཡིན། །
སྙིང་སྟོབས་མེད་ན་དཀའ་མོ་རེད།
སྟག་དར་མ་མཚལ་གྱི་ཐིག་ལེ་ཅན། །
གོས་གོང་བའི་ཁ་ལ་སྤྲོད་རྐྱང་རེད། །
མིན་ཨ་ལ་ན་ཟླ་ཀུ་རེ་ཡིན། །
དཔའ་སྙིང་སྟོབས་མེད་ན་དཀའ་མོ་རེད། །
ཕ་ཕྱུག་པོའི་བུ་མོ་འཛུམ་ཡག་མ། །
རྒྱན་བཏགས་ནས་གནས་ལ་འགྲོ་རྐྱང་རེད། །
མ་ཁོག་ཤེས་མེད་ན་དཀའ་མོ་རེད། །
སྐད་སྙན་པའི་གླུ་བ་ལས་ཅན་པོ། །
མགོ་ཝ་མོ་གོན་ནས་རྩེ་རྐྱང་རེད། །
མིན་ཨ་ལ་གླུ་བ་ཀུ་རེ་ཡིན། །
གླུ་མེད་ན་དེ་ཡང་དཀའ་མོ་རེད། །
མ་བུ་མོ་ཞིག་ལ་འཛོམ་རྒྱུ་ན། །
བྱ་ངང་བ་སེར་པོའི་ཡག་བཞིན་འདི། །
བན་སེར་མོ་ཞིག་ལ་འཛོམ་རྒྱུ་ན། །
རྒྱབ་ཆོས་གོས་མི་དགོས་རང་གྲུབ་རེད། །
གླག་ཁྲ་མོ་འཕུར་བའི་བདེ་མྱུར་འདི། །
སྟག་ཤ་ར་ཞིག་ལ་འཛོམ་རྒྱུ་ན། །
སྐེད་གྲི་ཆུང་མི་དགོས་རང་གྲུབ་རེད། །
བྱ་རྨ་བྱའི་རྒྱབ་ཀྱི་ཐིག་ལེ་འདི། །
རྒྱན་གཡུ་བྱུར་མི་དགོས་རང་གྲུབ་རེད། །
སོས་དལ་དུས་ན་ཟླ་འགྲིག་མཐུན་གྱིས། །
བུ་བུ་མོས་ཉོན་དང་གླུ་རེ་ལེན། །
ཡུལ་ཕ་མ་གཉིས་ལ་བརྩི་བཀུར་གྱིས། །
ཡུལ་ཕ་མ་དགུང་གི་ཉི་ཟླ་འདྲ། །
ཕྱིར་འཁོར་རེ་འཆར་ཁ་དཀའ་མོ་རེད། །
སྤུན་ན་ཟླས་ཉོན་དང་གླུ་རེ་ལེན། །
སྤུན་ན་ཟླ་ལ་ཁའི་དགོ་བ་འདྲ། །
ཕྱིར་འཁོར་རེ་འདུ་ཁ་དཀའ་མོ་རེད། །
གླུ་དཀའ་རབ་བཤད་ན་དེ་འདྲ་རེད།
རྗེ་ལྷ་སྐུ་བཞེངས་པའི་ལྷ་བཟོ་ཚོ། །
གསེར་གྱོང་ལ་མ་གཏོང་ཏན་ཏན་གྱིས། །
གསེར་ས་རྡོའི་བར་ནས་རྙེད་ནོ་རེད། །
ཆུ་བྱེ་མའི་ནང་ནས་བཙགས་ནི་རེད། །
གསེར་དཀའ་རབ་བཤད་ན་དེ་འདྲ་རེད། །
ཁྲོམ་ཆེན་པོའི་གྲལ་གྱི་ན་ཟླ་ཚོ། །
ཆང་གྱོང་ལ་མ་གཏོང་ཏན་ཏན་གྱིས། །
ནས་རི་ཞོལ་ཁུག་ལ་བཏབ་ནོ་རེད། །
རྫ་མའི་རྔུལ་ཆུ་བསོགས་ནི་རེད། །
ཆང་དཀའ་རབ་བཤད་ན་དེ་འདྲ་རེད། །
ཕྱི་ཁྲོམ་པའི་གྲལ་གྱི་ཨ་ཁུ་ཚོ། །
འུར་མ་རྒྱག་གླུ་ལ་ཉན་ཡག་གྱིས། །
གླུ་རིག་པའི་སྟེང་ནས་བསྒྲིགས་ནོ་རེད། །
སྐད་མིད་ཐག་ནང་ནས་བཀུག་ནི་རེད། །
གླུ་དཀའ་རབ་བཤད་ན་དེ་འདྲ་རེད། །
ཕྱུག་པོའི་རྒྱུ་ལ་མ་སྨོན་དང༌། །
ཕྱུག་རྒྱུ་ནོར་རྩྭ་མགོའི་ཟིལ་བ་འདྲ། །
རྟག་མི་རྟག་གཉི་ག་ཡོད་ནི་རེད། །
མེད་པོའི་བུ་ལ་མ་འཕྱ་དང༌། །
མེད་ཟེར་བ་འཛམ་གླིང་ཉི་མ་འདྲ། །
ཤར་མི་ཤར་གཉི་ག་ཡོད་ནི་རེད། །
རྒྱུ་འབྲས་མེད་པ། །
བླ་མ་དཔོན་པོ་གྲྭ་བ་གསུམ། །
ཆོས་ཀུན་རིག་གསུང་ནོ་བླ་མ་རེད། །
ཤ་ཚོན་པོ་ཟ་ནོ་དཔོན་པོ་རེད། །
ཁུར་ལྩི་མོ་འཁུར་ནོ་གྲྭ་བ་རེད། །
ལས་རྒྱུ་འབྲས་མེད་ཚུལ་དེ་འདྲ་རེད། །
ཨ་ནེ་མནའ་མ་བུ་མོ་གསུམ། །
ཇ་ཁོལ་མགོ་འཐུང་ནོ་ཨ་ནེ་རེད། །
གཡུ་བྱུ་རུ་འདོགས་ནོ་བུ་མོ་རེད། །
ཁྱིམ་ལས་ཀ་ལས་ནོ་མནའ་མ་རེད། །
མ་བུ་མོ་སློང་ན་ངོ་ལ་ལྟོས། །
རྟ་འདོ་བ་ཉོ་ན་དྲུག་ལ་ལྟོས། །
ཤ་དང་ཤེད་མོ་དྲུག་ན་ཡོད། །
འགྲོས་དང་གོམ་པ་ཞོར་ན་ཡོད། །
མཛོ་ཁྱུང་དཀར་ཉོ་ན་གཉའ་ལ་ལྟོས། །
ཤ་དང་ཤེད་མོ་གཉའ་ན་ཡོད། །
ཞིང་དང་རི་ཞོལ་ཞོར་ན་ཡོད། །
ཡག་དང་མོ་སྒོ་ངོ་ན་ཡོད། །
ལག་དང་ལས་ཀ་ཞོར་ན་ཡོད། །
གསེར་གྱི་རི་མོ་ཁ་ན་ཡོད། །
ཕ་ཨ་ཁུའི་ལག་ན་གསེར་ཅན་(ཅ་ནེ)ཡོད། །
འཁོར་ལོ་རྩིབས་བརྒྱད་རང་གྲུབ་རེད། །
སྤུན་ན་ཟླའི་ལག་ན་དངུལ་ཅན་ཡོད། །
དངུལ་གྱི་རི་མོ་སྐེད་ན་ཡོད། །
བཀྲ་ཤིས་རྟགས་བརྒྱད་རང་གྲུབ་རེད། །
མ་སྲུ་མོའི་ལག་ན་དུང་ཅན་ཡོད། །
དུང་གི་རི་མོ་ཞབས་ན་ཡོད། །
པད་མ་འདབ་བརྒྱད་རང་གྲུབ་རེད། །
སྦྲུལ་ཐད་དུ་ཁུར་ནས་ཡང་རེ་དགའ། །
བྱ་མི་གཅིག་བྱ་རྒྱལ་ཁྱུང་ཆེན་འདི། །
མགོ་གཡུ་ཐུར་གཡུ་བྱུར་ནོར་བུས་བརྒྱན། །
བྲག་མཐོན་པོར་བབས་ན་ཉམས་རེ་དགའ། །
རྟ་མི་གཅིག་རྒྱ་བྱ་སོག་དཀར་འདི། །
རྐང་སུག་བཞི་རླུང་དང་ནོར་བུས་བརྒྱན། །
ས་བྱང་ལམ་བརྒྱུད་ན་ཉམས་རེ་དགའ། །
ཐག་དི་རེ་བརྒྱུགས་ན་ཡང་རེ་དགའ། །
གླུ་མི་གཅིག་སྙན་མོ་ཚིག་གསུམ་འདི། །
ཚིག་རེ་རེ་བཀྲ་ཤིས་བསྟོད་པས་བརྒྱན། །
ཁྲོམ་ཆེན་པོའི་དཀྱིལ་ན་ཉམས་རེ་དགའ། །
གླུ་ཁ་མཚར་བླངས་ན་ཡང་རེ་དགའ། །
གླུ་ཁ་མཚར་གླུ་བའི་ཁ་ན་ཡོད། །
རྭ་ཆ་བརྒྱད་ཤ་བའི་མགོ་ན་ཡོད། །
གདོང་ཚ་ལ་ཕན་ཐོགས་ཅི་ཡང་མེད། །
མོག་ལྷ་རི་དཀའ་ལས་ཧ་ཅང་ཆེ། །
གྲ་དམར་པོ་ཝ་མོའི་རྒྱབ་ན་ཡོད། །
ཝ་རང་ལ་ཕན་ཐོགས་ཅི་ཡང་མེད། །
སྲོག་དམར་པོ་ཉེན་ཁ་ཧ་ཅང་ཆེ། །
གླུ་བར་ཕན་ཐོགས་ཅི་ཡང་མེད། །
སྐད་ཕྲ་མོར་དཀའ་ལས་ཧ་ཅང་ཆེ། །
ན་ཟླ་མང་བོ་ཁྲོམ་ལ་འདུས། །
ཁྲ་འདུས་གླག་འདུས་དགུང་ལ་འདུས། །
འདི་ཡང་ཡང་འདུ་བའི་སྨོན་ལམ་འདེབས། །
ཉ་འདུས་སྲམ་འདུས་མཚོ་ལ་འདུས། །
ནང་ན་ཟླ་མང་བོ་ཁྲོམ་ལ་འདུས། །
ཁྲོམ་པའི་ན་ཟླ་རྩེ་ཚུལ་ཡག །
ཡག་པོའི་ཡག་པོ་རྫ་ལུང་ཡག །
རྫ་ལུང་ཝ་མོའི་གྲ་ཁ་ཡག །
རླུང་བསེར་བུ་གཡུག་ན་ཇེ་ཡག་རེད། །
ཡག་པོའི་ཡག་པོ་སྤང་ཀ་ཡག །
སྤང་ཀའི་ལུ་གུའི་ཚ་རུ་ཡག །
རྩྭ་རྩི་ཏོག་རྒྱས་ན་ཇེ་ཡག་རེད། །
ཡག་པོའི་ཡག་པོ་ཁྲོམ་ན་ཡོད། །
གླུ་གར་འཛོམས་ན་ཇེ་ཡག་རེད། །
ལུག་རྫི་བོའི་སྣང་བ་སྐྱིད་དུས་རེད།
དཔྱིད་ཟླ་གསུམ་གྱི་དང་པོ་ལ། །
སྔོ་རྩི་སྨན་མིག་གིས་རིག་དུས་རེད། །
ལུག་ཚེར་མོའི་བལ་ཁ་ཕྲ་དུས་རེད། །
ལུག་རྫི་བོའི་སྣང་བ་སྐྱིད་དུས་རེད། །
དབྱར་ཟླ་གསུམ་གྱི་དང་པོ་ལ། །
འབྲི་ཐུལ་མའི་ནུ་ཁ་གང་དུས་རེད། །
བཞོས་བཏང་ན་འོ་མ་མང་དུས་རེད། །
མ་བུ་མོའི་སྣང་བ་སྐྱིད་དུས་རེད། །
སྟོན་ཟླ་གསུམ་གྱི་དང་པོ་ལ། །
རྟ་གྲོ་རིས་དྲུག་ཁ་མཐོ་དུས་རེད། །
བཞོན་བཏང་ན་བྱང་ལམ་ཆོད་དུས་རེད། །
སྟག་ཤ་རའི་སྣང་བ་སྐྱིད་དུས་རེད། །
གླུ་བ་ནོར་བུའི་དངོས་གྲུབ་རེད། །
དགུང་སྔོན་པོ་ཡིད་བཞིན་ནོར་བུ་རེད། །
འབྲུག་ཕོ་ཆུང་ནོར་བའི་རྒྱན་ཆ་རེད། །
ཆར་བསིལ་མ་ནོར་བུའི་དངོས་གྲུབ་རེད། །
རྫ་ཁྲ་ཡག་ཡིད་བཞིན་ནོར་བུ་རེད། །
རྩྭ་རྩི་ཤིང་ནོར་བུའི་རྒྱན་ཆ་རེད། །
རྟ་ནོར་ལུག་ནོར་བུའི་དངོས་གྲུབ་རེད། །
ཁྱིམ་གནས་ཁང་ཡིད་བཞིན་ནོར་བུ་རེད། །
འབྲུ་དྲུག་མོ་ནོར་བུའི་རྒྱན་ཆ་རེད། །
ང་གླུ་བ་ནོར་བུའི་དངོས་གྲུབ་རེད། །
མགོ་ཝ་ཞྭ་གྲ་ཁ་ཡག་ན་འདོད། །
བུ་མགོ་སྟོང་ཅན་ལ་འདོད་གསུམ་ཡོད། །
བོའུ་རྭ་རིང་རྭ་ཁ་རིང་ན་འདོད། །
མདའ་ལི་མའི་ཁ་གྲངས་མང་ན་འདོད། །
བུ་མགོ་སྟོང་ཅན་གྱི་འདོད་པ་རེད། །
མ་ཀླད་མེད་ཅན་ལ་འདོད་གསུམ་ཡོད། །
གོས་ཚ་རུའི་སྲམ་ཁ་ཆེ་ན་འདོད། །
གཡུ་བྱུ་རུའི་ཁ་གྲངས་མང་ན་འདོད། །
གནས་ཀྱི་ཨ་ནེ་བཟང་ན་འདོད། །
མ་ཀླད་མེད་ཅན་གྱི་འདོད་གསུམ་ཡིན། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注