གནས་འདི་ནས་སྤུ་ཧྲེང་རྒྱན་གོས་ཀྱི་ངོ་མཚར་གླུ་རུ་ལེན།

སྤུ་ཧྲེང་ཞེས་པ་ནི་ཞང་ཞུང་གི་སྐད་ཡིན་ཞིང་། བོད་སྐད་དུ་གངས་རི་ཞེས་ཟེར། མུ་ལ་མུ་ཁྱུད་དུ་སྦྲེལ་བའི་ལྷ་མོ་གངས་རིས་བསྐོར་བའི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ནི་རི་བོ་ཧི་མ་ལ་ཡའི་ལྷོ་ཕྱོགས་ཀྱི་གྲོག་རོང་དུ་ཆགས་ཤིང་། རྒྱ་གར་དང་བལ་པོའི་ས་མཚམས་སུ་གནས་པའི་མཐའ་མཚམས་རྫོང་ཞིག་ཡིན། དེ་གར་ལྷུང་ལྷུང་དུ་འབབ་པའི་རྨ་བྱ་ཁ་འབབ་དང་། གངས་དཀར་གྱི་ཅོད་པན་བཞེས་པའི་གངས་ཏི་སི། གཡུ་ལྟར་སྔོ་བའི་མ་ཕམ་གཡུ་མཚོ་སོགས་ཡོད་པས། མི་རྣམས་ཀྱི་བློ་ཁ་ཕྱོགས་ས་ཞིག་ཏུ་གྱུར་ཡོད། དེ་བས་སྤུ་ཧྲེང་གི་རྒྱན་གོས་ནི་ཀུན་གྱི་ཡིད་སེམས་འཆོར་བའི་ཐུན་མིན་གྱི་རྒྱན་གོས་ཤིག་ཡིན་སྟབས། སྐྱེ་བོ་མང་པོ་གང་དེའི་ངོ་མཚར་ལ་ལྟ་ཕྱིར་སྤུ་ཧྲེང་དུ་ཡོང་གི་ཡོད།

སྤུ་ཧྲེང་གི་རྒྱན་གོས་ནི་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོར་ཉར་ཚགས་བྱས་ཡོད། གསར་འགོད་པ་སྤུ་ཧྲེང་དུ་སླེབས་པའི་ཉིན་གཉིས་པའི་ཞོགས་པར། སྤུ་ཧྲེང་རྫོང་གྲོང་ནས་ཐོན་ཏེ་རྨ་བྱ་ཁ་འབབ་ཀྱི་ཤང་ཤང་བཞུར་སྒྲ་དང་འགྲོགས་ནས་འཁོར་ཆགས་གྲོང་ཚོར་བསྐྱོད།

འཁོར་ཆགས་གྲོང་ཚོ་ནི་འཁོར་ཆགས་དགོན་པ་ཆགས་ཡུལ་དུ་གནས་པས། དགོན་མིང་ཡུལ་ལ་ཐོགས་པ་ཞིག་ཡིན་པར་སེམས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྩེ་ནས་ཤར་བའི་ཞོགས་པའི་ཉི་གཞོན་སེར་ལྷམ་མེར་འཕྲོས་པ་ལས་འཁོར་ཆགས་དགོན་པ་དང་འཁོར་ཆགས་གྲོང་ཚོར་སྐྱེ་སྟོབས་ཀྱི་དཔལ་ཡོན་རབ་ཏུ་རྒྱས་ཤིང་། དགོན་པའི་མདུན་དུ་ཡོད་པའི་ཐང་གཞོང་དུ་ཡུལ་སྐོར་བའི་རླངས་འཁོར་གཅིག་རྗེས་གཉིས་མཐུད་ཀྱིས་བསླེབས་པ་དང་བསྟུན་ནས་གྲོང་ཚོ་དེ་ཡང་རིམ་གྱིས་འཁྲུག་ཆ་དོད་པར་གྱུར།

དགོན་པའི་སྒོ་རའི་ནང་དུ་འཁོར་ཆགས་གྲོང་ཚོའི་གྲོང་མི་པ་སངས་བུ་ཁྲིད་དང་པ་སངས་མཚམས་གཅོད་ཀྱིས་ཕར་རོགས་ཚུར་རོགས་བྱས་ནས་སྤུ་ཧྲེང་གི་རྒྱན་གོས་ཀླུབ་བཞིན་མཆིས། ཡུད་ཙམ་ལས་མ་སོང་བར་མེ་ཏོག་ལ་བུང་བ་འཁོར་བ་ལྟར་ཡུལ་སྐོར་བ་མང་པོས་ཁོང་གཉིས་ཀྱི་མཐའ་ནས་བསྐོར་ཞིང་། པར་ཆས་ལས་ཚག་སྒྲ་རྒྱུན་ཆད་མེད་པར་གྲགས། བུད་མེད་གཉིས་ཀྱིས་མི་རབས་ནས་མི་རབས་བརྒྱུད་པའི་སྤུ་ཧྲེང་གི་རྒྱན་གོས་ཀྱི་ཆ་བྱད་རེ་རེ་བྱང་ཆ་དོད་པོས་རང་གི་ལུས་ལ་བཀླུབས་ཟིན་དུས། ལོ་རྒྱུས་ཡུན་རིང་ལྡན་པའི་སྤུ་ཧྲེང་རྒྱན་གོས་ཀྱི་ངོ་མཚར་མ་ལུས་གསར་འགོད་པའི་མིག་ལམ་དུ་ཁྲ་ལྷམ་མེར་འཆར་བ་དང་སྦྲགས་དགོན་པའི་སྒོ་ར་ཆུང་ངུ་དེར་ངོ་མཚར་བའི་འབོད་པ་ཡུན་རིང་གྲགས།

པ་སངས་མཚམས་གཅོད་ཀྱིས་རང་གི་ལུས་ལ་བཀླུབས་པའི་སྤུ་ཧྲེང་གི་རྒྱན་གོས་ངོམ་སྟོན་བྱེད་བཞིན་གསར་འགོད་པར་རྒྱན་གོས་ཀྱི་ཆ་ཤས་རེ་རེ་ངོ་སྤྲོད་བྱས། “སྤུ་ཧྲེང་གི་རྒྱན་གོས་ཀྱི་བཟོ་ལྟ་ནི་རྨ་བྱའི་སྒྲོ་མདོངས་ཞལ་ཁ་ཕྱེ་བ་དང་འདྲ་ཞིང་། རྒྱུ་སྤུས་ཤིན་ཏུ་དག ད་བར་རྒྱུན་འཛིན་བྱས་ནས་ལོ་ངོ་ཆིག་སྟོང་ལྷག་ཙམ་འགྲོ་ཡི་ཡོད་པས། རྒྱན་གོས་ཚང་མ་རིན་ཐང་བྲལ་བ་ཤ་སྟག་རེད”ཅེས་པ་སངས་མཚམས་གཅོད་ཀྱིས་སྤོབས་སེམས་ཆེན་པོས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤུ་ཧྲེང་གི་རྒྱན་གོས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད་པ་དང་། ད་ལྟ་རྒྱན་གོས་ཆ་བརྒྱད་ལས་མེད་པ་དེ་དག་ཚང་མ་འཁོར་ཆགས་གྲོང་ཚོར་ཡོད་ཅིང་། རྒྱན་གོས་ཆ་རེ་རེ་ནི་གསེར་དང་། དངུལ། སྤོས་ཤེལ། བྱུ་རུ། གཡུ་སོགས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་། རྒྱན་གོས་ཧྲིལ་པོར་ལྗིད་ཚད་སྤྱི་རྒྱ20ལྷག་ཙམ་ཡོད་པ་རེད།

“སྤུ་ཧྲེང་ཡུལ་དུ་ལོ་གསར་གཏོང་སྐབས་དང་། འཁོར་ཆགས་དགོན་པའི་དུས་ཆེན་གྱི་སྐབས་སུ་སྤུ་ཧྲེང་གི་རྒྱན་གོས་གྱོན་ནས་ཤོན་འཁྲབ་སྲོལ་ཡོད། གལ་སྲིད་ཡུལ་སྐོར་བས་སྤུ་ཧྲེང་གི་རྒྱན་གོས་ལ་ལྟ་འདོད་ཡོད་ཚེ། ང་ཚོས་རིན་པ་ངེས་ཅན་བླངས་ནས་རྒྱན་གོས་གྱོན་ཏེ་པར་རྒྱག་ཏུ་འཇུག་གི་ཡོད”ཅེས་པ་སངས་བུ་ཁྲིད་ཀྱིས་དཔུང་པ་གཡས་པར་དཔྱངས་པའི་དཀར་ལེབ་སྟོད་དུ་གཟེངས་ཙམ་གཟེངས་ཙམ་བྱེད་ཀྱིན་དེ་ལྟར་བརྗོད། དེང་གི་ཆར། མི་རབས་གོང་མ་ནས་ཇི་ལྟར་བརྒྱུད་པ་དེ་ལྟར་ཉམས་མེད་དུ་ཉར་ཚགས་བྱས་པའི་སྤུ་ཧྲེང་གི་རྒྱན་གོས་ནི་དུས་རབས་ཀྱི་འཕེལ་རྒྱས་དང་འགྲོགས་ནས་གངས་དཀར་ལྷུན་པོའི་མུ་ཁྱུད་ལས་བརྒལ་ཏེ་འཛམ་གླིང་སྐྱེ་རྒུའི་མིག་གི་དགའ་སྟོན་དུ་ཤར་ཞིང་། སྲོལ་རྒྱུན་རིག་གནས་ཀྱི་ཟུངས་ཤུགས་མ་ཉམས་པར་མུ་མཐུད་དེང་རབས་ཀྱི་གར་སྟེགས་སུ་ལང་ལིང་གི་སྟངས་སྟབས་ཅི་དགར་འགྱུར་བཞིན་མཆིས།

པ་སངས་མཚམས་གཅོད་ནི་སྤུ་ཧྲེང་གི་རྒྱན་གོས་ཀྱི་རྒྱུན་འཛིན་པ་ཆུང་ཤོས་ཤིག་ཡིན། “ཆུང་དུས་རྒྱན་གོས་འདི་སྙིང་རྗེ་པོ་ཞིག་འདུག་བསམ་གྱི་ཡོད། རང་ཉིད་རྒྱུད་འཛིན་པ་ཞིག་བྱས་ནས་རྒྱན་གོས་འདི་དངོས་སུ་ལུས་ལ་གྱོན་དུས་གཞི་ནས་རྒྱན་གོས་འདིའི་རིན་ཐང་རྟོགས་བྱུང་། འདི་ནི་ང་ཚོའི་ཁྱིམ་རྒྱུད་ལ་དབང་བ་ཞིག་རེད”ཅེས་པ་སངས་མཚམས་གཅོད་ཀྱིས་རང་ཉིད་ལོ17ལ་སླེབས་དུས་སྤུ་ཧྲེང་གི་རྒྱན་གོས་ཐོག་མར་གྱོན་དུས་ཀྱི་བསམ་ཚུལ་བརྗོད། མ་གཞི་པ་སངས་མཚམས་གཅོད་དམའ་རིམ་སློབ་འབྲིང་ལས་འགྲིམས་མྱོང་མེད་ཀྱང་ཁོ་མོས་གསར་འགོད་པ་དང་ཡུལ་སྐོར་བས་དྲིས་པའི་སྐད་ཆར་རྒྱ་བོད་གཉིས་ཀའི་ལམ་ནས་ཐོགས་པ་མེད་པར་ལན་འདེབས་ཐུབ་པས། ཁོ་མོ་ནི་སྤུ་ཧྲེང་གི་རྒྱན་གོས་ཀྱི་མགྲིན་ཚབ་པ་ཞིག་དང་གཉིས་སུ་མ་མཆིས། མཐའ་མཚམས་ཀྱི་མི་སེར་ཞིག་གི་ངོས་ནས། ད་ཆ་པ་སངས་མཚམས་གཅོད་ཀྱི་ཁྱིམ་ཚང་ལའང་སྲིད་ཇུས་རང་བཞིན་གྱི་ཁ་གསབ་སྣ་ཚོགས་ལེན་རྒྱུ་ཡོད་པ་མ་ཟད། སྤུ་ཧྲེང་གི་རྒྱན་གོས་ལ་བརྟེན་ནས་ཁྱིམ་གྱི་སྒོ་རྩར་ཡུལ་སྐོར་གྱི་ཡོང་འབབ་ཀྱང་གསོག་ཐུབ་ཀྱི་ཡོད། “ད་ཆ་ང་བུད་མེད་མཉམ་ལས་ཁང་གི་ལས་ཀར་ཞུགས་པ་དང་། སྤུ་ཧྲེང་གི་རྒྱན་གོས་འགྲེམས་སྟོན་བྱེད་པ་སོགས་ལ་བརྟེན་ནས་ཡོང་འབབ་མི་ཉུང་བ་གསོག་ཐུབ་ཀྱི་འདུག་པས། ཁྱིམ་ཚང་གི་འཚོ་བའང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ཡི་འདུག”ཅེས་པ་སངས་མཚམས་གཅོད་ཀྱིས་འཛུམ་དམུལ་དམུལ་ངང་ནས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། མི་རབས་ནས་མི་རབས་བརྒྱུད་པའི་ཁྱིམ་རྒྱུད་ཀྱི་མཆོག་ནོར་ཏེ། སྤུ་ཧྲེང་གི་རྒྱན་གོས་ནི་སྤྱི་ལོ2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་དུ་ཚུད་ཅིང་། མིག་སྔར་སྤུ་ཧྲེང་རྫོང་དུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག2དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག13 ས་གནས་དང་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག3 རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག16བཅས་ཡོད་པ་རེད།

སེར་ལྷམ་ལྷམ་གྱི་ཉི་འོད་དང་། དཀར་ཐིང་ཐིང་གི་སྡོད་ཁང་། དམར་ཆིལ་ཆིལ་གྱི་དགོན་པ་བཅས་ཚོན་སྣ་གསུམ་ལས་གྲུབ་པའི་འཁོར་ཆགས་གྲོང་ཚོ་ནི་རི་མོ་མཁན་གྱི་པིར་རྩེ་ལས་འཁྲུངས་པའི་ཚོན་ལྡན་རི་མོ་ཞིག་དང་མཚུངས་ཤིང་། “ཤར་གསུམ་ཤར་ནས་ཤར་བ། །ཤར་གྱི་དྲོད་འཇམ་ཉི་མ། །ཉི་མའི་འོད་ཟེར་ལེགས་མོ། །གནས་ཆེན་དབུ་ལ་ཤར་བྱུང་། །ཉི་མའི་འོད་ཟེར་ལེགས་མོ། །གངས་དཀར་རྩེ་ལ་ཤར་བྱུང་། །” སྤུ་ཧྲེང་གི་རྒྱན་གོས་བཀླུབས་པའི་པ་སངས་མཚམས་གཅོད་དང་པ་སངས་བུ་ཁྲིད་ཀྱིས་དལ་བ་དལ་བུར་བསྒྱུར་བའི་ཤོན་གྱི་སྟངས་སྟབས་དང་། སྐད་གདངས་དམའ་པོས་བླངས་པའི་ཤོན་གཞས་འདི་ནི་རི་མོ་དེ་ལ་ཆེད་དུ་སྒྲིག་སྦྱོར་བྱས་པའི་གླུ་གར་ཞིག་དང་འདྲ་ལ། འཁོར་ཆགས་གྲོང་ཚོའི་འདབས་ནས་རྒྱུག་པའི་རྨ་བྱ་ཁ་འབབ་ཀྱི་ཤང་ཤང་གི་སྒྲ་ནི་སྤུ་ཧྲེང་གི་རྒྱན་གོས་ཀྱི་ངོ་མཚར་གླུ་རུ་ལེན་པ་དང་ཀུན་ནས་མཚུངས་སོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号