བཟའ་བཏུང་དམངས་སྲོལ།

       

བཟའ་བཏུང་གི་བྱུང་བ།

བཟའ་བཏུང་ནི་ང་ཚོ་སྲོག་ལྡན་རྣམས་ལ་མཚོན་ན་འདི་ལས་ཉེ་བར་མཁོ་བ་ཞིག་མེད་པ་དང་། དེས་ལུས་པོའི་འཚོ་བཅུད་ཀྱི་དགོས་མཁོ་སྐོང་བཞིན་ཡོད་པར་མ་ཟད། རིག་གནས་ཀྱི་མཚོན་དོན་ཕུན་སུམ་ཚོགས་པ་ཅན་ཞིག་ཏུའང་གྱུར་ཡོད། དེའི་བྱུང་བ་དང་འཕེལ་རིམ་ལ་གཤམ་གསལ་གྱི་བཞེད་ཚུལ་འགའ་མཆིས་ཏེ། དང་པོ་ལྟར་ན་འབྱུང་བའི་ནུས་པ་ལ་བརྟེན་ནས་རང་བྱུང་གི་ནགས་ཚལ་ཆེན་པོ་ལ་མེ་སྐྱོན་བྱུང་བ་ལས་སྲོག་ཆགས་དང་རི་དྭགས་ཀྱི་བསྲེགས་ཤ་རྙེད། ཤ་དེ་རིགས་ནི་ཤ་རློན་ཟ་བ་དང་བསྡུར་ན་ཁ་ལ་ཞིམ་ཞིང་ཕོ་བར་འཇུ་སྐྱེན་པར་བརྟེན། མིའི་རིགས་ལ་ཐོག་མར་ཟས་རིགས་བཙོས་མ་ཟ་བའི་རིག་གནས་བྱུང་བ་རེད་ཅེས་དང་། གཉིས་པ་ལྟར་ནས་མི་ག་གེ་མོ་ཞིག་གིས་ཐོལ་བྱུང་དུ་དྲོད་སྐྱེད་དང་གཅན་གཟན་གདུག་རྩུབ་ཅན་དག་སྔོན་འགོག་འཇིགས་སྐྱེད་ཀྱི་མེ་ལས་རི་དྭགས་ཀྱི་ཤ་བསྲེགས་ལོན་པ་ལས་མིའི་རིགས་ཀྱིས་ཟས་རིགས་བཙོས་མ་བཟའ་བར་བརྩམས་ཞེས་གློ་བུར་བ་ཞིག་དང་སྟེས་དབང་ཞིག་ལ་སྦྱར་ནས་བཤད་པ་དང་། གསུམ་པ་ལྟར་ན་བཟའ་བཏུང་གི་བྱུང་བ་ནི་ངེས་པར་མིའི་རིགས་ཀྱིས་ཆེད་སྒྲུབ་ཀྱི་བྱེད་སྒོ་རིགས་ཤིག་ལ་བརྟེན་ནས་བྱུང་བ་མ་གཏོགས་གློ་བུར་བ་ཞིག་དང་སྟེས་དབང་ཞིག་གཏན་ནས་མིན་ཞེས་དང་། བཞི་པ་ལྟར་ན་བཟའ་བཏུང་གི་ཐོག་མའི་བྱུང་བ་ནི་ཆོས་ལུགས་ཆོ་ག་སོགས་སྤེལ་བ་དང་འབྲེལ་ནས་བྱུང་བ་རེད་ཅེས་ཀྱག་ཀྱོག་གི་རིམ་པ་མང་ཚུལ་གྱིས་བརྗོད་པ་སོགས་ལྟ་བ་མང་དུ་ཡོད་པ་དེ་དག་དང་། ད་དུང་བཤད་རྒྱུ་གཉིས་ཡོད་པ་ནི་བཟའ་བཏུང་སྤྱིའི་ཆེས་ཐོག་མ་དང་། ཟས་རིགས་བཙོས་མ་ཟོས་པའི་མགོ་ཁུངས་ཏེ། དེ་གཉིས་སྤྱི་བྱེ་བྲག་གི་ཁྱད་མ་གཏོགས་རིག་གནས་ཀྱི་གནད་གཅིག་ཏུ་འཁེལ་ངེས་ཤིང་། བོད་ཀྱི་བཤད་ཚུལ་ལ་སྲོག་ཆགས་མ་བྱུང་བའི་སྔོན་དུ་ཟས་རིགས་བྱུང་བ་དང་དེའི་གོང་དུ་བཏུང་བའི་རིགས་བྱུང་ངོ་ཞེས་ཡོངས་སུ་གྲགས་ལ《ཡན་ལག་བརྒྱད་པའི་སྙིང་པོའི་འགྲེལ་བ་ཟླ་ཟེར》ལས་ཀྱང་གནའ་དང་པོ་འཇིག་རྟེན་ཆགས་པའི་དུས་སུ་དང་པོ་ཆུ་ཉིད་བྱུང་བ་ཡིན་ལ་དེའི་འོག་ཏུ་ཟས་བྱུང་ངོ་།།

དེའི་འོག་ཏུ་ནི་སེམས་ཅན་བྱུང་བ་ཡིན་ནོ།། ཞེས་བཀོད་ཡོད་པ་ལྟར་བཟའ་བཏུང་ནི་འཇིག་རྟེན་ཆགས་རྗེས་ཀྱི་བྱུང་བ་ཆེས་སྔ་ཤོས་ཀྱི་གྲས་ཡིན་པ་རྟོགས་ཐུབ་ལ། ལྷག་པར་དུ་མིའི་རིགས་ཀྱིས་རང་གི་བློ་རིག་དང་ཐབས་ཤེས། ས་ཆའི་ཐོན་ཁུངས། གནམ་གཤིས་ཚ་གྲང་། ཁོར་ཡུག་གི་ཆ་རྐྱེན་སོགས་ཕྱོགས་མང་པོའི་ཐད་ཀྱི་དགེ་འཚོལ་ཉེས་སྤོང་དང་ཉམས་མྱོང་ཕྱོགས་སྡོམ་བྱས་ཐོག་ཟས་དང་སྐོམ་ཕན་པའི་དབྱེ་བ་ཕྱེ་སྟེ། ཞེས་དང་ཡོན་ཏན་དང་ལྡན་པའི་ཟས་དང་སྐོམ་ནི་སྲོག་འཛིན་པ་བྱེད་པ་ཡིན་ཞེས་གསུངས་པ་ལྟར་མི་རིགས་སམ་ཡུལ་གྲུ་རང་རང་གི་ཁྱད་ཆོས་དང་འཚམ་པའི་བཟའ་བཏུང་རིགས་ཀྱི་ཕན་གནོད་སོགས་སོ་སོར་དབྱེ་བ་ཕྱེ་ཞིང་ཁམས་དང་བསྟུན་ནས་བསྟེན་ཚུལ་དང་དུས་དང་བསྟུན་ནས་འཚོལ་སྡུད། ལག་ལེན་ཁྲོད་ནས་གཡོས་སྦྱོར་བཅས་ཀྱི་བཟའ་བཏུང་རིག་གནས་དར་རྒྱས་ནས་འཐུས་ཚང་དུ་གྱུར་བ་ནི་མངོན་རྗེས་གཉིས་ཀྱི་ཚད་མས་གྲུབ་པ་ཞིག་གོ།།

བཟའ་བཏུང་གི་སྤྱོད་སྒོ།

གདོད་མའི་དུས་སུ་བོད་ཀྱི་མེས་པོ་རྣམས་ཀྱིས་མ་རྨོས་པའི་ལོ་ཏོག་མེ་ལ་མ་བསྲེགས་ཤིང་ཆུ་ལ་མ་བཙོས་པའི་རིགས་ཀྱི་ཤ་རློན་ཟ་བའི་དུས་ཡུན་རིང་པོ་ཞིག་བརྒྱུད་པ་དང་རིམ་གྱིས་ཐོན་སྐྱེད་ནུས་པ་གོང་འཕེལ་དང་འཚོ་བའི་ཆུ་ཚད་མཐོར་འདེགས་ཀྱི་ཚད་གཞི་ངེས་ཅན་ཞིག་ཏུ་སླེབས་པ་ན། ཤ་མར་ཐུད་གསུམ་དང་འོ་ཞོ་ཕྱུར་བ་སོགས་བཟའ་བཏུང་གི་རྣམ་གྲངས་མང་པོ་དང་དེ་འབྲེལ་གྱི་རིག་གནས་ཕུན་ཚོགས་ཡོད་པ་བཤད་རྒྱུན་དུ། འབྲུ་ལ་གྲོ་ནས་སྲན་གསུམ།།བཅུད་ལ་ཤ་མར་ཕྱུར་གསུམ།།སྐོམ་ལ་ཇ་ཆང་འོ་གསུམ།།མངར་ལ་བུར་སྦྲང་དཀར་གསུམ།ཞེས་པ་དང་། བཟའ་བཏུང་སྤྱི་ཡི་ཁ་འཛིན་ཆུ་དང་ལན་ཚྭ་འབྲུ་རིགས་ཀྱི་མཆོག་ནས་དང་གྲོ། སྐྱེ་དངོས་ཀྱི་མཆོག་གྲོ་མ་དང་སེར་ཤ།། དཀར་ཟས་ཀྱི་མཆོག་ཞོ་དང་ཕྱུར་བ།།དམར་ཟས་ཀྱི་མཆོག་ནོར་ཤ་དང་ལུག་ཤ།སྣུམ་རིགས་ཀྱི་མཆོག་མར་དང་པད་ཁ། བཏུང་བའི་མཆོག་ཇ་དང་ཆང་། མངར་གྱི་མཆོག་ཀ་ར་དང་བུ་རམ་ཞེས་ཟས་ཀྱི་རྣམ་གྲངས་དང་མཆོག་དམན་གྱི་དབྱེ་བ་སོགས་ཡོད་པ་དང་། གེ་སར་སྒྲུང་དུའང་ཡུངས་དམར་རྒྱ་ཇའི་གསོལ་འདྲེན། སྐྱེམས་པ་ཆང་གི་ཞུ་འདྲེན། ཁྲ་བོ་ཤ་ཡི་གཟུག་འདྲེན་ཞེས་པ་དང་སུམ་ཡར་འབྲི་མོའི་འོ་མ།། ཞིམ་མངར་ཐུད་ཀྱི་སྡེར་ཁ།།གཡང་དཀར་ལུག་གི་ཚང་ར།།རྒྱ་ཇ་ཡོངས་འཛིན་མེ་ཏོག།བདུད་རྩི་ཆང་གི་བྱེ་བྲག།ཤིང་འབྲས་མངར་མོའི་སྡེར་གྲངས་ཞེས་བཀོད་པ་ལྟ་བུ་ལས་གསལ་བོར་རྟོགས་ཐུབ་མོད། འོན་ཀྱང་དེ་འདྲའི་བཟའ་བཏུང་སྣ་ཚོགས་པ་ནི་ཐམས་ཅད་ཉིན་གཅིག་ཏུ་བཟའ་བའམ་བཏུང་བ་དང་ཡང་ན་ནམ་རྒྱུན་གང་འདོད་འདོད་དུ་བཟའ་བའམ་བཏུང་བ་ཞིག་གཏན་ནས་མ་ཡིན་པར་རང་བྱུང་ཁོར་ཡུག་གི་ཐོན་དངོས་ལྟར་དང་དུས་ཀྱི་འགྲོས། ཡུལ་གྱི་སྲོལ། དོན་གྱི་གཞི་དངོས་དང་འབྲེལ་ནས་རྒྱུན་ལྡན་གྱི་བཟའ་བཏུང་དང་དུས་སྟོན་གྱི་བཟའ་བཏུང་། མགྲོན་གཏོང་གི་བཟའ་བཏུང་ཞེས་སྤྱོད་སྒོ་མི་འདྲ་བ་སོ་སོ་ཡོད་དེ།

རྒྱུན་ལྡན་གྱི་བཟའ་བཏུང་།

དེ་ནི་མི་རང་རང་གི་འཚོ་བའི་ཁོར་ཡུག་གམ་རང་བྱུང་ཁོར་ཡུག་ནས་བྱུང་བའི་ཐོན་འབོར་མང་བའི་བཟའ་བཏུང་གི་གྲས་རེད། གཙོ་ཆེ་ཆུང་གི་དབང་གིས་བོད་ཁམས་སིལ་བུར་འཐོར་ནས་དབུ་གཡོར་འཁྲུག་པའི་ལོ་རྒྱུས་སུ་ཤ་ཟན་དང་རྩམ་ཟན་སྡེ་གཉིས་སུ་ཆད་དེ་རྩོད་ཞེས་པ་ལྟ་བུས་མཚོན་ལ་བྱེ་བྲག་ཏུ་བོད་མི་སྤྱི་ལྟར་ན་སྔ་སེ་ནངས་ཇ་བཟང་དགོས།།འཆི་ཁ་བླ་མ་བཟང་དགོས།། ཞེས་ནངས་མོ་རྩམ་ཕྱུར་འདྲེས་མའི་སྐྱོ་མ་དང་ཕྱེ་མར་བཟའ་རྒྱུ་གཙོ་ཆེ་ལ་ཉིན་གུང་བག་ལེབ་དང་དེའི་སྤོད་དང་འདེད་ཅེས་ཞོ་དང་ཤ་ཁུ་སོགས་གང་རུང་དང་དགོང་ཟས་ཕལ་ཆེ་བ་ཐུག་པའི་རིགས་སྣ་ཚོགས་དང་ཡང་ན་ཤ་བཙོས་ནས་བཟའ་ཞིང་། བཏུང་བ་རིགས་ལ་དཀྲུག་ཇ་དང་ཇ་མངར་མོ་སོགས་ཇའི་རིགས་ཀྱང་མང་མོད་གཙོ་བོ་ཡུལ་དང་ཁྱིམ་གྱི་ཆ་རྐྱེན་ལྟར་རོ།།

དུས་སྟོན་གྱི་བཟའ་བཏུང་།

དེ་ནི་ཁྱད་པར་ཅན་གྱི་བཟའ་བཏུང་ཞིག་སྟེ། རྟེན་འབྲེལ་བཟའ་བཏུང་དང་ཡང་ན་མཚོན་དོན་ཅན་གྱི་བཟའ་བཏུང་ཞེས་བརྗོད་ན་དོན་དང་མཐུན་པ་ཞིག་རེད། དོན་དངོས་སུ་དུས་སྟོན་སྐབས་ཀྱི་བཟའ་བཏུང་གི་རིགས་ནི་མི་རིགས་གང་ཞིག་ལ་མཚོན་ནས་བཤད་ནའང་ཞིམ་མངར་ལྡན་ཤོས་དང་། བྲོ་བ་ཆེ་ཤོས། རོ་བཅུད་འཛོམས་ཤོས་ཡིན་པར་མ་ཟད། དུས་སྟོན་གྱི་ཁྱད་ཆོས་དང་དགོངས་གཞི་ལྟར་ཕུན་ཚོགས་ཀྱི་རྟེན་འབྲེལ་དང་བཀྲ་ཤིས་ཀྱི་མཚོན་དོན་ཅན་དག་ཀྱང་ཡིན།

བོད་ཡུལ་ས་ཆ་མང་བོར་ཕྱེ་མར་དང་འོ་ཞོ། ཐུད་དང་གྲོ་འབྲས་སོགས་དཀར་ཟས་ཀྱི་རིགས་དང་ནས་ཆང་སོགས་ནི་དུས་སྟོན་གྱི་ཆོ་གའི་བཟའ་བཏུང་རྟེན་འབྲེལ་ཅན་དུ་བརྩི་ཞིང་། ཡང་ས་ཆ་ཁ་ཤས་སུ་ལུག་མགོ་དང་ལུག་གི་རྐང་གཡས་ལག་གཡས། བྲང་མགོ། ཚང་ར་སོགས་ཀྱང་རྟེན་འབྲེལ་ཅན་དུ་བརྩིའོ།།དེ་བཞིན་ཡང་ཨ་མདོའི་ས་ཆ་ཁ་ཤས་སུ་ལོ་སར་གྱི་སྐབས་དག་ཏུ་བྱིས་པ་རྣམས་ལ་ལོ་གསར་ལེགས་སྐྱེས་སུ་བཀྲ་ཤིས་དོན་གྲུབ་མཚོན་པའི་གོ་རེ་རྒྱལ་པོ་ཞེས་ནོར་བུའི་དབྱིབས་ཅན་གྱི་གོ་རེ་བཅའ་བ་དང་། སྙན་གྲགས་དང་གཟི་བརྗིད་མཚོན་བྱེད་དུ་གོ་རེ་ཉི་མ་ཞེས་ཉི་མའི་དབྱིབས་ཅན་གྱི་གོ་རེ་བཅའ་བ་དང་། དྲང་བདེན་དང་ལྷག་བསམ་མཚོན་བྱེད་ཀྱི་བླ་མ་དཀོན་མཆོག་ཅེས་དབྱིབས་གཟུགས་ཤིང་ཏོག་ཨ་མྲའི་འབྲས་བུ་དང་འདྲ་བའི་གོ་རེ་བཅའ་བ། ཤེས་རིག་དང་ཡོན་ཏན་མཚོན་པའི་དམ་ཆོས་པོ་ཏི་ཞེས་གླེགས་བམ་ལ་གླེགས་ཐག་བཅིངས་ཡོད་པའི་དབྱིབས་ཅན་གྱི་གོ་རེ་བཅའ་བ། རྩིས་དང་འཆར་གཞི་ལེགས་པ་མཚོན་པར་གོ་རེ་སྣ་གཅུ་ཞེས་སྒོར་དབྱིབས་ཅན་གྱི་གོ་རེ་བཅའ་བ། རྒྱུ་དངོས་ལོངས་སྤྱོད་དར་བའི་མཚོན་བྱེད་དུ་ཕྱུག་པོའི་མཛོ་སྣ་ཞེས་གོ་རེ་གཅུས་རིལ་བརྒྱབ་པ་བཅའ་བ། གཉེན་སྒྲིག་གི་སྐབས་སུ་རིགས་རྒྱུད་སྤེལ་བ་མཚོན་བྱེད་དུ་གོ་རེ་ནུ་གཉིས་ཅན་བཅའ་ལ། གཞན་དཔྱིད་ཀ་ཁུ་བྱུག་གི་སྐད་ཐོག་མར་གོ་སྐབས་ཁུ་བྱུག་སྐྱོ་མ་བཏུང་བ་དང་། འབྲུག་སྐད་གསར་དུ་གྲགས་སྐབས་འབྲུག་ཇ་མངར་ཁུར་བཞེས་པ།ཞོ་སྟོན་ཆེན་མོའི་སྐབས་སུ་ཞོ་གསོལ་ཞིང་ལྔ་པའི་ཚེས་ལྔ་ལ་ལྷ་ཚོད་དང་འོ་མ་བཏུང་བ་སོགས་བཟའ་བཏུང་སྣ་ཚོགས་ལ་བརྟེན་ནས་རང་རང་གི་ཡུལ་གྲུའི་ཁྱད་ཆོས་ལྟར་དུས་སྟོན་ལ་རོལ་སྲོལ་ཡོད།

མགྲོན་གཏོང་གི་བཟའ་བཏུང་།

མགྲོན་གཏོང་བཟའ་བཏུང་ནི་རང་ཉིད་ཀྱི་ས་ཆའི་ཐོན་དངོས་གཙོ་བོ་དང་རྩིས་མཐོང་ཆེ་བ། ཞིམ་མངར་བཅུད་ལྡན་གྱི་ཤ་མར་ཐུད་གསུམ། ཇ་ཆང་སྦྲང་རྩི། ཀ་ར་བུ་རམ་སོགས་ཡིན་ལ་གེ་སར་སྒྲུང་དུ། འབྲུ་རིགས་སྣ་ཚོགས་ཀྱི་ཕྱེ་མར། སྡེབ་སྦྱོར་མི་གཅིག་པའི་ཐུད་སྣ།ཤ་རིགས་མི་གཅིག་པའི་གཟུག་འདྲེན། ཇ་རིགས་མི་གཅིག་པའི་གར་ཁུ། ཆང་རིགས་མི་གཅིག་པའི་ཉིང་ཁུ། བཟོ་རིགས་མི་གཅིག་པའི་ཟས་སྣ། སྦྲང་གི་རིགས་སོགས་རྩི་ལས་བྱུང་བ། ཀ་ར་བུ་རམ་སོགས་བཅུད་ལས་བྱུང་བ། ཨ་མྲ་དང་རྒན་འབྲུམ་སོགས་ཞེས་བཀོད་པ་ལས་ཀྱང་ཅུང་ཟད་རྟོགས་ཐུབ། ཡང་བོད་མི་རྣམས་ས་གང་ཡིན་དང་དུས་ནམ་ཡིན་ཡང་ཟས་ཕུད་དང་ཇ་ཕུད། ཆང་ཕུད་སོགས་རང་གིས་བཀུར་བའི་ལྷ་དང་དཀོན་མཆོག་ལ་མཆོད་པས་མཆོད་པའི་བཟའ་བཏུང་ཞེས་དང་། གཞན་སྐྱེས་བུ་རབ་འབྲིང་མཆོག་དམན་སུ་ཡིན་རུང་འཇིག་རྟེན་ལས་འདས་པ་ན་ཡུལ་མི་གཞན་དག་ལ་ཟས་འདྲེན་ཇ་འདྲེན་གྱིས་ཆོས་ལུགས་ཀྱི་ཆོ་ག་ཞིག་སྤེལ་སྲོལ་ཡོད་ལ། དེའི་སྐབས་སུའང་འདྲེན་པ་སྐྱ་བོ་ཞེས་དཀར་ཟས་མ་གཏོགས་དམར་ཟས་མི་སྤྱོད་པས་འདས་མཆོད་ཀྱི་བཟའ་བཏུང་ཞེས་བརྗོད་འདོད་ཀྱང་འཚམ་མིན་ད་དུང་དཔྱད་དགོས།

བཟའ་བཏུང་གི་རིགས་དབྱེ།

སྤྱིར་བོད་ཀྱི་བཟའ་བཏུང་གི་རིགས་ལ་རུས་གསོ་ནུས་ཅན་སྐྱུར་གྱི་རིགས་དང་། ཤ་གསོ་ནུས་ཅན་མངར་བའི་རིགས། དབུགས་གསོ་ནུས་ཅན་ཁ་བའི་རིགས། ཁྲག་གསོ་ནུས་ཅན་ལན་ཚྭའི་རིགས་སོགས་སྨན་གྱི་ནུས་པ་ཅན་དང་གོང་དུ་བཤད་ཟིན་ལྟར་རྟེན་འབྲེལ་རང་བཞིན་ཅན་གྱི་རིགས། མཚོན་དོན་རང་བཞིན་ཅན་གྱི་རིགས་སོགས་མང་བས་བརྗོད་པར་དཀའ་ཡང་གོ་བདེ་འཛིན་བདེ་ཡི་ཕྱིར་དུ་སྡེ་ཚན་ཁག་བཅུ་ཙམ་ལ་ཕྱེ་སྟེ་རྣམ་གྲངས་ཙམ་བརྗོད་ན།

བཏུང་བའི་རིགས།

ཆུ་ཁོལ། ཇ་ཐང་། སིལ་ཇ། ཇ་བསྲུབས་མའམ་དཀྲུག་ཇ། འོ་མ། ནས་ཆང་། གྲོ་ཆང་། འབྲས་ཆང་། རྒྱན་ཆང་། ཆང་རག།སེང་ལྡེང་། སྟར་བུ་སོགས་ཡིན་ལ་འདིར་བཤད་པའི་བཏུང་བའི་རིགས་ནི་ཆང་རིགས་ལས་གཞན་དག་ནི་བསྐོལ་ནས་བཏུང་བའི་རིགས་ཡིན།

འབྲུ་དང་ཕྱེའི་རིགས།

ནས་ཡོས། ནས་རྩམ། གྲོ་ཡོས། གྲོ་རྩམ། ཡུག་རྩམ། སྲན་བས། སྲན་ཕྱེ། རམ་རྩམ། ཡོས་མར། གྲོ་མའི་རྩམ་པ། གྲོ་མའི་ཟན། ཀླུ་གོར། གཡིས་གོར། འོ་རྩམ། ཞོ་རྩམ། དར་རྩམ། སྐྱ་སྲབ། ཟར་རྩམ། མར་རྩམ། ཐལ་གོར། ལྕགས་གོར། ཅོང་ཏོག།འབའ་གོར། གོ་དམར། གོ་རེ་ཆུ་བརྫེས་སོགས་ཡིན་ལ། དེ་ལས་ཡོས་དང་རྩམ་པའི་རིགས་མ་གཏོགས་གཞན་དག་ནི་བཙོ་བའམ་བསྲེགས་ནས་བཟའ་བའི་རིགས་སོ།།

གཡོས་བསྐོལ་ཐུག་པའི་རིགས།

གྲོ་ཚགས། སྐྱ་ཐུག། སྐུར་ཐུག། ཤ་ཐུག། འོ་ཐུག། སྲས་ཐུག། གྲོ་ཐུག། བག་ཐུག། འབྲས་ཐུག། ཕྱེ་ཐུག། (འཐེན་ཐུག་དང་བདལ་ཐུག) སྲན་ཐུག།ཡུང་ཐུག།(ཨ་མདོའི་ཁ་སྐད་དེ་ཞོག་ཁོག་ལ་ཟེར)ལ་ཐུག། གྲོ་མའི་ཐུག་པ། སེར་ཤའི་ཐུག་པ། ཟྭ་ཐུག། ནུབ་སེར། ཕྱེ་ཉོག། ཟར་ཉོག། སྲན་ཉོག། འོ་ཉོག། འབྲས་ཉོག། མར་ཉོག། བྲ་ཉོག། གཡིས་ཉོག། ཡུང་ཉོག་སོགས་ཡིན།

སྣུམ་སྦྱོར་མར་ཁུའི་རིགས།

གྲོ་མ་མར་ཁུ། འབྲས་སིལ་མར་ཁུ། བག་ཚ་མར་ཁུ། གྲོ་ཕྱེ་མར་ཁུ། བསྙལ་ཟན་མར་ཁུ། ཁྲག་ཤ་མར་ཁུ་སོགས་ཡིན། འདི་རྣམས་མར་ཁུ་ཁོ་ནའི་རྟ་བྱས་པའི་ཟས་རིགས་ཡིན་སྟབས་མར་ཁུའི་རིགས་ཞེས་བཏགས་པ་མ་གཏོགས། ནང་གསེས་སྔོ་སྨན་དང་འབྲུ་རིགས།དཀར་རིགས། དམར་རིགས་བཅས་ཀྱི་དབྱེ་བ་ཡོད་པ་ཤེས་དགོས།

ཐུད་ཞུན་གྱི་རིགས།

གྲོ་ཐུད། སྲན་ཐུད། སྐྱ་རེད། སྔོ་ཐུད། སྐྱུར་ཐུད། གྲོ་མའི་ཐུད། རང་ཐུད། ཕྱུར་ཐུད་བཅས་ཡིན། ཐུད་ཅེས་པ་ནི་འདོད་རྒྱལ་དུ་བཏགས་པའི་མིང་ཞིག་ཡིན་ལ་འདིའི་ཁོངས་ཀྱི་སྐྱུར་ཐུད་ཅེས་པ་དེ་ཞོའམ་འོ་མའི་སྤྲིངས་མ་ཆུར་སིམ་པ་ན་སྐྱུར་ཐུད་ཅེས་པ་མཉམ་དུ་ཁྲུས་པ་ཕུད། གཞན་རྣམས་ནི་མར་གྱིས་སྦྲུས་ཏེ་བཟོས་པ་ཡིན།

དཀར་ཟས་ཀྱི་རིགས།

འོ་སྐམ། འོ་སྤིས། འོ་སྐྱོ། སྤྲི། ཞོ། འོ་ཞོ། དར་ཞོ། བུར་ཞོ། རྩམ་ཞོ། ཞོ་ཕྱུར།ཞོ་ཡིས། ཞོ་འབྲས། ཞོ་གྲོ་མ། ད་ར། ཕྱུར་རློན། ཕྱུར་ཁུ། སྐྱ་ཕྱུར། སྔོ་ཕྱུར། རམ་ཕྱུར། མར་སེར་སོགས་མང་དུ་མཆིས། འདི་དག་གི་རྩ་བའི་རྒྱུ་ནི་འོ་མ་ཁོ་ན་སྟེ་དེ་ལའང་རློན་དང་བསྐོལ། བསྐམས། བསྲུབས། འཐག་སོགས་བྱས་པ་ལ་དཀར་གྱི་ངོ་བོ། རོ་བཅུད། བྲོ་བ་སོགས་མི་འདྲ་བ་སྣ་མང་ཕུན་སུམ་ཚོགས་པ་བཟོ་ཐུབ་པའི་ཁར་ད་དུང་རྩམ་སྐྱ་དང་ནས་ཡོས། འབྲས། གྲོ་མ། རམ་རྩམ་སོགས་བསྲེས་པས་དེ་དག་གི་རོ་བཅུད་དང་བྲོ་བ་སོགས་ཁྱད་པར་བ་མངོན་ཐུབ་བོ། །

དམར་ཟས་ཀྱི་རིགས།

ནོར་ཤ།ལུག་ཤ།ར་ཤ།ཕག་ཤ།ཚིལ་བུ། ཤ་བཙོས་མ། བསྲེགས་ཤ། བརྔོས་ཤ། འཁེང་ཤ། ཤ་སྐམ། ཤ་རྙིང་། གྲོད་ཤ །ཤ་རྩམ། ཤ་འབྲས། ཤ་ཁུ། ཤ་མིག།ཚིལ་གོར། ཞག་རྩམ། གཡོས་རྒྱུ། ཁྲག་རྒྱུ། མཆིན་རྒྱུ་སོགས་ཡིན། དམར་གྱི་རིགས་འདི་དག་ལ་ཤ་ཁྲག་རུས་པ་ཞག་ཚིལ་དང་ནང་ཁྲོལ་དོན་སྣོད་སོགས་ཀྱི་དབྱེ་བ་དང་ཞོར་ཟས་སྔོ་ཚོད་རིགས་དང་མཉམ་བསྲེས་གཡོས་སྦྱོར་བྱས་ནས་བཟའ་སྟངས་ཤིན་ཏུ་མང་ཡང་འདི་ཙམ་གྱིས་འཐུས་པར་བྱས་སོ།།

ཞོར་ཟས་དང་སྔོ་ཚོད་ཀྱི་རིགས།

ཉུང་རློན། ཉུང་སྐམ། ཉུང་སྲེག།ལ་ཕུག།ཞོག་ཁོག།པད་ཁ། བྲ་བོ། གོ་ལོ།ཉུང་ལོ། སྒོག་པ། ཀུན་དོང་། ཀེའུ། ཤ་མོ། སེར་ཤ།དམར་ཤ།ནག་ཤ།ཀ་ཀོ་ལ། ལྕུམ། ཀ་ལི། སུར་པན། སེ་ཐོག།སྟར་ཐོག།གཡེར་མ། གཡེར་ལོ། རྒན་འབྲུམ། ཀུ་ཤུ། ཁམ་བུ། སྟར་ཁ། མི་རྒན་རྣ་མཆོག།ངང་ལག་སོགས་ཡིན།

མངར་ཟས་ཀྱི་རིགས།

བུར་དཀར། བུར་སེར། བུར་ནག།རྡོ་ཀ་ར། བྱེ་མ་ཀ་ར། ཀ་ར་ནག་པོ། ཁ་ཆེ་ཕྱེ་རིལ། སྦྲང་རྩི་སོགས་ཡིན།

ཐུམ་ཟས་ཀྱི་རིགས།

དབུས་སྐད་དུ་མོག་མོག་དང་ཨ་མདོའི་རོང་སྐད་དུ་ཚོད་མ་ཞེས་བརྗོད་པ་སྟེ། ཤ་ཚོད།ཀེའུ་ཚོད། ཡུང་ཚོད། མར་ཚོད། ལ་ཕུག་ཚོད་མ། ཀ་ར་ཚོད་མ། ཚིལ་གྱི་ཚོད་མ། ར་སྒོག་ཚོད་མ། གོ་ཚོད་སོགས་ལྡུམ་ཚོད་ཀྱི་རིགས་དང་ནང་སྙིང་སྣ་ཚོགས་ཅན་གྱི་ཆུ་ཚོད(དབུས་གཙང་དུ་བོང་རྣ)སོགས། ད་རུང་བང་མ་དང་རླུང་བཅོས་ལ་ཕན་པའི་དབུགས་ལམ་སོགས་ཡོད་དོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号