བུ་ལྷ་གཡང་སྐྱིད།
པད་གྲོལ།
ངས་ད་གཟོད་རང་ཉིད་ནི་གཡག་ཀོ་མཐུག་པོ་ཞིག་ངོ་ལ་ལྷན་པ་བཞིན། ཐ་ན་རྒྱོ་བཤད་པ་ཚུན་ཆད་ལའང་ངོ་ཚ་རྒྱུ་མེད་པ་ཞིག་ཏུ་གྱུར་ཚར་བ་ཤེས་པ་དང་བསྟུན། ད་ལྟའི་སྤྱི་ཚོགས་ཀྱི་མི་ཐམས་ཅད་ཀྱང་ང་འདྲ་བ་ཞིག་ཏུ་ཆགས་སོང་ངམ་སྙམ་པའི་སེམས་ཁུར་ཞིག་ཀྱང་རྒྱུན་དུ་འབྱུང་གིན་འདུག་སྟེ། སྔོན་ཆད་ཕ་མ་རྒན་རབས་སོགས་ལོ་ན་གཞོན་པའི་དུས་སུ། ཁྱོ་ཤུག་བརྩེ་དགའི་ཀྱལ་ཀ་ཙམ་ཡང་ཁྲེལ་དང་ངོ་ཚའི་གཞི་རུ་བརྩི་བའི་མི་རིགས་འདི། གློ་བུར་དུ་དྲ་ལམ་ཐད་གཏོང་གི་ཁྲོམ་ཆེན་འདི་རུ་མཉམ་རུབ་བྱས་ནས། ངོ་ཚ་དང་འཛེམ་དོགས་གང་ཞིག་ནས་བོར་ཏེ་རང་གི་འཆལ་སྤྱོད་མཐའ་དག་ལྷང་ལ་ཕུད་སོང་སྙམ་པའི་སྐྲག་སྣང་དང་དོགས་འདྲོགས་ཤིག་ཀྱང་ལངས་བྱུང་།
འོ་དོད་དང་ཆོ་ངེ་ཁོ་ནས་འདས་པའི་ལོ་ངོ་འདི་དག་ལ། ལྟད་མོ་པ་ཁྲི་ཚོ་མང་པོའི་ཁྲོད་ནས། ངས་ཕ་མ་སྤུན་མཆེད་དང་འགལ་ཁུལ་བྱས་ཤིང་གྲོགས་ན་ཟླ་ལ་སྡིག་ཁུལ་བྱས། བཟའ་ཚེ་རོགས་ལ་འཁོན་ཁུལ་བྱས་ཏེ་སྐབས་སྐབས་སུ་ངུ་ཁུལ་དང་། མི་ཆེན་དང་ཚོང་དཔོན་ལ་བརྫུས་ཏེ་རྫིག་ཉམས་བསྟན། རྫུན་ཚིག་རེ་རེའི་ཁྲོད་དུ་མནའ་ཚིག་པོ་ཏིར་ལོངས་པ་རེ་བསྐྱལ།
སྤྱིར་བཏང་ཤོབ་སྐྱལ་ཞིག་ཡིན་ཚེ་མནའ་ཟན་ཞིག་ཀྱང་ལོས་ཡིན། འོན་ཀྱང་། ད་ལྟ་ངའི་ཐད་གཏོང་ལ་ལྟ་མཁན་གྱི་མི་གྲངས་ཇེ་མང་དུ་འགྲོ་བཞིན་པ་འདི་ཅི་ཡིན་ནམ། ང་ལ་ལྷན་སྐྱེས་གཤིས་སུ་འགྲོགས་པའི་འགུག་ཤུགས་དང་ནུས་པ་ཅི་ཞིག་ཡོད་པ་ཡིན་ནམ།
མིན། ང་ལ་ནུས་པ་ཅི་ཡང་མེད་དེ། ང་རང“སྡིག་ལྟ་ཅན”གྱི་ཉེས་མིང་འོག་དགོན་པས་གནས་དབྱུང་བཏང་རྗེས་ཟླ་བ་གཅིག་ལྷག་ལ་རྫི་བོ་བྱས། དགོན་པའི་ནང་དུ་རོ་ཉལ་བྱེད་རྒྱུར་གོམས་པའི་ང་ལ་མཚོན་ན་གློ་བུར་དུ་འཇིག་རྟེན་མཐུན་འཇུག་གི་ལས་སུ་ཞུགས་པ་དེ་ནི་ལས་སླ་མོ་ཞིག་མ་རེད།
དེ་ཡང་མིག་ཟུང་ནི་རྫུན་དང་གཡོ་བྱེད་མི་ཤེས་པ་ཞིག་ཡིན་པས། མི་ཞིག་གི་སེམས་ཀྱི་ངལ་བ་དང་ལུས་ཀྱི་དཀའ་བ་སོགས་ནི་མིག་མདངས་ལས་དྲང་མོར་མཐོང་ཐུབ་ཅེས་བཤད་སྲོལ་འདུག་ནའང་། ངས་རང་གི་མིག་མདངས་ལས་ཉོབ་སྣང་གི་རྣམ་འགྱུར་ཅི་ཞིག་མངོན་གྱིན་ཡོད་པ་མི་ཤེས་མོད། འོན་ཀྱང་། ཉྭ་ཤ་དང་སྒལ་བ། ཕྲག་པ་སོགས་ཀྱིས་ང་ལ་རྟག་ཏུ་ཧ་ཅང་ཐང་ཆད་ཡོད་པའི་བརྡ་རྟགས་སྤྲད་འོང་གིན་འདུག
ང་རང་རྫི་བོ་བྱས་པའི་རིང་དུ། ངེད་ཚང་གི་འབྲི་གཡག་ཆེ་ཆུང་ལྔ་སྤྱང་ཀིའི་ཁ་རུ་ཤོར། དེ་བས། ཨ་མའི་མངགས་བཅོལ་ལྟར་ང་རང་སློབ་གྲྭར་འགྲིམས་ཀྱང་། ཟླ་བ་གཅིག་གི་དུས་ཚོད་ཀྱང་མ་འགོར་བར་སློབ་གྲྭའི་ར་བ་ལས་ལྡིང་སྟེ་སློབ་བྱོལ་བྱས། མ་གཞི་འདི་ཡོད་ཚད་མཐར་གཏུགས་ན་དྲྭ་དཔོན་བུ་ལྷ་ལན་པ་ཡིན། གལ་ཏེ་ཁོས་གནའ་གཏམ་འགྲན་སྡུར་གྱི་བྱ་འགུལ་དེ་སྤེལ་བ་མིན་ན། ང་རང་སློབ་གྲྭ་ནས་འབྲོ་མི་སྲིད་ལ། གནའ་གཏམ་འགྲན་སྡུར་གྱི་སྐབས་སུ། ངས་ཆུང་དུས་ཨ་ཕས་ང་ལ་བཤད་པའི《བུ་ལྷ་གཡང་སྐྱིད》ཀྱི་གཏམ་རྒྱུད་བཤད་པས། ཁོས་ངའི་ཁ་ལྕེ་བདེ་ཚུལ་དང་གསོན་ཉམས་ལྡན་ལུགས་བཤད་ཅིང་། ལྷག་པར་དུ་གནའ་གཏམ་གྱི་ཁ་བྱང་དུ་ཁོའི་མིང་ཡང་ཐོན་ཡོད་པས་རྟེན་འབྲེལ་ལེགས་རབས་བརྗོད་དེ། ང་ལ་ཨང་དང་པོའི་བྱ་དགའ་བྱིན་ཞིང་ཁོའི་དགེ་ཕྲུག་ཏུའང་ལེན་རྒྱུ་ཡིན་ཟེར། དེ་བས་ང་རང་སློབ་གྲྭ་ལས་བྲོས་ཏེ་དྲ་ལམ་ཐད་གཏོང་གི་ལམ་དུ་ཞུགས་པ་ཡིན།
ངས་གནའ་གཏམ་མང་པོ་བཤད་པ་ཡིན།
ངས་བཤད་པའི་གནའ་གཏམ་དག་གི་ཁྲོད་ནས《བུ་ལྷ་གཡང་སྐྱིད》ཀྱི་གཏམ་རྒྱུད་ནི་ལྟད་མོ་པ་ཚོས་ཆེས་དགའ་བསུ་ཐོབ་པའི་གནའ་གཏམ་ཞིག་ཡིན་ཏེ། གནའ་གཏམ་འདི་ལ་བརྟེན་ནས་ངའི་ཞེན་མི་ཇེ་མང་དུ་སོང་ཞིང་སྒོར་མོའི་ཡོང་འབབ་ཀྱང་ཇེ་མང་དུ་གྱུར་བས། ཨ་མའི་མིག་ཟུང་ལས་མངོན་པའི་གཏུམ་དྲག་ཆེ་བའི་སྡང་སྡིགས་དེའང་ཇེ་ལྷོད་དུ་ཕྱིན་སོང་།
ད་ལྟ། དྲ་ལམ་དུ་མི་ཚང་མས་ངའི་མིང་ལ་བུ་ལྷ་གཡང་སྐྱིད་དུ་འབོད་ཅིང་། ངས་བཤད་པའི་གནའ་གཏམ་ལ་ཉན་མྱོང་མེད་མཁན་དག་གིས་བུ་ལྷ་གཡང་སྐྱིད་ནི་ངའི་དངོས་མིང་ཡིན་པར་འདོད་ཀྱིན་འདུག དྲང་མོར་བཤད་ན། ཨ་ཕས་ང་དང་ཨ་མ་གཡུགས་ཏེ་སོང་རྗེས། ང་རང་ཨ་ཕ་ལ་སྡང་ཞིང་གནའ་གཏམ་འདི་ལའང་ཤིན་ཏུ་སུན། ཡིན་ནའང་། དེང་སང་གནའ་གཏམ་འདི་ནི་ང་ལ་དྲིན་ཆེ་ཞིང་། ངའི་མིང་ལ་གནའ་གཏམ་གྱི་ཁ་བྱང་གིས་འབོད་ཀྱང་དེའང་ཇེ་སྙན་དུ་གྱུར་འདུག
ངས་མུ་མཐུད་དུ་ཉིན་མཚན་མགོ་སྦྲེལ་གྱིས་གནའ་གཏམ་བཤད་ཅིང་། སྐབས་སྐབས་སུ་ཨ་མར་ཡང་མགོ་མཇུག་མེད་པ་རེ་བཤད་དུ་བཅུག་པ་ཡིན། མཚན་མོའི་ཆུ་ཚོད་ལྔ་པར་སླེབས་ཀྱང་ལྟ་མཁན་གྱི་མི་གྲངས་ཇེ་ཉུང་དུ་ཕྱིན་མི་འདུག་པས། ངས་བོད་ཁུལ་དུ་ཉིན་མཚན་གྱི་འཚོ་བ་གོ་ལྡོག་པའི་མི་ནི་ང་ཙམ་མིན་པར་ཇི་འདྲའི་མང་ཨང་སྙམ་མོད། འོན་ཀྱང་། འདི་ནི་ང་ལ་མཚོན་ན་ཡོང་སྒོ་ཆེན་པོ་ཞིག་ཅི་ལ་མིན་ཨང་།
“ཡ། སྙིང་དམར་ནོན། འུ་ཚོས་གནའ་གཏམ་བཤད།མུ་མཐུད་དུ་གནའ་གཏམ་བཤད།”
དགོང་མོ་ཞིག་ལ། ངས་སྔོན་དགོང་མོར་བཤད་འཕྲོར་ལུས་པའི་གནའ་གཏམ་ཞིག་གི་མཇུག་བསྐྱང་གྲབས་བྱེད་དུས། མིང་ལ་བོད་པའི་བུ་མོ་ཟེར་བའི་བུད་མེད་ཅིག་གིས་ང་དང་དྲ་འབྲེལ་བྱས་ཡོང་སྟེ་འགྲན་སྡུར་བྱེད་ཟེར། ང་རང་བོད་པའི་བུ་མོ་དང་འགྲན་ཕམ་བྱུང་བས། མོས་ང་ལ“ཁྱོད་རང་ཉལ་བོ་མ་བྱས་པར་ཉིན་ག་ཚོད་འགོར་ཡོད”ཅེས་དྲིས་བྱུང་། སྐད་ཅིག་མ་དེར། ངའི་ངོ་གདོང་ཚ་ལམ་ལམ་བྱེད་ཅིང་ཕར་ལ་བལྟས་པས། ཨ་མའི་ཁ་ངོ་ཡང་དམར་ནག་ཏུ་གྱུར་འདུག ངའི་སྙིང་ཁ་ལྷོག་ལྷོག་ལྡིང་ཞིང་དེ་ལ་ལན་ཅི་ཞིག་འདེབ་དགོས་མ་ཤེས་པར་མགྲིན་པ་ཁེགས། འོན་ཀྱང་། མོས་སྐད་འགྲགས་ཆེན་པོས་ང་ལ“འདི་ཁྱོད་ལ་བཞག་པའི་ཆད་པ་ཡིན། དྲང་མོར་ཤོད། ཡུམ་དུམ་པ”ཟེར། ཡ་མཚན་པ་ཞིག་ལ། ངའི་ཐད་གཏོང་ལ་ལྟ་མཁན་ཚང་མས་མཐེ་བོང་སྐུར་ཞིང་ལེགས་སྐྱེས་ཀྱི་གྲངས་ཀའང་ཇེ་མང་དུ་གྱུར།
མོས་སླར་ཡང“སྐད་ཆ་འདི་འདྲ་བཤད་པའི་ཡོང་སྒོ་ནི་གནའ་གཏམ་བརྒྱ་བཤད་པའི་ཡོང་སྒོ་ལས་ལྷག”ཟེར། བདེན་ཏེ། མ་གཞི་ངས་ཅི་ཡང་ཤེས་ཀྱིན་མི་འདུག བོད་པའི་བུ་མོ་ནི་དྲ་ལམ་ཐད་གཏོང་ལམ་ཁར་ལེགས་འགྲུབ་བྱུང་བའི་བུད་མེད་ཅིག་ཡིན། མོས་རང་འགུལ་གྱིས་ང་དང་དྲ་འབྲེལ་བྱས་ཤིང་རང་གི་ཉམས་མྱོང་དག་རིན་མེད་དུ་ང་ལ་བཤད་ཀྱིན་པ་མིན་ནམ། གོ་སྐབས་བཟང་པོ་འདི་འདྲ་ཤོར་ན་མི་འགྲིག ངས་མོ་དང་ལྷན་དུ་མུ་མཐུད་དུPKབྱས་པས། སྒོར་མོའི་ཡོང་འབབ་དང་ལྟ་མཁན་གྱི་མི་གྲངས་ནི་ལྡབ་འགྱུར་གྱིས་ཇེ་མང་དུ་གྱུར་སོང་།
ཡིན་ན་ཡང་། གནའ་གཏམ་བཤད་འཕྲོར་ལུས་པ་དེས་སེམས་མི་བདེ་བ་ཞིག་བྱུང་སྟབས་ལྟ་མཁན་རྣམས་ལ་དགོངས་དག་ཞུས་པ་ན། ཡིད་ལའང་ཤར་མ་མྱོང་བ་ཞིག་ལ། ངའི་ཁ་པར་གྱི་འཆར་ངོས་སུ“སྐྱོན་མེད། རྩེད་མོ་འདི་ཡག་པོ་འདུག”ཅེས་པའི་ཡིག་འབྲུ་འདི་དག་གིས་བཀང་བྱུང་།
དགོང་མོ་དེ་ནས་བཟུང་། ཡུལ་སྡེ་བས་ང་ལ་ལྐོག་ལབ་དང་ངན་སྨོད་ཅི་ཙམ་བྱེད་ཀྱིན་ཡོད་མེད་མི་ཤེས་མོད། ངའི་ཐད་གཏོང་གི་ནང་དོན་དང་ཁ་ཕྱོགས་ཡོད་ཚད་གནའ་གཏམ་བཤད་པ་ལས་བྱི་གཏམ་བཤད་པའི་ལམ་དུ་ཕྱོགས། ངས་ངོ་མ་ཅི་ཡང་ཤེས་ཀྱིན་མི་འདུག་སྟེ། སྐད་ཆ་འདིའི་རིགས་བཤད་པ་ནི་སྔ་མོ་ནས་རྒྱུན་ལྡན་དུ་ཆགས་འདུག་པ་མ་ཟད། ཆགས་གཏམ་མི་བཤད་པའམ་བཤད་མི་ཤེས་པའི་མི་ནི་རྗེས་ལུས་ལྟ་བུར་འགྱུར་བཞིན་འདུག
ང་ཡང“རྗེས་ལུས་ཀྱི་འཚོ་བ”དེའི་ནང་ལུས་ན་མི་འདོད་པས། ངོ་ཚ་འཛེམ་དོགས་ལ་གོམས་པའི་གཤིས་ཀ་འདི་ལས་འབུ་འབུ་ལྐོག་ནས་བུད་པ་ལྟར་བྱས་ཤིང་། རིམ་གྱིས“དྲ་དཔོན་ཆེན་པོ”ཡི་མིང་བྱང་ལ་ཤི་འཐམས་རོ་འཐམས་བྱས་པ་ཡིན།
འཇིག་རྟེན་དུ་བློ་ཡུལ་ལས་འདས་པའི་དོན་དངོས་ཅི་འདྲའི་མང་ཨང་། ངས་ད་དུང་ཅི་ཡང་ཤེས་ཀྱིན་མི་འདུག ཟླ་བ་འདི་དག་གི་རིང་ལ་ངས་ཡུལ་སྡེ་བའི་དམོད་ཚིག་དང་རྒྱབ་བཤད་འགོག་ཆེད། ཐ་ན་སྔོ་ཚལ་ཙམ་ཉོ་རུ་འགྲོ་དུས་ཀྱང་ངོ་ཡོངས་སུ་བཏུམས་ནས་སོང་མོད། འོན་ཀྱང་། སྡེ་བའི་ནང་གི་མི་ཚོས་ཡུལ་ཕྱོགས་གཞན་པའི་མི་དང་ཕྲད་དུས། “ང་རང་དྲ་དཔོན་བུ་ལྷ་གཡང་སྐྱིད་དང་ཕ་ཡུལ་གཅིག་པ་ཡིན”ཞེས་ངོམ་སོ་བྱེད་ཀྱིན་འདུག་ཟེར། དེ་ནི་ངས་ཨ་མའི་རེ་བ་ལྟར་སྣང་བཟའ་དང་གཉེན་སྒྲིག་བྱས་པའི་ཉིན་དེར་སྣང་བཟའི་ཨ་མས་ང་ལ་བཤད་པ་ཡིན། དེ་བདེན་པ་འདྲ་སྟེ། མ་མཐའ་ཡང་ངའི་གཉེན་སྟོན་མཛད་སྒོར་ཞུགས་པའི་མི་གྲངས་ལས་ཀྱང་ཟུར་ཞིག་རྟོགས་ཐུབ།
ང་ལ་སྐྲག་སྣང་འདྲེས་མའི་ང་རྒྱལ་ལྟ་བུ་ཞིག་ཀྱང་སྐྱེས། འོན་ཀྱང་།ང་རྒྱལ་ཉི་ཚེ་བ་དེའི་སྣེ་མོ་སླར་ཡང་མི་ཁ་ཞིག་ཏུ་ཟུག་ཡོད་པ་ངས་ཅི་ལ་ཤེས། སྣང་བཟའ་ངེད་གཉིས་བཟའ་ཟླར་གྱུར་ཏེ་དུས་ཡུན་གང་འཚམས་ཞིག་འགོར་བ་ནས་མོ་སྐྱེས་པ་
གཞན་ཞིག་གི་རྗེས་སུ་བྲོས་སོང་། སྣང་ཚུལ་འདིའི་རིགས་ནི་དེང་སང་ཧ་ཅང་མང་ན་ཡང་། ངས་མོའི་བྱེད་སྟངས་དེ་ཡིད་ལ་འཁོར་ཐེངས་རེ་རེར་སྙིང་གི་འདབ་མ་སིལ་བུར་གས་འགྲོ།
“སྐྱེས་ཕོ་བསྐྱུར་བརྒྱ་དང་མོ་བསྐྱུར་གཅིག ངས་མི་ཁ་འདི་གང་ཞིག་ལ་འཇོག ང་རང་སྡེ་བ་འདིར་སྡོད་ཐབས་རྩ་བ་ནས་མི་འདུག”
དགོང་མོ་ཞིག་ལ། ངས་ལྟ་མཁན་ཁྲི་གཅིག་ལྷག་གི་ཁྲོད་དུ་སྣང་བཟའ་ལ་བླ་བཙག་སྣ་ཚོགས་བྱས། བར་སྐབས་ཤིག་ལ། ལུས་ལ་ཚ་དྲོད་རྒྱས་ཤིང་སྙིང་ཁ་སྐྱོམ་པས། ངས་ཐད་གཏོང་གི་སྒོ་བརྒྱབ་སྟེ་ཨ་མའི་གམ་དུ་སོང་བ་ན། ཨ་མས《མི་རོ་རྩེ་སྒྲུང》གི་དཔེ་ཆ་ལ་ལྟ་བཞིན་འདུག ངས་ཨ་མར་གནའ་གཏམ་ཙམ་གྱིས་འཚོ་བ་སྐྱེལ་ཐབས་མེད་པ་དང་། ད་ནི་སྒོ་ཟོག་རྣམས་བཙོང་ནས་གྲོང་ཁྱེར་དུ་སྤར་ཏེ་ཚོང་ལས་བྱེད་དགོས་ཚུལ་གྱི་གྲོས་མོལ་བྱས་པས། ཨ་མས་བསམ་བློ་ཡུན་རིང་བཏང་མཐར“དེ་ན་དེ་བྱེད། འོན་ཀྱང་ཚེ་གོང(ཚེ་ཐར་བྱས་པའི་ཕྱུགས་ཟོག་གི་རིན་གོང་།)བྱེད་དགོས”ཟེར།
ཉིན་མང་པོ་མ་འགོར་བར། ངས་རང་ཚང་གི་འབྲི་གཡག་ཡོད་ཚད་ལ་དར་ཚོན་ཁ་དོག་སྣ་ལྔའི་རྣ་ཏོག་བཏགས་ཤིང་། སྲིབ་ཆེན་ཚང་ཞུས་ནས་རབ་གནས་མཛད་དུ་བཅུག སྤྲིན་བཟང་གིས་སྒོར་ཁྲི་ཚོ་ཉི་ཤུ་ངའི་ལག་ཏུ་བཞག་སྟེ་ཕྱུགས་ཟོག་འདེད་གྲབས་བྱེད་སྐབས། ཨ་མས་མཛོ་མོ་གཡུ་དགའ་མར་ཡང་ཡང་ལྟ་ཞིང་། ཆུ་བུར་གྱི་མེ་ཏོག་མཛེས་པོ་ཞིག་མིག་མཐའ་བརྒྱུད་དེ་མཁུར་ཚོས་ལས་འགྲིལ་འོང་།
མཛོ་མོ་གཡུ་དགའ་མ་ནི་མཉམ་ལས་ཁང་གིས་བགོ་བྱ་རྒྱག་དུས་ཨ་མར་ཐོབ་པའི་ཟོག་སྐལ་ཡིན། སྐབས་དེར་ང་ད་དུང་སྐྱེས་མེད་པས། ཕ་མ་གཉིས་མ་གཏོགས་ང་ལ་ཟོག་སྐལ་མེད། ངས་བསམ་ཤེས་དུས་ངེད་ཚང་གི་ཁྱིམ་གྱི་ནང་ནོམ་དེ་འདྲ་མང་རྒྱུ་མེད་ཀྱང་། འཚོ་བ་སྟབས་བདེ་ཞིང་བཟའ་ཚང་སེམས་ཁ་མཐུན།
ཡིན་ནའང་། ཨ་མ་ལ་ཁྱི་ཡིས་རྨུགས་ཏེ་མངལ་ཤོར་བའི་གནས་ཚུལ་གྲོང་སྡེ་ཡོངས་ལ་ཁྱབ་རྗེས། སྡེ་བའི་ནང་གི་མི་ལ་ལས་ད་ནས་བཟུང་གནས་མོ(ཨ་མའི་མིང་།)ལ་མངལ་འཁོར་ཐུབ་རྒྱུ་མ་རེད་ཟེར་བའམ། ཡང་ན་གཞུག་ནས་བཙས་པའི་ཕྲུ་གུ་ཡོད་ཚད་དབང་སྐྱོན་ཅན་ཡིན་སྲིད་ཟེར། འཆལ་གཏམ་དེ་ངག་ནས་བརྒྱུད་དེ། མཐར་ཨ་ཕའི་ཐོས་འཛིན་གྱི་བུ་ག་བརྒྱུད་དེ་སེམས་ཀྱི་གྲུ་ཟུར་ཞིག་ཏུ་རྡོ་བ་བཞིན་ལྗིད་ཏིག་གེར་ལྷུང་བས། ལྐོག་ལབ་དང་མི་ཁ་ལ་སྐྲག་པའི་ཨ་ཕས་ངེད་མ་སྨད་གཉིས་བསྐྱུར་ནས་བུད་སོང་།
ཨ་མས་བཤད་ན། དེ་དུས་ང་རང་ལོ་ན་བརྒྱད་ལ་སོན་ཡོད། དེ་ལ་ནོར་ཡ་མེད་དེ། ངའི་རྩེད་རོགས་བྱིས་པ་ཚོས་ང་ལ“ལོ་བརྒྱད་ཁ་ཆག”ཅེས་འབོད་དུས་རེད། ཨ་མ་ཁྱིམ་མཚེས་ཚང་ལ་རྩིད་པ་སེལ་རོགས་སུ་ཕྱིན་པའི་ལམ་བར་ནས་ཁྱི་ལྡོམ་ཞིག་གིས་འཇབ་རྒྱུག་བྱས་ཏེ་རྨུགས། དེ་ལ་རྐྱེན་བྱས་ཏེ་ངའི་གཅུང་པོའམ་གཅུང་མོ་གང་དེ་ཨ་མའི་མངལ་ལས་ཤོར། དེ་དུས་སྡེ་བའི་ནང་དུ་སྨན་ཁང་མེད་པས། ཨ་མ་ངེད་གཉིས་སྲིབ་ཆེན་ཚང་གི་དྲུང་དུ་རྨ་ཁར་སྔགས་རྒྱག་ཏུ་སོང་བ་ཡིན།
ཕྱི་དྲོ་དེར། ཨ་མས་ངའི་ལག་མགོ་ནས་བཟུང་སྟེ་དཔྱལ་གྱི་བྲག་དཀར་ཕྱོགས་སུ་འཁོར་ནས། ལུང་པའི་མདོ་ནས་ཕུ་རུ་སྐྱ་ཤ་ལེར་འཐེན་པའི་ལམ་ཕྲན་དེ་བརྒྱུད་ནས་འགྲོ་དུས། ཉི་འོད་འཁྱག་པ་དེས་ངེད་མ་སྨད་གཉིས་ཀྱི་གྲིབ་མ་རིང་དུ་བསྲིངས་ཤིང་། རིང་དུ་བསྲིངས་པའི་གྲིབ་མ་ནི་ལམ་པ་ཞིག་དང་འདྲ་བར་ངེད་གཉིས་ཀྱི་མདུན་འཁྲིད་པར་བྱེད། གྲིབ་མའི་ལམ་སྟོན་འོག ངེད་གཉིས་གཞི་ནས་སྤྱིལ་བུ་ཞིག་གི་སྒོ་འགྲམ་དུ་སླེབས།
འོན་ཀྱང་། སྤྱིལ་བུ་དེའི་ནང་དུ་ཌ་དྲིལ་གྱི་སྒྲ་སིང་སིང་དུ་སྒྲོག་བཞིན་པ་ལ་གཞིགས་ན། སྲིབ་ཆེན་ཚང་གིས་ད་དུང་ཆོས་ཚན་གང་ཞིག་བཏོན་ཚར་མེད་པ་འདྲ་བས། རེ་ཞིག་སྒོ་འགྲམ་ནས་མི་སྒུག་ཐུ་མེད་དུ་གྱུར།
སྐབས་དེར། གྲིབ་མའི་ལམ་པ་དེ་སྔ་མོ་ནས་གང་ཞིག་ཏུ་སོང་ཚར་འདུག་ལ། དགུང་གི་ཉི་མས་ནུབ་ཕྱོགས་ཀྱི་རྫ་རིའི་རྩེ་ནས་ངེད་མ་སྨད་གཉིས་ལ་ཕྱིར་ལྟ་ཡང་ཡང་གནང་ཞིང་། ཙག་གི་ངར་ཁ་བསྣན་པའི་རླུང་བུ་རེའང་གང་སར་ལྡང་ཡོང་སྟེ། སྒོ་འགྲམ་གྱི་རྩ་བས་མ་ཟིན་པའི་རྩྭ་སྐྱ་དག་ཚོམ་བུ་ཚོམ་བུར་སྤུངས་ཤིང་། དུས་དང་དུས་སུ་ངེད་གཉིས་ཀྱི་ངོ་གདོང་ལ་སྤར་ཤད་རྒྱག་པར་བྱེད། ཌ་དྲིལ་གྱི་སྒྲ་དེ་ཡུན་གྱིས་མཚམས་བཞག་པ་ན། རྣམ་བཅུད་དབང་ལྡན་གྱི་རི་མོ་བྲིས་པའི་ཤིང་སྒོ་དེའང་དལ་གྱིས་ཕྱེ་བྱུང་། ཨ་མ་དེ་མ་ཐག་ཡར་ལ་ལངས་ཏེ་སླར་ཡང་མར་ལ་སྒུར་ཞོར། ཕུ་ཐུང་གཡོན་པ་ལས་ཁ་བཏགས་དཀར་པོ་ཞིག་བཏོན་ནས་ཡར་ལ་ཕུལ།
ཕྱིར་ཁྱིམ་དུ་སླེབས་དུས། ཨ་ཕའི་ལྕགས་རྟ་མཐོང་རྒྱུ་མི་འདུག ཨ་མས་རྐུན་མ་སླེབས་པ་ཨེ་ཡིན་ནམ་ཟེར་བཞིན་འཚུབ་ཆ་ལངས་ཤིང་། ངེད་གཉིས་མྱུར་སྟབས་ཀྱིས་ཁྱིམ་དུ་འཛུལ་བས་ཨ་ཕ་མཐོང་རྒྱུ་མེད་པ་ཙམ་ལས་ཁྱིམ་གྱི་དངོས་པོ་ཡོད་ཚད་འགྱུར་བ་གང་ཡང་མི་འདུག མཚན་མོ་དེ་ནས་བཟུང་། ངའི་གནའ་གཏམ་གྱི་འབྱུང་ཁུངས་གཅིག་པུར་གྱུར་བའི་ཨ་ཕ་གཏན་དུ་མངོན་མ་བྱུང་།
ལོ་དེའི་དཔྱིད་ཀར། ཨ་མས་ང་རང་དགོན་པར་བསྐྱལ་ཏེ། སྐྱེས་ཕོ་ལས་མོ་ལས་གཉིས་ཀ་མོ་རང་གི་ཕྲག་ཏུ་བླངས་སོང་།
ང་རང་ཁྱིམ་དུ་ལོག་ཐེངས་རེར། ཨ་མས་ལྕམ་པའི་ཐུག་པ་བསྐོལ་ནས་ང་ལ་བསྒུགས་པའང་ངའི་མཁལ་མར་ནད་ཡོད་པ་ཤེས་པས་རེད། ཨ་མ་དང་ལྷན་དུ་ཐུག་པ་འཐུང་དུས་ངའི་མིག་མཐའ་གཡས་པ་ནས་བདེ་སྐྱིད་ཀྱི་མཆི་མ་བཞུར་ཞིང་། མིག་ཀོང་གཡོན་པ་རུ། སྡུག་བསྔལ་གྱི་མཆི་མ་འཁྱིལ།
ད་ལྟ། ང་རང་སྔོན་ཆད་དགོན་པའི་ནང་དུ་ཡོད་དུས་དང་འདྲ་བར། གྲོང་ཁྱེར་འདི་རུ་རོ་ཉལ་ཁོ་ནས་མི་ཚེ་སྐྱེལ་བཞིན་ཡོད། གྲོང་ཁྱེར་ནས་ཅི་ཡང་མཐོང་ཞིང་ཅི་ཡང་ཐོས་ཐུབ། འོན་ཀྱང་། ཉི་ཟླ་སྐར་གསུམ་གྱི་འོད་མདངས་མ་ཡལ་བའི་སྔོ་བསངས་ནམ་མཁའི་འོག་གི་གངས་རི་དང་རྫ་རི། སྤང་ལྗོངས་དང་ནེའུ་གསེང་མཐོང་དུ་མེད་པས། ངས་དེ་དག་མཐོང་འདོད་ཀྱི་འདུན་པ་ནི་ཨ་མ་དང་ཞལ་མཇལ་ཐེངས་གཅིག་བྱུང་ན་སྙམ་པའི་འདུན་ནང་བཞིན་ཆེ།
དེ་རེད། ང་རང་ཨ་ཕས་གཡུགས་པ་ལྟར། སྣང་བཟས་བསྐྱུར་བ་བཞིན། ཨ་མ་དང་བྲལ་ནས་ཀྱང་ཏག་ཏག་མི་ལོ་བཅུ་འགོར་སོང་།
ངེད་མ་སྨད་གཉིས་གྲོང་ཁྱེར་དུ་གནས་སྤར་ཏེ་ལོ་ངོ་བརྒྱད་འདས་པ་ན། ཨ་མའི་ཕྲག་པ་གཡས་གཡོན་དུ་དཔྱངས་པའི་ལན་ཆུང་དེ་སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་ཞིང་། ནད་བབ་ཀྱང་ཇེ་སྡུག་ཏུ་ཕྱིན་ཏེ། སྨན་བཅོས་ཇི་ལྟར་བྱས་ཀྱང་དྲག་སྐྱེད་མ་བྱུང་བས། མོ་རང་གི་འདོད་འདུན་ལྟར་ངས་མོ་རང་ཁྲིད་དེ་སྟོད་ཉི་མ་ལྷ་སར་ཇོ་མཇལ་དུ་སོང་།
ཕྱིར་སྤོས་ལྡན་གྲོང་ཁྱེར་དུ་སླེབས་དུས། ངས་སླར་ཡང་ཚོང་ལས་གཉེར་ཁུལ་བྱས་ཤིང་ཨ་མས་ཕྱག་འབུམ་ལྔ་ཙམ་བསགས། ཟོ་བ་ཞབས་བརྡོལ་ལྟ་བུའི་ཧམ་པ་འདི་ལ་ད་དུང་ཚིམ་རྒྱུ་ཞིག་མི་འདུག
དགོང་མོ་ཞིག་ལ། ངས་ཐད་གཏོང་གི་ལམ་ནས་རྔ་མོང་རྟགས་མའི་རྐང་ཤུབས་ཀྱི་ཚོང་ལས་ཡོངས་སུ་མཇུག་རྫོགས་ནས་ཨ་མའི་མལ་ཁང་དུ་ཕྱིན་པ་ན། ཨ་མ་དྲོད་དང་བྲལ་ནས་ཡུན་རིང་འགོར་འདུག་ཅིང་། མལ་ཁྲིའི་གཡས་གཡོན་གཉིས་སུ་སྨན་སྣ་གཅིག་ཀྱང་མཐོང་རྒྱུ་མེད་ཀྱང་། སྔས་འགྲམ་དུ《མནའ་བཤགས་རིན་ཆེན་ཕྲེང་བ་བཞུགས་སོ》ཞེས་པའི་དཔེ་ཆའི་ཞལ་ཕྱེ་ནས་འདུག
“བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་རྒྱལ་བའི་མཛོད་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ན་མནའ་ཟོས་པའི་སྡིག་པ་འདག་གོ །……”
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注