རྩོམ་པ་པོ། : རིག་པའི་གད་རྒྱངས།
ངས་དུར་ཁྲོད་མཐོང་བ་ཐེངས་དང་པོ་ཡིན། དུར་ཁྲོད་ཙམ་མ་ཟད་ཕུང་བོ་བྱ་ཐེབས་བརྒྱབ་པ་མཐོང་ཐེངས་ཀྱང་དང་པོ་ཡིན།
ཏག་ཏག་ཉིན་དེ་ནི་ང་རང་ལས་གྲོགས་གཉིས་དང་མཉམ་དུ་གཞི་རིམ་ལ་སྐྱོད་དུས་རེད། ང་ཚོ་ཞང་འཕྲོད་བསྟེན་ཁང་གི་ཤར་རླུང་རྟགས་ཅན་གྱི་གཞུང་འཁོར་ལ་བསྡད་ནས་སྐྱོབས་པ་རི་ཁྲོད་དུ་བསྐྱོད། སྐྱོབས་པ་རི་ཁྲོད་ནི་ན་དམར་ཆེ་ཞང་ནུབ་བྱང་ཕྱོགས་ཀྱི་རྒྱབ་རི་སེང་གེ་གནམ་ལ་མཆོངས་འདྲའི་རྐེད་དུ་ཆགས་ཡོད། ཀྱག་ཀྱོག་གི་རི་ལམ་མང་པོ་ཞིག་བརྒྱུད་རྗེས་གཞི་ནས་གནས་དེར་སླེབས་སྲིད། རི་ཁྲོད་དེར་དགོན་པ་ཆུང་ཆུང་ཞིག་ཡོད་ཅིང་། དགོན་པ་དེའི་ནང་དུ་དགོན་བདག་བླ་མ་གཅིག་དང་གྲྭ་པ་ཁ་ཤས་ཡོད་ཟེར། ང་ཚོ་དེར་བསྐྱོད་དོན་ནི་ཐུམ་འབུའི་ནད་ཀྱི་འགོག་སྲུང་ཤེས་བྱ་ངོ་སྤྲོད་བྱེད་པའི་དམངས་ཕན་གཤམ་བསྐྱོད་བྱེད་སྒོ་སྤེལ་ཆེད་ཡིན། ཉིན་འགའི་སྔོན་དུ་ན་དམར་ཆེ་ཞང་གི་གྲོང་ཚོ་ཡོངས་ལ་གཤམ་བསྐྱོད་བྱེད་སྒོ་དེ་སྤེལ་ཚར་ནས། ད་ལྟ་ཆེས་མཐའ་མཇུག་གི་ས་ཚིགས་སྐྱོབས་པ་རི་ཁྲོད་དུ་འགྲོ་དགོས་པ་རེད། སྤྱིར་ན་སྐྱོབས་པ་རི་ཁྲོད་དེ་ཆེས་ཐོག་མའི་གཤམ་བསྐྱོད་འཆར་གཞིའི་ནང་མེད་ཀྱང་། ཁ་སང་ཡོན་ཀྲང་ལགས་ཀྱིས་གློ་བུར་དུ་སྤེན་པ་དང་ཚེ་ནོར་གཉིས་གནས་དེར་འགྲོ་དགོས་པར་བསྐུལ་སོང་། དེ་མུར་ངས་ཡོན་ཀྲང་ལགས་ལ་ཁོ་གཉིས་དང་མཉམ་དུ་འགྲོ་འདོད་ཡོད་ཅེས་ཞུས་པར་མོས་མཐུན་གནང་བྱུང་།
ཞོགས་པའི་ཉི་རྩེ་ཐོག་མ་ནམ་རའི་རི་རྒྱུད་ལ་སེར་ལམ་མེར་འཕྲོ་དུས་སྟོན་མཇུག་གི་ས་གཞིར་དེ་བས་སེར་མདངས་ལྷག་ཏུ་རྒྱས་ཤིང་། གྲང་ཤུར་ཤུར་གྱི་མཁའ་རླུང་སྟུག་པོ་ཞིག་རྩྭ་ཐང་གི་ཕང་པ་ཡངས་པོར་ཁྱབ། སེམས་ཀྱི་ག་ཤེད་ཅིག་ནས་དགུན་ཁ་ཤར་ལ་ཉེ་བའི་ཉམས་སྣང་ཞིག་གློ་བུར་དུ་སྐྱེས་ཤིང་ཁོག་འདར་ཞིག་རང་དབང་མེད་པར་ཤོར། དེ་དུས་ང་ཚོ་ཁ་ནུབ་ལ་ཕྱོགས་ནས་ཐལ་རྡུལ་འཚུབ་བེར་སྐྱོད་བཞིན་ཡོད། ཚེ་ནོར་ནི་གཉིད་མ་དྭངས་པ་ལྟར་ཉོབ་མདངས་ངང་ཁུ་སིམ་མེར་བསྡད་འདུག་ཅིང་ཁོའི་ལུས་སྟེང་གི་ཐུན་མོང་མ་ཡིན་པའི་དྲི་མ་དེ་ཕྱོགས་གང་སར་མཆེད་ཀྱིན་འདུག སྤེན་པས་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་འཕྲུལ་འཁོར་གྱི་ཁ་ལོ་སྒྱུར་བཞིན་པར་བལྟས་ན་དེ་རིང་གི་རི་ལམ་དེ་ཁ་གཏད་གཅོག་དཀའ་ཙམ་ཡོད་པ་འདྲ། ངས་རླངས་འཁོར་གྱི་སྒེའུ་ཁུང་ལས་མཐོང་བའི་ཡུལ་ལྗོངས་ལ་ལྟ་བཞིན་སེམས་ཀྱི་སྦུགས་སུ་ཉལ་བའི་ཚོར་བ་དག་གཉིད་ལས་བསླངས་ཏེ། ཡིག་འབྲུ་རྡོག་པོ་འགའ་འབྲི་དགོས་པར་སྐུལ་མ་ཡང་ཡང་བྱས་ཀྱང་། ཁ་བྱང་ཙམ་ཡང་འབྲི་རྒྱུ་མ་རྙེད་པར་ལུས།
རླངས་འཁོར་གྱི་གསིག་རྡེབ་ཆེན་པོ་ཞིག་གིས་ཚེ་ནོར་གྱི་གཉིད་རྦད་དེ་དཀྲོགས་སོང་། ཁོས་གཟེངས་མཐོ་བའི་སྣའི་ཐོག་གི་མིག་ཤེལ་དེ་གཉེར་མདུད་ཐེབས་པའི་ཐོད་པའི་སྟེང་ཡར་དེད་ནས། མིག་ཚིལ་དམར་པོར་གྱུར་པའི་མིག་གཉིས་ལ་འཕུར་འཕུར་ལན་འགའ་བྱས། ནག་པོར་གྱུར་པའི་མཆུ་ཏོ་འགུལ་ཙམ་འགུལ་ཙམ་བྱས་ཏེ་འདར་སིག་སིག་ངང་ཐ་མག་རྐང་གཅིག་ལ་མེ་བསྒྲོན་བྱུང་། ཐ་མག་གི་དྲི་མ་ངར་པོ་ཞིག་དང་ཁོའི་ལུས་སྟེང་གི་ཐུན་མོང་མ་ཡིན་པའི་དྲི་མ་གཉིས་རེས་འཇགས་རེས་ལངས་ཀྱི་ཚུལ་གྱིས་ངའི་སྣ་ལམ་དུ་འཐུལ།
“ཁྱོད་སྐྱོབས་པ་རི་ཁྲོད་དུ་འགྲོ་མྱོང་ངམ།”ཁོས་གློ་བུར་དུ་ང་ལ་བལྟས་ནས་དེ་ལྟར་དྲིས།
“མ་མྱོང་། ”ངས་སྐེ་གཅུས་ནས་དེ་ལྟར་ལན་བཏབ།
“ཁྱོད་ཀྱི་ཕ་དྲིན་ཆེན་དེ་རི་ཁྲོད་དེར་བསྐྱལ་བ་རེད།”ཁོའི་དྲན་སྐུལ་ལྟ་བུའི་སྐད་ཆ་དེས་ང་རང་བློང་བློང་པོར་བཏང་། མ་གཞི་ཁོས་དྲན་སྐུལ་མ་བྱས་ཀྱང་ངས་བརྗེད་མི་སྲིད་ལ། ཐེངས་འདིར་སྐྱོབས་པ་རི་ཁྲོད་དུ་བསྐྱོད་འདོད་པའི་རེ་འདུན་ཞུ་དོན་ཡང་དེ་ཡིན། ངའི་ཕ་དྲིན་ཆེན་འཇིག་རྟེན་དཀར་ངོགས་དང་བྲལ་རྗེས་སུ་ཞིག་གིས་ངའི་མདུན་དུ་ཁོང་གི་སྐོར་གླེང་ཚེ་ང་ལ་ཉན་འདོད་གཏན་ནས་མེད་ཅིང་། མི་དེར་སུན་སྣང་འགོག་མེད་ཅིག་སྐྱེ། དེར་བརྟེན་ངས་ཁོ་ལ་ཨ་ལན་མ་སྤྲད་པར་ཁ་རོག་གེར་བསྡད་པ་ཡིན།
རླངས་འཁོར་ཀྱག་ཀྱོག་གི་རི་ལམ་དུ་དལ་བུར་བགྲོད་བཞིན་པ་ནི་གླང་གོག་ཅིག་སྒྱིད་ལུག་ཆེན་པོས་རི་ལ་འགོ་བཞིན་པ་དང་འདྲ་ཞིང་། ལུང་པའི་ཉིན་སྲིབ་གཉིས་སུ་ནོར་ལུག་ཁྱུ་དང་ཁྱུ་བྱས་ཏེ་རྩྭ་སར་འདེད་ཀྱིན་པ་ནི་པིར་གྱིས་བྲིས་པའི་རི་མོ་ཞིག་དང་ཀུན་ནས་མཚུངས། ང་ཚོ་དུག་སྦྲུལ་ཆེན་པོ་ཞིག་ས་ལ་ཉལ་འདྲའི་རི་ལམ་དེའི་ཐོག་ཏུ་ཉིན་ནས་སྲིབ་ལ་འཛུལ་ཞིང་སླར་ཡང་སྲིབ་ནས་ཉིན་ལ་སླེབས། རླངས་འཁོར་རིམ་བཞིན་ཇེ་མཐོ་ནས་ཇེ་མཐོར་འགོས་པས་ཐང་དཀྱིལ་ལ་གནས་པའི་ན་དམར་ཆེ་ཞང་གི་བཀོད་པ་ཡོངས་རྫོགས་ལག་མཐིལ་དུ་བླངས་པ་བཞིན་མིག་ལམ་ལ་མངོན་ཡོང་། དེ་ནི་གསེར་མདོག་གི་མེ་ལོང་ཆེན་པོ་ཞིག་གི་ངོས་སུ་མུ་ཏིག་གི་ཕྲ་ཚོམ་བཏབ་པ་ལྟར་མིག་ལ་མཛེས་པ་ཞིག་ཀྱང་རེད། གྱེན་གཟར་ཅན་གྱི་ཁུག་ལམ་ཆེན་པོ་ཞིག་བརྒྱུད་རྗེས་སྐྱོབས་པ་རི་ཁྲོད་ཀྱི་དགོན་པ་དེ་མཐོང་བྱུང་། དེ་ནི་བྲག་རི་ཆེན་པོ་ཞིག་གི་འོག་ཏུ་སོ་ཕག་གི་ཁང་པ་འགའ་ཐར་ཐོར་དུ་གནས་འདུག་པའོ། །
ང་ཚོ་རླངས་འཁོར་ལས་མར་བབས་པ་ན། སྒོ་ཆེན་ནས་གྲྭ་ཕྲུག་ཅིག་ཕྱི་རུ་བུད་བྱུང་། གཟུགས་ཚད་ལ་བལྟས་ན་སློབ་ཆུང་མཐར་ཕྱིན་ཙམ་ནས་གྲྭ་པར་ཕྱིན་པ་འདྲ། ཁ་ངོ་གཙང་ཞིང་གྲྭ་ཆས་སྤུས་དག་ཅིག་གྱོན་འདུག ཚེ་ནོར་གྱིས་གྲྭ་ཕྲུག་དེར་བླ་མ་བཞུགས་ཡོད་མེད་དྲིས་པར། གྲྭ་ཕྲུག་དེས་བླ་མ་དང་གྲྭ་པ་རྒན་པ་ཚོ་དུར་ཁྲོད་ལ་ཕེབས་སོང་ཟེར། དུར་ཁྲོད་ནི་དགོན་པ་དང་ཐག་མི་རིང་བའི་གཤམ་ཟུར་དུ་ཡོད་པར་བཤད་པས་གྲྭ་ཕྲུག་དེས་ང་ཚོ་དེར་ཁྲིད་བྱུང་། ང་ཚོ་དུར་ཁྲོད་དུ་སླེབས་རྗེས་མིག་ལམ་དུ་འཇིགས་སྐྲག་ཆེ་བའི་ངང་ཚུལ་དེ་དག་མཐོང་མ་ཐག་ང་རང་རེ་ཞིག་དྲན་པ་ཐོར་པ་ལྟར་ལུས། མི་ཁྲག་གིས་ཚོས་པའི་བྱ་རྒོད་དེ་དག་གི་མགོ་བོ་མཐོང་དུས་ངའི་མིག་ཀོང་དུ་མཆི་མ་རྡོག་པོ་འགའ་དབང་མེད་དུ་འཁྱིལ་བྱུང་། དེ་དུས་ངའི་སེམས་སུ་ཤར་བ་ནི་མིག་མདུན་གྱི་མགོ་པགས་དང་རུས་པ་ཁ་ཤས་ལས་ལྷག་མེད་པའི་འདས་པོ་དེ་མ་ཡིན་པར། མི་ལོ་བཞིའི་གོང་གི་དུར་ཁྲོད་འདིར་བསྐྱལ་བའི་ཕ་དྲིན་ཆེན་ཁོང་ཡིན། ངའི་སྒེར་སེམས་ལྟ་བུའི་མིག་ཆུ་རྡོག་པོ་དེ་དག་ཕྲེང་ཐག་ཆད་པ་ལྟར་མིག་ཀོང་ནས་ཕྱིར་མཁུར་མགོ་བརྒྱུད་དེ་རང་དབང་མེད་པར་ཤམ་ཤམ་ལྷུང་།
2
“ང་ཤི་རྗེས་ཕུང་བོ་སྐྱོབས་པ་རི་ཁྲོད་དུ་བསྐྱལ་རོགས།”
དེ་ནི་ངའི་ཕ་དྲིན་ཆེན་གྱིས་རང་ཉིད་ནད་ཀྱིས་མནར་ནས་རིང་པོ་མི་འཁྱོལ་པ་ཤེས་རྗེས་ཨ་ཁུ་ལ་བཅོལ་པའི་ཞལ་ཆེམས་རེད། ཨ་ཁུས་རྗེས་སུ་ང་ཚོ་ལ་ཁོང་གིས་ཞལ་ཆེམས་སྣ་གཉིས་བཞག་ཀྱང་གཅིག་ནི་དུས་ལ་བབས་དུས་ཤིག་ལ་བཤད་ཡོང་ཟེར། ངས་ལྐོག་གྱུར་གྱི་ཞལ་ཆེམས་དེར་ཡུན་རིང་རེ་སྒུག་བྱས་ཀྱང་ད་དུང་དུས་ལ་བབས་མེད་པ་འདྲ་བས་བཤད་མ་བྱུང་། ངའི་ཕ་དྲིན་ཆེན་ཁོང་འཇིག་རྟེན་དཀར་ངོགས་དང་བྲལ་པའི་ཉིན་མོ་དེ་ངས་རྩ་བ་ནས་བརྗེད་ཐབས་མི་འདུག དེ་དུས་ང་རང་ལྷ་སར་སློབ་ཆེན་འགྲིམ་བཞིན་ཡོད། གློ་བུར་དུ་ཁྱིམ་ནས་ཁ་པར་འབྱོར་ཏེ་ཁོང་ན་བཞིན་འདུག་པས་དགོངས་པ་ཞུས་ཏེ་ལོག་ཤོག་ཟེར། ངས་དེ་མུར་མེ་འཁོར་གྱི་པ་སེ་ཉོས་ཏེ་ལྷ་ས་ནས་ནག་ཆུར་ལོག ནམ་རྒྱུན་ཧ་ཅང་མྱུར་བའི་མེ་འཁོར་ཡང་ཉིན་དེར་སྒྲོག་གིས་བཅིངས་པའི་རྟ་ཕོ་བཞིན་ངའི་བསམ་པའི་རྗེས་མ་ཆོད་པར་ཡུན་རིང་འགོར། ང་རང་ཕ་ཡུལ་དུ་འབྱོར་དུས་ནི་མཚམས་སྤྲིན་དམར་པོ་ཞིག་ཉི་མ་བཞུད་ཤུལ་དུ་ལྷག་འདུག་ཅིང་། གསེར་མདོག་གི་རྩྭ་ཐང་ཆེན་པོ་མུན་པའི་འཇབ་རྒོལ་ལ་སྐྲག་པ་ལྟར་འཇམ་ཐིང་ངེར་འདུག ས་སྲོད་དེར་ང་ཁོང་གི་སྐུ་འགྲམ་དུ་འབྱོར་ཡང་ཁོང་ང་ཚོ་དང་གཏན་དུ་བྲལ་སོང་། ཁོང་གིས་ང་མཐོང་མ་ཐག་སྐམ་ཞིང་རིད་པའི་གདོང་ལ་འཛུམ་ཙམ་རྒྱས་ཏེ་མིག་མཐར་མཆི་ཞགས་འཁོར་བཞིན་ཅི་ཞིག་བཤད་འདོད་པའི་ཁ་ཤ་འགུལ་ཙམ་འགུལ་ཙམ་བྱས་མུར་དབུགས་ཀྱི་རྒྱུ་བ་རྦད་དེ་ཆད། དགོང་མོ་དེའི་མུན་པ་སྟུག་པོ་དེས་རྩྭ་ཐང་ཡངས་པོ་ཁྱུར་མིད་དུ་བཏང་པ་མ་ཟད་ངའི་ཕ་དྲིན་ཆེན་ཡང་ཁྱུར་མིད་དུ་བཏང་། མར་མེའི་འོད་མདངས་ཀྱི་ངོགས་སུ་ངས་ཁོང་གི་ཞལ་རས་ལ་ཡང་ཡང་ལྟ་བཞིན་འདས་དོན་མང་པོ་ཞིག་ལ་ཕྱིར་དྲན་བྱས། ཕྱིར་དྲན་གྱི་ཀློང་ནས་བརྗེད་པར་དཀའ་བའི་འདས་དོན་ཞིག་ཡིད་ལ་ཝ་ལེར་ཤར་བྱུང་།
དེ་ཡང་ཉིན་ཞིག ཁོང་གིས་ང་ཁྲིད་དེ་རི་ལ་ཕྱུགས་རྫིར་སོང་། སྨུག་པ་ལང་ལོང་དུ་འཐིབས་པའི་ཞོགས་པ་དེར་ངེད་གཉིས་རེ་སྡེ་ཞེས་པའི་ལུང་པ་དེའི་ནང་དུ་ལུག་འཚོ་བར་ཕྱིན། ལུག་ཁྱུ་ནི་སྨུག་པའི་ཁྲོད་ཅི་མི་སྙམ་པར་མདུན་ནས་མདུན་དུ་གཤར། ཁོང་གིས་གོམ་སྟབས་ཆེན་པོས་ས་སྟེང་ལ་རྐང་རྗེས་ཆེན་པོ་རེ་དཔར་བཞིན་མདུན་དུ་བསྐྱོད། ངས་ཁོང་གིས་དཔར་པའི་རྐང་རྗེས་ཀྱི་ཤུལ་ཟིན་ཅི་ཐུབ་ལྟ་བཞིན་རྒྱུག་མ་འདུར་གྱིས་ཕྱིན། བྱིས་པ་ཆུང་ཆུང་ཞིག་གིས་མི་རྒན་ཞིག་གི་རྐང་རྗེས་ཟིན་ཐབས་བྱེད་པ་ནི་དཀའ་ཁག་ཆེན་པོ་ཞིག་རེད། ཡུད་ཙམ་ཕྱིན་རྗེས་ངས་ཁོང་གི་རྐང་རྗེས་མ་ཟིན་པར་ཐང་ཆད་ནས་གོམ་སྟབས་འཁྱོར། ཁོང་གིས་ཕྱིར་ལྟ་ཙམ་ཡང་མི་བྱེད་པར་མུ་མཐུད་ནས་མདུན་དུ་བསྐྱོད་པས། ང་རང་འུ་ཐུག་ནས་ས་ལ་འགྱེལ་ཏེ་སྐད་ཤུགས་ཆེན་པོས་ངུས། ངའི་ངུ་སྐད་ཀྱིས་ཁོང་གི་གོམ་ཁ་གཞི་ནས་འགོག་ཐུབ་ཙམ་བྱུང་། ཁོང་གིས་ངའི་འུ་ཐུག་པའི་རྣམ་འགྱུར་མཐོང་སྐབས་ངོ་གནག་སྟེ“ཡར་ལོངས། བུ་ཞིག་དང་མི་འདྲ་བར་མིག་ཆུ་གང་བྱུང་དུ་གཏོང་རུང་ངམ། ”ཞེས་རྡོག་ཐོ་ཞིག་གཞུས་བྱུང་། ཁོང་གི་བྱེད་སྟངས་ནི་ངའི་བསམ་ཡུལ་ལས་འདས་པས་དེ་མུར་ཡར་ལངས་ནས་མིག་ཆུ་འབྱིད་བཞིན་མདུན་དུ་བསྐྱོད། ད་ནི་ང་རང་མདུན་དང་ཁོང་ནི་རྒྱབ་ཏུ་ཡོད་པས་ཁོང་གི་རྐང་རྗེས་སྙེག་མི་དགོས་པར་གང་འདོད་ངང་འགྲོ་ཆོག་པས་སྟབས་བདེ་རུ་ཕྱིན་པའི་སྣང་བ་བྱུང་། ཁོང་གིས་ངའི་རྒྱབ་ཕྱོགས་ནས་སློབ་གསོ་ལྟ་བུའི་སྐད་ཆ་མང་པོ་ཞིག་བཤད་བྱུང་།
“སྐྱེས་ཕོ་རབ་ཀྱི་མིག་ཆུ་གསེར་ལས་དཀོན་ཟེར་བས་མིག་ཆུ་གང་བྱུང་དུ་གཏོང་མི་ཉན།”
“དཀའ་སྡུག་གང་ལ་འཕྲད་ཀྱང་དམིགས་འབེན་ལ་མ་སླེབས་ན་གོམ་མཚམས་འཇོག་མི་ཉན།”
“བུ་ཞིག་ཡིན་པའི་ཆ་ནས་འགན་ཁྲིའི་སེམས་པ་བརྟན་པོ་ཡོད་དགོས།”
སྐབས་དེར་ངས་ཁོང་གི་གསེར་ལྟ་བུའི་བཀའ་སློབ་དེ་དག་གི་རིན་ཐང་ལ་གོ་བ་ཡག་པོ་ཞིག་ལེན་མ་ཐུབ།
ཉིན་དེར་ངེད་གཉིས་ཀྱིས་གུང་ཟས་སྟབས་བདེ་ཞིག་ཟོས་རྗེས་མཚོ་ལ་བལྟ་བར་ཕྱིན། ནག་ཡུའི་ལ་ཐོག་ཏུ་སླེབས་རྗེས་འབྲོང་མཚོ་ཕྱུག་མོ་སྔོ་ལྟེམ་མེར་མིག་ལམ་ལ་ཤར་བྱུང་། ངས་མཚོ་ཆེན་པོ་དེ་འདྲ་མཐོང་པ་ཐེངས་དང་པོ་ཡིན་པས་སྐྲག་ནས་ལུས་པོ་སིག་སིག་ཏུ་འདར། མུ་མཐུད་མཚོ་ལ་བལྟ་མ་ནུས་པར་ཁོང་གི་རྒྱབ་ཏུ་གབ།
ཁོང་གིས་ང་རང་པང་དུ་བླངས་ནས་མཚོ་ལ་ཞིབ་ཏུ་བལྟ་རུ་བཅུག ཁོང་གིས་བཤད་ན་འབྲོང་མཚོ་ནི་བྱང་གནམ་མཚོ་ཕྱུག་མོའི་ཨ་མ་ཡིན་ཡང་ད་ལྟ་མཚོ་སྐོར་སོགས་བྱེད་མཁན་མེད་པ་ནི་བདུད་ཨ་ཁྱུང་གིས་འབྲོང་མཚོའི་མཐིལ་བརྟོལ་ནས་བྱིན་རླབས་མེད་པར་བཟོས་པས་རེད་ཟེར། ཁོང་གི་ལྷ་སྒྲུང་ལྟ་བུའི་སྐད་ཆ་དག་ལ་ཉན་བཞིན་ངས་མིག་ཆེར་བགྲད་དེ་ཞིབ་པར་བལྟས། གནམ་སྔོན་པོ་ས་ལ་ལྷུང་འདྲའི་མཚོ་ཆེན་དེ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་དལ་བུར་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་འདུག་ཅིང་། མཚོ་བྱ་འགའ་ལན་རེར་གནམ་ལ་འཕུར་ཞིང་ལན་རེར་མཚོ་ཁར་བབས་ནས་ཆུ་ལ་རྐྱལ་བཞིན་མཆིས།
“ཨ་ཕ། གནམ་མཚོ་དང་འབྲོང་མཚོ་གཉིས་ལས་གང་ཆེ་བ་ཡོད་དམ།”
“ཨ་མ་དང་ཁྱོད་གཉིས་ལས་སུ་ཆེ་བ་འདུག་གམ།”
ཁོང་གིས་འཛུམ་ཙམ་བྱས་ཏེ།ཚུར་ལ་ལྡོག་འདྲི་ཞིག་བྱས་བྱུང་བར་ང་རང་ཅི་ཤོད་འདི་ཤོད་མེད་པར་གྱུར། རླུང་བུ་འཇམ་པོ་ཞིག་གིས་ངེད་གཉིས་ཀྱི་གདོང་ལ་བྱིལ་བྱིལ་བྱེད་ཅིང་། རྩྭ་རྩི་ཤིང་དང་མེ་ཏོག་སྣ་ཚོགས་ཀྱི་དྲི་ཞིམ་སྣ་ལམ་དུ་ཐུལ་ཡོང་།
“ཁྱོད་ཀྱིས་ཤེས་བྱ་རིག་གནས་ལ་འབད་བརྩོན་བྱས་ཏེ་རང་གི་མི་ཚེའི་ལམ་ཁ་གསར་པ་ཞིག་འཚོལ་དགོས”ཁོང་གིས་གཟབ་ནན་ངང་བཤད།
“ཨ་ཕ། ལམ་ཁ་གསར་པ་ཟེར་ན་གང་འདྲ་ཡིན་ནམ”ངས་ལྐུགས་ཐོམ་ཐོམ་ངང་དྲིས།
“རིག་གནས་ལ་བརྟེན་ནས་ཟ་མ་རག་པ་བྱེད་དགོས”ཁོང་གིས་ངང་རྒྱུད་རིང་པོས་ལན་བཏབ།
“ལགས་སོ། རྒན་ལགས་ཀྱིས་ཀྱང་ང་ཚོར་རྟག་པར་དེ་འདྲ་གསུངས་ཀྱི་འདུག”ངས་ཧ་གོ་སོང་བའི་ཚུལ་གྱིས་དེ་ལྟར་བཤད།
ཁོང་གིས་ཀྱང་བདེན་ཅོག་ཅོག་ངང་གདོང་ལ་འཛུམ་ལངས་བཞིན་སྡོད། མཚམས་དེར་ལུག་ཁྱུ་རི་གཤམ་གྱི་ཆུ་འགྲམ་ཏུ་བབས་འདུག་པས་ངེད་གཉིས་ཀྱང་རྒྱུག་མ་འདུར་གྱིས་ལུག་ཁྱུའི་རྗེས་བསྙེགས་ཏེ་སོང་།
ང་རང་ཕྱིར་དྲན་གྱི་ཀློང་ནས་སད་དུས་མུན་པ་ཇེ་སྟུག་ནས་ཇེ་སྟུག་ཏུ་གྱུར་ལ་མར་མེའི་འོད་ཀྱང་གསལ་ལ་མི་གསལ་བར་གྱུར། ཁོང་གི་སྐུ་གདུང་སྟེང་དུ་རས་དཀར་པོ་ཞིག་བཀབ་འདུག་ཀྱང་ངའི་སྣང་ངོར་ཁོང་གི་བྱད་བཞིན་གསལ་པོར་མཐོང་ཐུབ་ལ། ཡོད་ཚད་རྨི་ལམ་ལྟ་བུའི་འཕྲུལ་སྣང་གིས་ཁེངས།
3
“ཕྲུ་གུ་དེའི་མིག་གཡས་པའི་འོག་ཏུ་སྨེ་བ་ནག་པོ་ཞིག་ཡོད་ཟེར།”
ང་ཚོ་དུར་ཁྲོད་ལས་ཕྱིར་དགོན་པར་འབྱོར་ཏེ་དྲིལ་སྒྲོག་ཚོགས་འདུའི་འགོ་བརྩམས། དབུ་སྐྲ་དུང་ལྟར་དཀར་བའི་དགོན་བདག་བླ་མ་དཀྱིལ་དུ་བཞུགས་ཤིང་གཞོགས་གཉིས་སུ་ཚེ་ནོར་དང་སྤེན་པ་བསྡད། འོག་ཏུ་གྲྭ་པ་རྣམས་སྐྱིལ་ཀྲུང་བྱས་ནས་བཞུགས་པ་དང་། ངས་ལག་ཏུ་པར་ཆས་ཐོགས་ཏེ་བརྙན་དང་པར་བླངས། ཚེ་ནོར་གྱིས་གྲེ་བསང་ཞིག་བྱས་ཏེ་ཚོགས་འདུར་འགོ་འཛིན་བྱས། ཁོས་ཐོག་མར་ཐུམ་འབུའི་ནད་ཀྱི་ཁྱད་ཆོས་དང་འགོ་ལམ་འགྲེལ་བཤད་བྱས་པ་དང་། དེ་ནས་ནད་ངོས་འཛིན་ཐབས་དང་སྨན་བཅོས་བྱེད་ཐབས་སོགས་ངོ་སྤྲོད་བྱས། མཇུག་ཏུ་སྔོན་འགོག་བྱེད་ཐབས་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་གཙོ་བོར་བཟུང་ནས་གསལ་བཤད་ཞིབ་ཅིང་ཕྲ་བར་བྱས། གལ་ཏེ་ཆེད་ལས་ཀྱི་སྦྱོང་བརྡར་དང་གྲོང་ཚོ་མང་པོར་བསྐྱོད་པའི་ཉམས་མྱོང་མེད་ཚེ་དེ་འདྲ་མང་པོ་ཞིག་བཤད་མི་ཐུབ་པ་སྨོས་མེད་རེད། ངས་དེ་ལྟར་བསམ་ཞོར་ཚེ་ནོར་ལ་ཡིད་སྨོན་ཞིག་ཀྱང་ཤོར། ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཚེ་ནོར་ནི་དཔའ་དར་བླངས་པའི་དཔའ་བོ་ཞིག་ལྟར་མགོ་བོ་ལྕོག་ལྕོག་བྱེད་བཞིན་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས། མཇུག་ཏུ་དགོན་བདག་བླ་མས“དེང་སང་གི་མི་རྣམས་བསོད་བདེ་ཆེན་པོ་རེད། ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་འོག་ཏུ་ནད་ཡོད་ན་བཅོས་ཆོག་ཆོག་རེད། སྨན་དགོས་ན་ཟ་ཆོག་ཆོག་རེད། དེ་རིང་ཡང་ཁྱེད་རྣམ་པ་འདིར་ཕེབས་ནས་ཐུམ་འབུའི་ནད་ཀྱི་ཤེས་བྱ་དྲིལ་སྒྲོག་གནང་བ་ལ་སྐུ་དྲིན་ཆེ་ཞུ་བ་ཡིན”ཞེས་གུས་གུས་ཞུམ་ཞུམ་ངང་མཇུག་སྡོམ་གྱི་བཀའ་མོལ་གནངས།
སྒྲོག་འགྲེལ་ཚོགས་འདུ་མཇུག་བསྒྲིལ་རྗེས་ང་ཚོས་གྲྭ་པ་ཚོར་ཐུམ་འབུའི་ནད་ཀྱི་འགོག་སྲུང་ཤེས་བྱའི་ལག་དེབ་སྤྲད་པ་མ་ཟད། ད་དུང་ཉིན་ཤས་རྗེས་སུ་ངེད་འཕྲོད་བསྟེན་ཁང་གིས་ཞང་ཡོངས་ཀྱི་མང་ཚོགས་ལ་རིན་མེད་སྒོས་ཐུམ་འབུའི་ནད་ཀྱི་བརྟག་དཔྱད་བྱ་རྒྱུ་རེད་ཅེས་བསྒྲགས། ཚེ་ནོར་གྱིས་ཁ་ཁ་དང་ལྕེ་ལྕེ་བྱས་ཏེ་མང་པོ་མང་པོ་ཞིག་བཤད་པར། ཁོང་རྣམ་པའི་མགོ་ལྕོག་རླུང་གིས་གཡོ་བའི་སྙེ་མ་ལྟར་ལྡེམ་ལྡེམ་དུ་གཡོ་བཞིན། ངག་ནས་ལགས་སོ་ལགས་སོ་ཞེས་མ་ཎི་འདྲེན་འདྲེན་བྱེད།
ཐེངས་དེའི་དམངས་ཕན་གཤམ་སྐྱོད་བྱེད་སྒོའི་བྱ་རིམ་ཁག་བདེ་བླག་ངང་མཇུག་བསྒྲིལ་རྗེས། ང་ཚོ་གཞུང་འཁོར་ལ་བསྡད་དེ་ཕྱིར་ལོག་པའི་ལམ་དུ་ཞུགས། ད་གིན་དུར་ཁྲོད་ལས་མཐོང་བའི་སྐྱི་གཡའ་བའི་སྣང་ཚུལ་དེ་དག་ངའི་ཡིད་ལ་གློག་བརྙན་བཞིན་ཡང་ཡང་འཁོར་ཡོང་ཞིང་། ཇི་ལྟར་བཙན་གྱིས་བརྗེད་ཐབས་བྱས་ཀྱང་སུ་ཞིག་གིས་དྲན་གསོ་བ་ལྟར་བརྗེད་མ་ཐུབ། རླངས་འཁོར་ཐུར་ལམ་ལ་རྦབ་རྡོ་འགྲིལ་པ་ལྟར་བརྒྱུགས་ཏེ་སྐད་ཅིག་ཉིད་ལ་རི་གཤམ་དུ་སླེབས་སོང་། དེ་དུས་ཉི་མ་ཡང་ལ་རུ་བཞུད་རན་ཞིང་། གསེར་མདོག་གི་རྩྭ་ཐང་ངལ་དུབ་ཀྱིས་མནར་བ་ལྟར་ཁུ་སིམ་མེར་མཆིས། མུན་པའི་འཇབ་རྒོལ་གྱི་ཁ་གཏད་དུ་ལངས་པ་ལྟ་བུའི་ང་ཚོའི་རླངས་འཁོར་དེ་རྟ་ཕོ་སྲབ་མེད་ཅིག་ལྟར་ཤེད་ཀྱིས་མདུན་ནས་མདུན་དུ་རྒྱུག ངའི་ནང་སེམས་སུ་ཅིག་ཞིག་བོར་སོང་བའམ་ཤོར་སོང་བ་ལྟ་བུའི་སེམས་སྡུག་གིས་ཁེངས་ཤིང་། ནང་སེམས་ཀྱི་གཏིང་རུམ་ནས་བརྡོལ་བའི་མཆི་མ་རྡོག་པོ་འགའ་མིག་ཀོང་དུ་འཁྱིལ་ཞིང་། བསྲན་མ་ཐུབ་པར་ཕྱིར་མིག་མཐའ་ནས་བཞུར། མཐར་མཁུར་མགོ་ནས་འཁྱག་ཤུར་ཤུར་ངང་ལྷུང་ཞིང་ཁ་ནང་དུ་ཚྭ་སྐྱུར་སྐྱུར་ངང་འཛུལ།
ང་རང་འཁྱག་ཤུར་ཤུར་གྱི་སྡོད་ཁང་དུ་སླེབས་དུས་ཚ་སོབ་སོབ་ཀྱི་ཁྱིམ་གཞིས་ཤིག་ཡོད་ན་ཅི་མ་རུང་སྙམ། གློག་འོད་འོག་གི་རང་ཉིད་ཀྱི་གྲིབ་གཟུགས་མཐོང་དུས་འཛུམ་དམུལ་དམུལ་གྱི་ཆུང་མ་ཞིག་ཡོད་ན་དགའ་བ་ལ་བསམས། ད་དུང་དྲོད་ཡལ་པའི་མལ་སའི་ནང་འཛུལ་དུས་ནམ་ཡང་ཕ་མ་གཉིས་ཀྱི་རུམ་ལ་ཉལ་རྒྱུ་ཡོད་ན་སྐྱིད་པ་ལ་སྙམ། ཡོད་ཚད་སྟོང་བསམ་ཁོ་ན་ཡིན་པས་ང་རང་སྟོང་ལྷང་ལྷང་ངང་དུ་ཉལ། གློ་བུར་དུ་ཁ་པར་གྲག་བྱུང་། ཁ་པར་དེ་ཨ་མས་བཏང་ཡོང་བ་རེད་འདུག “བུ། ཁོང་སྐྱེ་བ་བླངས་ཚར་འདུག་ཟེར”ཁ་པར་གྱི་ཕ་རོལ་ནས་ཨ་མས་སྐད་ཤུགས་ཆེན་པོས་སྨྲས་བྱུང་། ཨ་མའི་སྐད་ཤུགས་ལ་བལྟས་ན་ཕལ་ཆེར་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ཡོད་ངེས། “སུ། སྐྱེ་བ་གང”ངས་མགོ་མ་འཚོལ་བ་ལྟར་ཨ་མར་དྲིས། “ཁྱོད་ཚོའི་ཕ་དྲིན་ཆེན་ཁོང་སྐྱེ་བ་བླངས་འདུག་ཟེར”ཨ་མས་ཁ་གསབ་ཀྱི་ཚུལ་གྱིས་ལན་བཏབ། “སུས་ཟེར”ང་རང་ཡིད་མ་ཆེས་པར་དྲིས། “སྔགས་པ་སངས་རྒྱས་ལ་མོ་ཞུས་པ་ཡིན”སྔགས་པ་ཟེར་བ་ཙམ་གྱིས་ང་རང་ཅུང་ཡིད་མི་ཆེས་པར་གྱུར། “ཡིན་གྱི་མ་རེད”ངས་ཐེ་ཚོམ་ངང་ལན་བཏབ། ཨ་མས་དེ་མ་ཐག“དེ་འདྲ་ཟེར་མི་རུང་། ཁོང་གི་མོ་ལ་ཤོར་རྒྱུ་མེད། ཁོང་གིས་ཕ་དྲིན་ཆེན་དེ་ལུང་པ་དམར་པོ་ཞིག་གི་ནང་དུ་སྒོ་ཁྱི་ནག་པོ་ཡོད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེ་བ་བླངས་འདུག་ཟེར། ཕྲུ་གུ་དེའི་མིག་གཡས་པའི་འོག་ཏུ་སྨེ་བ་ནག་པོ་ཞིག་ཡོད་ཟེར། དེ་འདྲ་གསལ་པོར་གསུངས་དུས་ཏན་ཏན་བདེན་པ་རེད། ཁྱོད་གཤམ་བསྐྱོད་ལ་འགྲོ་དུས་ཡིད་འཇོག་བྱོས”ཞེས་བཀའ་བཏང་རྗེས་ཁ་པར་གྱི་སྒོ་གཏན་སོང་། ངས་ལུང་པ་དམར་པོ་དང་སྒོ་ཁྱི་ནག་པོ། སྨེ་བ་ནག་པོ་བཅས་འཛོམས་པའི་ཁྱིམ་ཚང་ཞིག་ཡོད་མེད་ལ་བསམ་བློ་གཏོང་བཞིན་བསྡད། ཕལ་ཆེར་ངའི་དྲན་པའི་སྦུགས་སུ་ཆ་རྐྱེན་དེ་གསུམ་ཀ་འཛོམས་པ་ཞིག་མེད་པ་འདྲ། ངས་དྲན་སྐུལ་དང་ཕྱིར་འདང་ག་ཙམ་བརྒྱབ་ཀྱང་རྙེད་མ་བྱུང་། མུན་པའི་ཟབ་ཚད་ཇེ་མཐུག་ནས་ཇེ་མཐུག་ཏུ་གྱུར་དུས་ངའི་དྲན་པ་ཡང་རབ་རིབ་ཏུ་གྱུར་ཏེ་གཉིད་ལ་ཤོར།
4
“སྨེ་བ་ནག་པོ་དེའི་གཡས་གཡོན་ནོར་བ་མིན་ནམ།”
དེ་རིང་ནི་ངེད་འཕྲོད་བསྟེན་ཁང་གིས་ཞང་ཡོངས་ཀྱི་མང་ཚོགས་ལ་ཐུམ་འབུའི་ནད་ལ་བརྟག་དཔྱད་བྱེད་པའི་ཉིན་གསུམ་པ་དེ་ཡིན། འཕྲོད་བསྟེན་ཁང་གི་སྒོ་ཁར་མོ་ཊ་ཆེ་ཆུང་སྣ་ཚོགས་དང་སྦག་སྦག་གིས་ཁེངས་ཤིང་། སྒོ་རའི་ནང་དུ་མི་ཚོགས་ཀྱི་འདུ་འཛི་ལང་ལོང་བྱེད། ང་ནི་ནམ་རྒྱུན་ལྟར་ཡིག་ཆ་བཟོ་མཁན་དང་བརྙན་པར་ལེན་མཁན་ཡིན་པས། གཞུང་ལས་ཁང་དུ་བསྡུས་འཕྲིན་ཞིག་འབྲི་བཞིན་བསྡད་ཡོད། དྲོ་ཞིང་འཇམ་པའི་ཉི་འོད་འཁྱམ་པོ་ཞིག་དམིགས་ཡུལ་མེད་པར་སྒེའུ་ཁུང་བརྒྱུད་ནས་ངའི་གཞུང་ལས་ཁང་དུ་འཕྲོས་ཤིང་། ཆུ་ཁོལ་བའི་སྒྲ་ཞིག་དང་མཛུབ་མོ་མཐེབ་གཞོང་ལ་རེག་པའི་སྒྲ་གཉིས་ཕྲ་སྦོམ་དང་མཐོ་དམའ་མི་སྙོམས་པར་ཐོས་ཡོང་། མཛུབ་མོས་གློག་ཀླད་ཀྱི་མཐེབ་གཞོང་ངོས་སུ་གར་གྱི་སྟངས་སྟབས་བསྒྱུར་བ་བཞིན་ཡར་ལྡིང་མར་འབབ་བྱེད་པ་ཙམ་གྱིས་བསྡུས་འཕྲིན་ཞིག་བྲིས་ཚར་ཏེ་ཡོན་ཀྲང་ལགས་ལ་བསྐུར། བསྡུས་འཕྲིན་འབྲི་རྒྱུ་ནི་ངའི་འཇོན་ཤོས་ཀྱི་ལས་ཀ་ཡིན། ངས་བྲིས་པའི་བསྡུས་འཕྲིན་གྱི་སྤུས་ཚད་ལ་སུ་ཞིག་གིས་ཀྱང་བསྒྲུན་མི་ཐུབ་པས་ང་རང་ཆེད་མངགས་བསྡུས་འཕྲིན་འབྲི་མཁན་དུ་བཞག་པ་རེད། ཕལ་ཆེར་ཉིན་རེ་ལ་བསྡུས་འཕྲིན་རེ་འབྲི་དགོས་ཤིང་། མཚམས་མཚམས་སུ་ཉིན་གཅིག་ལ་བསྡུས་འཕྲིན་བཅུ་གྲངས་འབྲི་དགོས་པའི་སྐབས་ཀྱང་ཡོད་མྱོང་མོད། ང་ལ་མཚོན་ན་དེ་ནི་ལས་ཀ་མིན་པར་ངལ་གསོ་སྟངས་གཞན་ཞིག་ཏུ་གྱུར་ཟིན།
ངས་མི་ཚོགས་ཀྱི་ཁྲོད་ནས་བུད་མེད་ཅིག་གིས་ཕྲུ་གུ་པང་སྟེ་འཚང་ཁ་རྒྱག་བཞིན་པ་མཐོང་བྱུང་། འགྲམ་གྱི་མི་དག་གིས་མོས་ཕྲུ་གུ་པང་ཡོད་པར་སྣང་དོག་ཙམ་ཡང་མི་བྱེད་པར་འཚང་ཁ་རྒྱག་རྐྱང་བྱེད། མོས་ཀྱང་ཨུ་ཚུགས་ཆེན་པོས་འཚང་ཁ་རྒྱག་པས། ངས་སྙིང་རྗེ་སྟེ་འཚང་ཁའི་ཁྲོད་ནས་མོ་ཕྱིར་འཐེན་ཏེ་ནང་ལ་ཁྲིད། འགྲོ་ཞོར་དུ་ངས་མིག་ཟུར་ནས་མོའི་པང་གི་ཕྲུ་གུ་དེའི་མིག་འོག་ཏུ་སྨེ་བ་ནག་པོ་ཞིག་ཡོད་པ་མཐོང་། དེ་མ་ཐག་བུད་མེད་དེ་ཐད་ཀར་གཞུང་ལས་ཁང་དུ་ཁྲིད་དེ་སྒོ་དམ་པོར་གཏན།
“ཨ་ཅག་ལགས། ང་ལ་སྐད་ཆ་ཞིག་འདྲི་རྒྱུ་ཡོད་པས་ཁྱེད་ལ་དྲིས་ཆོག་གམ།”
“ལོས་ཆོག རྒན་ལགས།”
“ཁྱེད་ཚང་ཡོད་ས་དེ་ལུང་པ་དམར་པོ་ཞིག་ཡིན་ནམ།”
“ཡིན། ས་དང་ཆུ་ཚང་མ་དམར་པོ་ཡིན”མོར་ཐེ་ཚོམ་སྤུ་ཙམ་མི་འདུག
“འོ་ན། ཁྱེད་ཚང་ལ་སྒོ་ཁྱི་ནག་པོ་ཞིག་ཡོད་དམ།”
མོ་ཅུང་ཟད་ཁ་རོག་གེར་བསྡད་རྗེས།“སྔོན་ཆད་ཡོད། ན་ནིང་གློ་བུར་དུ་ཤི་སོང་།”
“ཁྱེད་ཀྱི་ཕྲུ་གུ་དེའི་མིག་གཡས་པའི་འོག་ཏུ་སྨེ་བ་ནག་པོ་ཞིག་ཡོད་པ་རེད་དམ།”
མོས་པང་གི་ཕྲུ་གུར་ལྟ་ཙམ་བྱས་རྗེས“མིག་གཡོན་མའི་འོག་ཏུ་རེད།”
“སྨེ་བ་ནག་པོ་དེ་གཡས་གཡོན་ནོར་བ་མིན་ནམ།”ངས་ངག་ནས་དེ་ལྟར་ཤོར།
“གང་ནོར་བ་རེད། རྒན་ལགས།”
“མ་རེད་མ་རེད། སྐྱོན་མི་འདུག སྐད་ཆ་དྲིས་ཚར་བ་ཡིན། བཀའ་དྲིན་ཆེ།”
བུད་མེད་དེ་ཁུ་སིམ་མེར་ཕྱི་ལ་ཕྱིན་སོང་། ང་ཡང་ཁ་རོག་གེར་ནང་དུ་ལུས། སེམས་སུ་གལ་ཏེ་ཕྲུ་གུ་དེ་དངོས་གནས་ཕ་དྲིན་ཆེན་གྱི་སྐྱེ་བ་ཡིན་ན་ཡང་དགའ་དགོས་རྒྱུ་མི་འདུག་སྟེ། དེ་ནི་མི་ཚང་གཞན་ཞིག་གི་བུ་ཕྲུག་ཡིན་པ་ལས་ངའི་ཕ་དམ་པ་དངོས་ནི་མ་ཡིན་ནོ་སྙམ།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注