ཀ་ར་ཡང་ཐང་།
པདྨ་ཚེ་བརྟན་གྱིས་བརྩམས།
སྒང་ལམ་ཚེ་བཀྲས་བསྒྱུར།
སྟོད་ཆ།

ང་ལ་ཞི་ལི་གཉིས་ཡོད་ཅིང་། ཁོ་གཉིས་ཀྱི་བར་དུ་ལོ་བཅོ་བརྒྱད་ཀྱི་བར་ཁྱད་མཆིས།

ཐོག་མར་ཞི་ལི་ཆེ་བ་རྡོ་རྗེ་སྐྱབས་གླེང་ན། ཁོའི་ངོ་གདོང་སྐམ་ཞིང་གྱོང་ལ་མཆུ་འབིག་སེ་བ་ཞིག་ཡིན་པས་སྡེ་མི་ཚོས་ལྐོག་ནས་ཁོར་འཕྱ་ཞིང་། ངས་ཀྱང་ནམ་རྒྱུན་ཁོའི་བྱད་བཞིན་ལ་སེམས་ཁུར་བྱེད་ཀྱིན་ཡོད་དེ། བྱད་གཟུགས་འདི་འདྲ་ཞིག་ལ་ནར་སོན་རྗེས་སུ་ཚང་གི་བུ་མོས་ཁོའི་ཆུང་མ་བྱེད་འདོད་ཨང་སྙམ། རྡོ་རྗེ་སྐྱབས་སྐྱེས་ནས་ཟླ་ཁ་མ་གོང་བར། ངེད་ཅག་སྡེ་བའི་ཁ་ནས་ཅི་བཤད་འདི་བཤད་མེད་མཁན་མ་ཞིག་ང་ལ་ལྟ་རུ་སླེབས། མོས་ངའི་པང་གི་བྱིས་པ་དམར་འབྱར་ལ་གཅིག་བལྟས་རྗེས། འདང་རྒྱག་ཅི་ཡང་མེད་པར། “བྱིས་པ་འདིའི་བྱད་བཞིན་འདི་འདྲ་བཙོག་པས། ནར་སོན་ན་ཅི་བྱ་འམ།”ཞེས་ཟེར། ངས་ཀྱང་རང་གི་ཞི་ལིའི་བྱད་བཞིན་བཙོག་པ་ཤེས་མོད། འོན་ཀྱང་སུས་ཀྱང་ངོར་བལྟས་ནས་འདི་ལྟར་བཤད་མ་མྱོང་བས། ངའི་སེམས་ནས་མོར་སྡང་ཞིང་། རྗེས་ནས་ལོ་གཉིས་གསུམ་ཞིག་ལ་མོར་གཏན་ནས་ཁ་མ་གྲག །ཁོ་ལོ་གསུམ་ལ་སླེབས་དུས་ཁོའི་ཨ་ཕ་ཚེ་ལས་འདས་སོང་ལ། དོན་རྐྱེན་གཞན་ཅི་ཡང་མ་ཡིན་པར་ནད་ཀྱིས་ཚེ་ལས་འདས་པ་རེད། དང་ཐོག་ངས་དང་ལེན་བྱེད་མི་ཕོད་ལ་རྗེས་ནས་རིམ་གྱིས་དང་ལེན་བྱས་པ་ཡིན། ཁོས་སྐད་ཆ་བཤད་ཤེས་པ་ཙམ་ནས་བཟུང་སྟེ་ཁོས་སློབ་གྲྭ་འདོན་བསམ་ཟེར། ངའི་བསམ་པར། ཀ་ངོ་ཡིག་ངོ་རེ་མ་ཆོད་དུས་ཞ་ར་ཞིག་དང་ཨ་ན་མ་ན་ཡིན་ཏེ། འཇིག་རྟེན་ནས་འཁྱོལ་དཀའ་བསམས། དེ་བས། ལོ་བདུན་ནས་བཟུང་། ངས་ཁོ་ངེད་ཅག་སྡེ་བའི་སློབ་ཆུང་དུ་དཔེ་ཆ་འདོན་དུ་མངགས། སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་། སློབ་སྐབས་རེ་རེར་ཁོས་‘བཟང་གསུམ་སློབ་མའི་’བྱ་དགའ་རེ་ཁྱེར་འོང་། ང་རང་ཤིན་ཏུ་དགའ་བྱུང་ལ། ངའི་བསམ་པར་ཁོ་འདི་འདྲའི་རིག་ཡག་ཅིག་ལ་མ་འོངས་པར་ཁྲིག་ཁྲིག་མེད་ན་ཁོའི་ཆུང་མ་བྱེད་འདོད་པའི་བུ་མོ་རེ་ཡོད་སྲིད་སྙམ། ངས་ཕྱེའི་བག་སྤྱིན་བཟོས་ཏེ་བྱ་དགའི་དཔང་ཡིག་ཡོད་ཚད་ངེད་ཚང་གི་ཐབ་ཚང་གི་གྱང་ངོས་སུ་སྦྱར་བ་ཡིན། ལོ་རིམ་ལྔ་བར་སླེབས་རྗེས། ངེད་ཚང་གི་ཐབ་ཚང་གི་གྱང་ངོས་སུ་བྱ་དགའི་དཔང་ཡིག་གིས་ཁེངས་ཤིང་ཚོན་མདངས་སྣ་ཚོགས་ཁྲ་ལམ་མེར་འདུག་པས་ཤིན་ཏུ་མཛེས། ལོ་རིམ་ལྔ་བ་བཏོན་ཚར་རྗེས་སློབ་ཆུང་མཐར་ཕྱིན་པར་རྩིས་ཆོག་ཅིང་། སྤྱིར་ངེད་ཅག་གི་ས་ན་བུ་ཆེ་བ་ཡུལ་ནས་བཞག་སྟེ་ཁྱིམ་གཞི་སྐྱོང་དགོས་པའི་གོམས་སྲོལ་ཞིག་ཡོད་ལ། ང་ལ་ཁོ་གཅིག་པུ་ལས་བུ་མེད་པས་རང་བཞིན་གྱིས་ཁོ་ཁྱིམ་ནས་བསྡད་དེ་ཁྱིམ་གཞི་སྐྱོང་དགོས་འདུག །ངས་བསམ་ཚུལ་འདི་ཁོར་གླེང་རྗེས། ཁོས་ཅུང་ཙམ་ལ་ཁ་མ་གྲག་ཅིང་། རྗེས་ནས་ད་གཟོད་“ཨ་མ་ལགས། ངས་ཁྱོད་ལ་ངོ་དགའ་ཞིག་བྱེད། ངས་སློབ་གྲྭ་འདོན་བསམ་གི། ཁྱེད་ཀྱིས་ང་ལ་དམའ་འབྲིང་འདོན་དུ་བཅུག་རྗེས་ད་གཟོད་ལྟ་རོགས། ”ཞེས་ངོ་དགའ་བྱས་པས། ངའི་སེམས་པ་སླར་ཡང་གཉོམ་བྱུང་བས་མུ་མཐུད་དུ་ཁོར་དམའ་འབྲིང་འདོན་དུ་བཅུག
       དམའ་འབྲིང་གཉིས་པ་བཏོན་ཚར་རྗེས། ངས་ཁོར་མུ་མཐུད་ནས་འདོན་དུ་མི་འཇུག་པའི་སེམས་ཐག་བཅད། དམའ་འབྲིང་གཉིས་པའི་སློབ་སྐབས་རྗེས་མ་མཇུག་རྫོགས་རྗེས་ཁོས་སྔར་བཞིན་“བཟང་གསུམ་སློབ་མའི་”བྱ་དགའ་ཞིག་ཁྱེར་ནས་སླེབས། ངས་ཕྱེས་བག་སྤྱིན་བཟོས་ཏེ་བྱ་དགའ་དེ་ངེད་ཚང་གི་ཐབ་ཚང་གི་གྱང་ངོས་ཀྱི་ཟུར་ཅིག་ལ་སྦྱར།
       དེ་ནས་ང་ཁ་ཕྱིར་འཁོར་ཏེ་ཁོར། “ཁྱིམ་ན་ལས་མི་ཉུང་ཞིང་ཁྱོད་ཀྱི་ཨ་ཕ་འདས་རྗེས་ཨ་མ་ནི་ཕོ་མོ་གཉིས་ཀའི་དོད་བྱེད་དགོས་ཤིང་། གཅིག་པུས་ཁྱིམ་གྱི་ལས་ཀ་ཡོད་ཚད་ཚེགས་མི་ཐོན་ཨང་། ཁྱོད་ཀྱིས་ཤེས་པའི་ཡི་གེས་ཀྱང་ཚེ་གང་བོར་སྤྱོད་རྒྱུ་འདང་བས། རྗེས་མར་ཁྱོད་རང་སློབ་གྲྭར་མ་འགྲོའང་། ”ཞེས་བཤད་པར། ཁོས་ང་ལ་ལྟ་བཞིན་ཅི་ཡང་མི་བཤད་ཅིང་། ཅི་ཞིག་བསམ་གྱིན་པ་ཆ་མ་འཚལ།
       ཡུད་ཙམ་གྱི་རྗེས་ནས་ཁོ་ཕར་སོང་སྟེ། ངས་ད་སོ་མར་གྱང་ངོས་སུ་སྦྱར་བའི་བྱ་དགའ་དེ་གཤགས་ཤིང་། རིལ་རིལ་དུ་བཟོས་ཏེ་ཐབ་ཀའི་ནང་གཡུག་རྗེས། “ཧྲག་”གེར་འབར་ནས་ཐལ་བར་གྱུར་ཏོ། །
       ང་ཅུང་ཙམ་ཅི་བྱ་གཏོལ་མེད་དུ་གྱུར། ངས་ཁོར་གཅིག་བལྟས་ཏེ། “ཨ་མས་ཁྱོད་སློབ་སྦྱོང་ལ་ཤིན་ཏུ་བཟང་བ་ལོས་ཤེས། འོན་ཀྱང་ཁྱིམ་ན་ཨ་མ་གཅིག་པུ་ཡིན་པས། དངོས་ནས་ཚེགས་ཀྱིས་མི་ཐོན། ཁྱོད་ནི་ཁྱིམ་གྱི་སྐྱེས་པ་གཅིག་པུ་རེད། ཁྱོས་ཀྱིས་ཁྱིམ་ཚང་འདི་ལ་འགན་འཁུར་དགོས་ཨང་”ཞེས་བཤད།
       ཁོས་ང་ལ་ལྟ་བཞིན། “ཨ་མ། ཁྱེད་ཀྱིས་ང་ལ་མུ་མཐུད་དུ་སློབ་གྲྭ་འདོན་དུ་འཇུག་རོགས་གནང་། རྗེས་སུ་ངས་ཁྱེད་རང་གཉོར་སྐྱོང་བྱ་སྟེ། ངས་ཁྱེད་རང་གྲོང་ཁྱེར་དུ་འཚོ་བ་རོལ་དུ་འཇུག་ལ། རྗེས་ཕྱོགས་འུ་གཉིས་ལ་ཁྱིམ་གཞི་འདི་མི་དགོས།”ཞེས་ཟེར།
       ངས་ཁོར་འགྲམ་ལྕག་ཅིག་གཞུས་ཏེ། “ཁྱོད་ཀྱིས་ཁྱིམ་གཞི་འདི་ཁྱོད་ཀྱི་ལག་ནས་འཐོར་དུ་འཇུག་རྒྱུ་མ་བསམ། ཁྱོད་ཀྱིས་འདི་ལྟར་བྱས་ན་ངས་ཁྱོད་ཀྱི་ཨ་ཕའི་རྣམ་ཤེས་རྟ་རྔ་འདྲ་བོར་ཇི་ལྟར་མཇལ་ལམ།”ཞེས་བཤད།
       ཁོས་ཀྱང་ང་ལ་མ་བལྟས་པར། ཕར་སོང་སྟེ་ཡང་བསྐྱར་གྱང་ངོས་ཀྱི་བྱ་དགའ་ཞིག་གཤགས་ཤིང་ཐབ་ཀར་འཕངས་ཏེ་ཐལ་བའི་རྡུལ་དུ་གྱུར།
       ངས་དབུགས་རིང་ཞིག་ཕྱིར་ཕྱུང་རྗེས“ཁྱོད་ཀྱིས་གཤགས་ཀྱང་ད་ནི་ཕན་པ་མེད་དེ། ཁྱོད་རང་སློབ་གྲྭར་འགྲོ་རྒྱུའི་སེམས་དེ་ཤི་རོགས་”ཞེས་བཤད།
       རྗེས་སུ། ཞོགས་པ་རེ་རེར། ངས་གྱང་ངོས་ཀྱི་བྱ་དགའ་གཅིག་རེ་ཇེ་ཉུང་དུ་གྱུར་པ་ཚོར། དབྱར་གནང་མཇུག་རྫོགས་ལ་ཉེ་དུས། གྱང་ངོས་ཀྱི་བྱ་དགའ་ཡོད་ཚད་མཐོང་མེད་དུ་གྱུར་པས། གྱང་ངོས་སྟོང་སང་ངེར་ཅུང་ཙམ་མི་གོམས་པ་ཞིག་ཏུ་སྣང་།
       ངས་ཁོར། “གྱང་ངོས་ཀྱི་བྱ་དགའ་དག་གང་དུ་སྦས་ཡོད།”ཅེས་དྲིས་པར།
       ཁོས། “ངས་ཚང་མ་མེར་བསྲེགས་ཟིན།”ཟེར།
       ང་འཚིག་པ་གཏིང་ནས་ཟོས་ཏེ། ཁོར་ཅེར་བཞིན། “ཁྱོད་ཀྱིས་སྲེག་ཀྱང་ཕན་པ་མེད་དེ། ཁྱོད་ཀྱིས་གྱང་ཧྲིལ་བོ་སྲེག་ཅིང་། ཁང་ཁྱིམ་ཧྲིལ་བོ་སྲེག་ཀྱང་ཕན་པ་མེད། ད་ནི་ངས་ཁྱོད་རང་སློབ་གྲྭར་མངགས་མི་འདོད། ངའང་མི་ཞིག་ཡིན་པས། ང་ལའང་ལག་རོགས་ཤིག་དགོས།”ཞེས་བཤད།
       ཁོས་གྱང་ངོས་ལ་གཅིག་བལྟས་པར་གྱང་ངོས་ན་ཅི་ཡང་མི་འདུག་ལ། གལ་སྲིད་གྱང་ངོས་སུ་ད་དུང་བྱ་དགའི་དཔང་ཡིག་སྦྱར་ཡོད་ཚེ། ཁོ་རྒྱུག་ནས་གཤགས་རྗེས་ཐབ་ཚང་དུ་འཕངས་ཏེ་སྲེག་ངེས། ངས་དེ་ལྟར་བསམས།
       སློབ་མགོ་ཚུགས་རྗེས། ངས་ཁོ་སློབ་གྲྭར་འགྲོ་རུ་མ་བཅུག །ཁོས་ཀྱང་ཅང་མི་བཤད་པར་ང་དང་མཉམ་དུ་ཁྱིམ་ལས་ཅི་ཡོད་ལ་བྲེལ། ངའི་བསམ་པར། བུ་ཞིག་ཡོད་ཚེ་ནར་སོན་རྗེས་ཇི་འདྲའི་བཟང་ཨང་སྙམ།
       སློབ་མགོ་ཚུགས་ནས་གཟའ་འཁོར་གཅིག་འདས་རྗེས། ཁོའི་འཛིན་བདག་ངེད་ཚང་ལ་ཕེབས་བྱུང་། འཛིན་བདག་ནི་ན་སོ་སུམ་ཅུ་ལྷག་ཙམ་གྱི་སྐྱེས་པ་ཞིག་སྟེ། སྐྲ་ལོ་འཇིལ་ལིར་འཁྱིལ་ཞིང་མིག་ཤེལ་ཞིག་མནབས་འདུག །ངའི་བསམ་པར་ཁོས་དཔེ་ཆ་མང་པོར་བལྟས་ཡོད་ཅིང་། སློབ་གྲྭར་འགྲོ་སྐབས་སུ་ངའི་ཞི་ལི་དང་འདྲ་བར་བྱ་དགའ་མི་ཉུང་བ་ཞིག་བླངས་ཡོད་རྒྱུ་རེད་སྙམ།
       ཁོས་ང་ལ་ཁ་བཏགས་ཡུག་གཅིག་ཕུལ། འདི་ནི་གུས་སྟངས་ཆེས་བླ་ན་མེད་པ་ཞིག་ཡིན་པས། ང་ཅུང་ཙམ་དངངས་འཚབ་སྐྱེས་ཏེ་གནས་སྐབས་སུ་ཅི་བྱ་དགོས་པའང་མི་ཤེས་པར་གྱུར།
       ཁོས། “ངས་ཐོས་བྱུང་སྟེ། ཁྱོད་ཀྱིས་ཞི་ལི་གམ་དུ་ཉར་ཏེ་ལག་རོགས་བྱེད་དུ་འཇུག་འདོད་འདུག་ཨང་།”ཟེར།
       ངས། “ང་ལ་དངོས་ནས་ཐབས་བཀོད་མེད་སོང་། ཁྱིམ་ན་དོན་དག་མང་བས། གམ་ན་ལག་རོགས་ཤིག་མེད་དུས་ངས་ཚེགས་ཀྱིས་མི་ཐོན།”ཞེས་བཤད།
       ཁོས། “དེ་ངས་ཤེས། འོན་ཀྱང་ཁྱོད་ཀྱི་ཞི་ལི་ནི་སྐྱེས་ཐོབ་ཀྱི་ཤེས་རབ་ཅན་ཞིག་ཡིན་པས། ཁྱོད་ཀྱིས་ཁོའི་མི་ཚེ་བརླག་མི་ཉན། ”ཞེས་ཟེར།
       ངས་ཁོར། “སྐྱེས་ཐོབ་ཀྱི་ཤེས་རབ་ཅན་ཞེས་པ་ནི་ཅི་ཞིག་རེད་”ཅེས་དྲིས་པར།
       ཁོར་ཧ་ལམ་ལན་ལྡོན་དཀའ་བ་ཞིག་དྲིས་པ་འདྲ་བས། གནས་སྐབས་སུ་ཇི་ལྟར་ལན་འདེབས་དགོས་པའང་མ་ཤེས་པར། ཁོས་ངའི་ཞི་ལིར་གཅིག་བལྟས་ཤིང་། ངའི་ཞི་ལིས་ཀྱང་ཁོར་བལྟས་འདུག
       ཁོས། “དེ་ནི་འཇིག་རྟེན་འདིར་མི་འདི་འདྲ་ཉུང་ཉུང་རེད་ཅེས་པ་རེད།”ཅེས་ཟེར།
       ངས། “ཁྱོད་ཀྱིས་ཁོ་ལྟ་བུའི་བྱད་བཞིན་ཧ་ཅང་བཙོག་པོ་མང་བོ་མི་འདུག་ཟེར་བ་ཡིན་ནམ།”ཞེས་བཤད་པར།
       ཁོ་བགད་བྱུང་ལ། དེ་མ་ཉིད་དུ།“དེའི་དོན་མིན། དེའི་དོན་མིན། སྐྱེས་ཐོབ་ཀྱི་ཤེས་རབ་ཅན་ཞེ་ན་དེའི་དོན་མ་རེད། སྐྱེས་ཐོབ་ཀྱི་ཤེས་རབ་ཅན་ནི་བྱད་བཞིན་དང་འབྲེལ་བ་མེད།”ཅེས་ཟེར།
       ངས་ལྷག་ཏུ་ཧ་མ་གོ་བར། མུ་མཐུད་དུ་ཁོར་བལྟས་བསྡད།
       ངའི་ཞི་ལིས་ངེད་གཉིས་ལ་བལྟས་ནས་བགད་བྱུང་།
       ཁོ་དོགས་མི་བདེ་ཞིག་ཏུ་གྱུར་པར་སྣང་ཞིང་། ཡང་བསྐྱར་ནན་གྱིས་འདང་ཞིག་བརྒྱབ་རྗེས། “ཁྱོད་ཚོའི་ས་ན་སྤྲུལ་སྐུ་མང་ངམ།”ཞེས་ཟེར།
       ངས་མྱུར་དུ། “མང་བོ་མེད། ངེད་ཅག་གི་དགོན་པར་སྤྲུལ་སྐུ་གཅིག་མ་གཏོགས་མེད།”ཅེས་བཤད།
       ཁོས་ཀྱང་མྱུར་དུ། “ཁོ་ནི་དེ་ལྟ་བུའི་མི་རེད། དེ་ལྟ་བུའི་མི་ནི་ཤིན་ཏུ་ཉུང་། ལོ་ངོ་བརྒྱའི་ནང་དུ་ད་གཟོད་མི་ཁེར་གཉིས་འབྱུང་།”ཞེས་ཟེར།
       ངས་མྱུར་དུ། “ཁྱོད་ཀྱིས་ཁོ་སྤྲུལ་སྐུ་དང་བསྡུར་གྱིན་མ་འདུག །དེ་ལྟར་བསྡུར་མི་འོས། དེ་ལྟར་བསྡུར་ན་ཁོའི་བསོད་ནམས་ཟད་འགྲོ།”ཞེས་བཤད།
       ཁོས་ཡུད་ཙམ་ལ་ཇི་ལྟར་བཤད་དགོས་པའང་མ་ཤེས། ཁོས་མགོ་བོ་འཕྲུག་ཙམ་བྱས་རྗེས། ཅི་ཞིག་དྲན་བྱུང་བ་ལྟར། “ཁྱོད་ཀྱི་ཞི་ལིས་སློབ་སྐབས་རེ་རེར་ཁྱེར་འོང་བའི་བྱ་དགའ་དེ་དག་ཁྱོད་ཀྱིས་མཐོང་ཡོད་དམ།”ཟེར།
       ངས་གྱང་ངོས་སུ་གཅིག་བལྟས་རྗེས། “ལོས་མཐོང”ཞེས་བཤད།
       ཁོས་མུ་མཐུད་དུ། “བྱ་དགའ་དེ་དག་རང་དགར་ལོན་ཐུབ་པ་ཞིག་མིན། ཁྱོད་ཀྱི་ཞི་ལིས་སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་ད་ལྟའི་བར་དུ་སློབ་སྐབས་རེ་རེར་‘བཟང་གསུམ་སློབ་མའི་’བྱ་དགའ་ལོན། འདི་ནི་སླ་མོ་ཞིག་གཏན་ནས་མིན།”ཞེས་ཟེར།
       ངས་མུ་མཐུད་དུ་གྱང་ངོས་སུ་ལྟ་བཞིན། ཅུང་ཙམ་ནོངས་འགྱོད་ཀྱིས་“ཡིད་ཕངས་པ་ལ་བྱ་དགའ་དེ་དག་ཁོས་མར་བཀོག་སྟེ་ཐབ་ཀར་འཕངས་ནས་བསྲེགས་ཟིན།”ཞེས་བཤད།
       དགེ་རྒན་གྱིས་ང་ལ་གཅིག་བལྟས་པ་དང་། ཡང་བསྐྱར་གྱང་ངོས་སུ་གཅིག་བལྟས། ཁོས་ཀྱང་ཧ་ལམ་ཅི་ཞིག་མཐོང་བྱུང་བ་འདྲ། “བསྲེགས་ཟིན་ནམ། དངོས་ནས་བསྲེགས་ཟིན་ནམ།”ཞེས་ཟེར།
       ངས་ངའི་ཞི་ལིར་གཅིག་བལྟས་རྗེས། “དངོས་ནས་བསྲེགས་ཟིན། ངས་སྲེག་པ་མིན། ཁོ་རང་གིས་སྲེག་པ་རེད།”ཅེས་བཤད།
       དགེ་རྒན་གྱིས་ངའི་ཞི་ལིར་བལྟས་འདུག
       ཞི་ལིས་མགོ་བོ་སྨད་བཞིན། “ཨ་མས་ང་རང་སློབ་གྲྭར་འགྲོ་རུ་མི་འཇུག་ཟེར་བས། ངས་བྱ་དགའ་དེ་དག་བཀོག་སྟེ་མེར་བསྲེགས་པ་ཡིན། ངས་བྱ་དགའ་དེ་དག་ཉར་ཡང་དོན་སྙིང་ཅང་མི་འདུག་བསམས། ”ཞེས་ཟེར།
       དགེ་རྒན་གྱིས་ངའི་ཞི་ལིར་བལྟས་འདུག་ལ། མཇུག་མཐར་མགོ་བོ་གཡུག་བཞིན། “བྱ་དགའ་དེ་དག་བསྲེགས་ན་སྲེག །ཤོག་ལྷེ་འགའ་རེད། གལ་ཆེ་བ་ནི་ད་ལྟ་ཁྱོད་མུ་མཐུད་དུ་སློབ་གྲྭར་འགྲོ་རྒྱུ་དེ་རེད།”ཟེར།
       ངའི་ཞི་ལིས་ང་ལ་ལྟ་བཞིན་ཅང་མི་བཤད།
       ངས་བརྟན་བརླིང་གི་ཉམས་ཀྱིས་དགེ་རྒན་ལ་བལྟས་ཏེ། “ཁྱོད་ཀྱིས་ཅི་ཞིག་བཤད་ཀྱང་ངས་ཁོ་མུ་མཐུད་དུ་སློབ་གྲྭར་མངགས་མི་སྲིད། ངའང་ཁྱིམ་ཚང་འདིའི་བོང་བུ་ག་ལ་ཡིན་ཏེ་ང་ལའང་ལག་རོགས་ཤིག་དགོས། ནར་སོན་ན་ལག་རོགས་ཤིག་ཀྱང་བྱེད་མི་ཐུབ་ན། ངས་ཁོ་སྐྱེས་ཤིང་གསོས་ནས་ནར་སོན་དུ་བཅུག་ནས་ཅི་བྱའམ།”ཞེས་བཤད།
       དགེ་རྒན་ཁོང་ཁྲོ་ཆེན་པོ་བླངས་ཏེ་ང་ལ་ཅེར་འདུག་ལ། སྐད་ཤུགས་ཆེན་པོས་“ཁྱོད་ཀྱིས་སྡིགས་པ་བསགས་པ་རེད་ཡ།”ཞེས་ཟེར།
       ང་ཅུང་ཙམ་ཁྲོས་ཏེ། “སྡིགས་པ་བསགས་པ་རེད་དམ། ངས་རང་གི་བུ་སློབ་གྲྭར་འགྲོ་རུ་མ་བཅུག་པའང་སྡིགས་པ་བསགས་པ་རེད་དམ།”ཞེས་བཤད།
       དགེ་རྒན་སྔར་ལས་ཁོང་ཁྲོ་སྐྱེས་ཏེ། དབུགས་ཧལ་ཧལ་གྱིས། “སྡིགས་པ་བསགས་པ་ལོས་ཡིན། ཁྱོད་ཀྱིས་འདི་ལྟར་སྡིགས་པ་བསགས་ན། ཁྱོད་ཤི་རྗེས་དམྱལ་ཁམས་འགྲིམ་ངེས་”ཟེར།
       ང་ཅུང་ཙམ་དངངས་སྐྲག་སྐྱེས་ཏེ། “ངོ་མ་ཡིན་ནམ།”ཞེས་དྲིས།
       དགེ་རྒན་གྱིས། “ངོ་མ་ལོས་ཡིན། ཁྱོད་ཀྱིས་འདང་ཞིག་རྒྱོབས་དང་། དང་ཐོག་རྗེ་ཙོང་ཁ་པ་ཆེན་པོའི་མ་ཡུམ་མཆོག་གིས་ཀྱང་ཁོང་ཉིད་དགོན་པར་སློབ་གཉེར་དུ་མ་མངགས་ཚེ། རྗེ་རྒྱལ་བ་གཉིས་པ་སྟེ་དགེ་ལུགས་པའི་སྲོལ་འབྱེད་པ་རྗེ་ཙོང་ཁ་པ་ཆེན་པོ་ཁོང་ཉིད་འབྱུང་སྲིད་དམ།”ཞེས་ཟེར།
       ངས་ཁོའི་བཤད་པར་གནས་ལུགས་ཅུང་ཙམ་འདུག་བསམས་བྱུང་བས། ཁོར་དགག་ལན་སྟེར་ཐབས་བྲལ།
       ཁོས་མུ་མཐུད་དུ། “གལ་ཏེ་མོས་དང་ཐོག་རྗེ་རིན་པོ་ཆེ་དབུས་ཀྱི་དགོན་སྡེར་སློབ་གཉེར་དུ་ཕེབས་རྒྱུ་བཀག་ཚེ། མོ་ཚེ་ལས་འདས་རྗེས་དམྱལ་བར་ལྷུང་ཁོ་ཐག་ཡིན།”ཞེས་ཟེར།
       ཅུང་ཙམ་ཚོམ་རྗེས། ཁོས་སླར་ཡང་། “ཁྱོད་ཀྱིས་ད་ལྟ་ཁྱོད་ཀྱི་ཞི་ལིར་མུ་མཐུད་དུ་སློབ་སྦྱོང་བྱེད་དུ་མ་བཅུག་ཚེ། ཁྱོད་ཤི་རྗེས་དམྱལ་བར་འགྲིམ་ཁོ་ཐག་ཡིན་”ཞེས་ཟེར།
       ང་རང་ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་ཅིང་སྐྱེ་བ་སྔ་ཕྱི་ལའང་ཡིད་ཆེས་ཡོད་པས། སྐབས་དེར་ང་དངོས་ནས་ཁོའི་སྐད་ཆ་འདི་དག་གིས་དངངས་སྐྲག་སློང་བྱུང་།
       ཕྱི་དྲོར། སྐྲ་ལོ་འཇིལ་ལིར་འཁྱིལ་བའི་དགེ་རྒན་གྱིས་ངའི་ཞི་ལི་ཁྲིད་དེ་ཕྱིར་བུད་སོང་།
       ཕྱི་ལོའི་དབྱར་ཁར་ངའི་ཞི་ལི་དམའ་འབྲིང་མཐར་ཕྱིན་ཏེ། ཁུལ་ཐོག་གི་མཐོ་འབྲིང་ལ་རྒྱུགས་འཕྲོད། སྡེ་བའི་བུད་མེད་ཚོས་ང་ལ་ཁུལ་ཡོངས་ཀྱི་ཨང་དང་པོ་བླངས་འདུག་པས་ཁྱོད་ཀྱིས་འདི་འདྲའི་ཞི་ལི་འཇོན་ཐང་ཅན་ཞིག་ཇི་ལྟར་སྐྱེས་པ་ཡིན་ཟེར།
       ངའི་སེམས་ནས་དགའ་མོད། “སུས་ཤེས། དེ་ལྟར་མ་བསམ་ས་ནས་ལྷན་སྐྱེས་ཀྱི་ཤེས་རབ་ཅན་ཞིག་སྐྱེས་སོང་ཨང་།”ཞེས་བཤད།
       བུད་མེད་ཚོས་ང་ལ་ལྷན་སྐྱེས་ཀྱི་ཤེས་རབ་ཅན་ཞེ་ན་ཅི་རེད་ཅེས་དྲིས་བྱུང་བས། ངས་དགེ་རྒན་གྱིས་བཤད་པ་དྲན་ཏེ།“དེ་ནི་དེ་འདྲའི་མི་མང་པོ་མེད་ཅེས་པ་རེད།”ཅེས་བཤད།
       ངའི་བསམ་པར་ཁོ་ཚོས་ལྷན་སྐྱེས་ཀྱི་ཤེས་རབ་ཅན་ཞེས་པའི་ཧ་མི་གོ་སྙམ་མོད། མ་བསམ་ས་ནས་“དེ་འདྲའི་མི་མང་པོ་ཅི་ལ་ཡོད་ ཨང་། དེ་མིན་ཚེ་ཁུལ་ཡོངས་ཀྱི་ཨང་དང་པོ་ཇི་ལྟར་ལོན་ནམ་”ཞེས་ཟེར།
       མཐོ་འབྲིང་གི་སློབ་སྐབས་དང་པོ་མཇུག་རྫོགས་ཏེ་དགུན་གནང་སྐབས་ཕྱིར་འོང་དུས། ཁོ་ལག་སྟོང་ངང་ཐོན་བྱུང་། ང་ཅུང་ཙམ་ཡ་མཚན་ཞིང་བསམ་ཡུལ་ལས་འདས་ཏེ། དགོད་བཞིན་དུ།“ད་ཐེངས་ཁྱོད་ཀྱིས་བྱ་དགའ་མ་ལོན་པ་ཡིན་ནམ།”ཞེས་དྲིས།
       ཁོས་གཟབ་ནན་གྱིས། “ལོན་སོང་།”ཟེར།
       ངས་“གང་ན་ཡོད།”ཅེས་དྲིས་པར།
       ཁོས་“ངས་ལམ་ནས་བསྲེགས་ཟིན།”ཟེར།
       ང་ཅུང་ཙམ་ཕངས་པའི་ངང་། “དེ་སྲེག་ནས་ཅི་བྱའམ། ཕྱིར་ཁྱེར་འོང་ནས་གྱང་ངོས་སུ་སྦྱར་ན་མི་འོས་སམ།”ཞེས་བཤད།
       ཁོས། “ཤོག་ལྷེ་ཙམ་ཡིན་པས། ཉར་མ་ཉར་འདྲ་འདྲ་རེད།”ཟེར།
       དེ་ནས་ངས་ཅི་ཡང་མ་བཤད། རྗེས་སུ་སློབ་སྐབས་འགའི་དབྱར་དགུན་གནང་སྐབས་སུ་ཁོ་ལག་སྟོང་ངང་ཕྱིར་ཐོན་ལ། ངས་ཀྱང་ཅི་ཡང་མ་དྲིས།
       མཐོ་འབྲིང་མཐར་ཕྱིན་རྗེས་ཁོས་སློབ་ཆེན་དུ་རྒྱུགས་འཕྲོད་སོང་། ངེད་ཅག་སྡེ་བའི་བུད་མེད་ཚོས་སྔར་བཞིན་ངའི་ཞི་ལིས་ཞིང་ཆེན་ཡོངས་ཀྱི་རྒྱུགས་འབྲས་ཨང་དང་པོ་ལོན་ཏེ་སློབ་ཆེན་དུ་རྒྱུགས་འཕྲོད་པ་རེད་ཅེས་གླེང་བཞིན་འདུག །ཁོ་ཚོས་ང་ལ་དྲིས་མོད་ངས་མ་ཤེས་ཞེས་བཤད་པར། ཁོ་ཚོས་“ཁྱོད་ཀྱི་ཞི་ལི་ནི་ལྷན་སྐྱེས་ཀྱི་ཤེས་རབ་ཅན་ཡིན་ཕྱིན། ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ལོན་རྒྱུ་ནི་སླ་མོ་ལས་ཀྱང་སླ་མོ་ཞིག་ཡིན་ངེས། ”ཟེར།
       དེའི་ཁྲོད་ཀྱི་བུད་མེད་ཅིག་གིས་སླར་ཡང་། “ཁྱོད་ཀྱི་ཞི་ལི་སློབ་ཆེན་དུ་སོང་ནས་སྨན་སྦྱོང་རྒྱུ་རེད་ཟེར་བ་བདེན་ནམ།”ཟེར།
       ངས། “ལོས་བདེན། ངའི་ཞི་ལིས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ལོན་པས། ཅི་ཞིག་སྦྱོང་འདོད་ན་སློབ་ཆེན་དུ་སོང་སྟེ་གང་འདོད་ཀྱིས་འདེམས་ཆོག་”ཅེས་བཤད།
       བུད་མེད་དེས་“ཁ་དཔེར། བླ་མའི་ཨ་མ་འཆི་རྗེས་དམྱལ་ཁམས་འགྲིམ། །སྨན་པའི་ཨ་མ་འཆི་རྗེས་དག་ཞིང་འགྲིམ། །ཟེར་བ་རེད། ཁྱོད་ནི་དངོས་ནས་བསོད་ནམས་ཅན་ཞིག་རེད་ཨང་།”ཞེས་ཟེར།
       ངའི་གདོང་ནས་འཛུམ་བསྟན་ཞིང་སེམས་ནས་“གདོན་ཕྲུག་གན། མ་འོངས་པར་སྨན་པ་བྱ་རྒྱུའང་ང་ལ་མ་བཤད།”ཅེས་གཤེ་གཤེ་བཏང་།  
       ཞི་ལི་སློབ་ཆེན་དུ་ཞུགས་ཁར། ཐེངས་ཤིག་ངས་ཁོར་“དོན་དུ་ཁྱོད་ཀྱིས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ལོན་ནམ་མ་ལོན་”ཞེས་དྲིས།
       ཞི་ལིས་ང་ལ་གཅིག་བལྟས་ཏེ་དགོད་བཞིན་དུ། “ང་ཨང་དང་པོ་མིན་ཏེ་ཨང་གསུམ་པ་ཡིན།”ཟེར། ང་ཅུང་ཙམ་ཡིད་ཆད་དེ། “ཁྱོད་ནི་ལྷན་སྐྱེས་ཀྱི་ཤེས་རབ་ཅན་མ་ཡིན་ནམ། ཁྱོད་ཀྱིས་ཨང་གསུམ་པ་ལས་མ་ལོན་པ་ཅི་ཡིན་ནམ།”ཞེས་དྲིས།
       ཞི་ལིས། “ཁྱོད་ཀྱིས་ཨང་གསུམ་པ་ལོན་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་རེད་འདོད་དམ། ང་ནི་ལྷན་སྐྱེས་ཀྱི་ཤེས་རབ་ཅན་ཡིན་ན་གཞན་དག་ཀྱང་ལྷན་སྐྱེས་ཀྱི་ཤེས་རབ་ཅན་ཡིན་ངེས། ཨང་དང་པོ་ལོན་མཁན་དང་། གཉིས་པ་ལོན་མཁན་ཚང་མ་ལྷན་སྐྱེས་ཀྱི་ཤེས་རབ་ཅན་ཡིན་ནི་རེད། དེས་མི་ཚད་ཨང་བཞི་བ་དང་། ལྔ་བ། དྲུག་པ། བདུན་པ། བརྒྱད་པ། དགུ་བ། བཅུ་བ་ཐམས་ཅད་ཀྱང་ལྷན་སྐྱེས་ཀྱི་ཤེས་རབ་ཅན་ཡིན་ནི་རེད།”ཅེས་ཟེར།
       “གལ་ཏེ་ཁྱོད་ཀྱིས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ལེན་མི་ཐུབ་པ་སྔ་མོ་ནས་ཤེས་ཚེ་ངས་ཁྱོད་རང་རྒྱུགས་ལེན་དུ་མི་མངགས། འུ་ཅག་སྡེ་བའི་བུད་མེད་དག་གིས་ཁྱོད་ཀྱིས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་བླངས་པར་སྙམ་འདུག །གལ་ཏེ་ཁྱོད་ཀྱིས་ཨང་གསུམ་པ་ཙམ་ལས་ལོན་མེད་པ་ཤེས་ཚེ། ངས་ཁོ་ཚོར་ཇི་ལྟར་གསལ་བཤད་བྱའམ།”ངས་དེ་ལྟར་བཤད།
       ཞི་ལིས། “ཁྱོད་ཀྱིས་ཁོ་ཚོར་གསལ་བཤད་ཅང་བྱེད་མི་དགོས། ང་རྗེས་སུ་ཕྱིར་མ་ཡོང་ན་དེ་རེད།”ཅེས་ཟེར།
       ངས། “གལ་ཏེ་ཁྱོད་ཕྱིར་མི་ཡོང་ཚེ་ངས་ཁྱོད་ཀྱི་སྒྱིད་པ་བཅག་ཅིང་། སློབ་ཆེན་འདོན་དུ་མི་འཇུག་”ཅེས་བཤད།
       སློབ་སྐབས་དང་པོ་མཇུག་རྫོགས་རྗེས་ཀྱི་དགུན་གནང་སྐབས་སུ་ཁོ་ཕྱིར་མ་འོང་། ཁོས་ཁོའི་འཛིན་གྲྭའི་སློབ་གྲོགས་ཤིག་མངགས་ཏེ་ང་ལ་ཁོ་ཕྱིར་མ་ཡོང་བའི་གནས་ཚུལ་ཞུས།
       ངས་ཁོའི་སློབ་གྲོགས་ལ། “ངའི་ཞི་ལི་ཡུལ་ལ་མི་ཡོང་དོན་ཅི་རེད།”ཅེས་དྲིས་པར།
       ཁོའི་སློབ་གྲོགས་ཀྱིས། “ཁོས་དགུན་གནང་ལ་ཞོར་ལས་ལས་ཏེ། སྒོར་མོ་རེ་འཚོལ་བསམ་པ་རེད།”ཅེས་ཟེར།
       ངས་ཁོར། “ཁྱོད་ཚོར་སློབ་གྲྭ་ནས་འགྲོ་སོང་ཆེའམ།”ཞེས་དྲིས་པར།
       ཁོས་གྲངས་ཀ་ཞིག་བཤད་བྱུང་ལ་དེ་ནི་ངའི་བསམ་ཡུལ་ལས་འདས། སློབ་གྲྭར་འགྲོ་ཁར་ངས་ངའི་ཞི་ལིར་སྒོར་མོ་སྟེར་བ་ཤིན་ཏུ་ཉུང་བས། དེ་ནི་ཁོའི་རྒྱུན་གཏན་གྱི་འགྲོ་སོང་ལ་གཏན་ནས་མི་འདང་།
       ངས་ཁོའི་སློབ་གྲོགས་ལ། “ཁྱོད་ཀྱི་འཚོ་བའི་འགྲོ་གྲོན་དང་རྒྱུན་གཏན་གྱི་འགྲོ་སོང་སུས་སྟེར་གྱིན་ཡོད།”ཅེས་དྲིས་པར།
       ཁོའི་སློབ་གྲོགས་ཀྱིས། “ཡོད་ཚད་ངའི་ཕ་མ་གཉིས་ཀྱིས་སྟེར་གྱིན་ཡོད་”ཟེར།
       ངས་ཁོའི་སློབ་གྲོགས་ལ། “ཁྱོད་ཀྱི་ཕ་མ་གཉིས་ནི་ལས་ཀ་ཅི་ཞིག་བྱེད་མཁན་རེད།”ཅེས་དྲིས་པར།
       ཁོའི་སློབ་གྲོགས་ཀྱིས། “ངའི་ཨ་ཕ་ནི་སྲིད་གཞུང་དུ་ལས་ཀ་བྱེད་ཀྱིན་ཡོད་ལ། ཨ་མ་ནི་སློབ་འབྲིང་གི་དགེ་རྒན་ཞིག་སྟེ། སློབ་མ་ཚོར་གླུ་དབྱངས་ཁྲིད་བཞིན་ཡོད།”ཅེས་ཟེར།
       ང་ནི་སྐྱོ་གདུང་ཆེན་པོས་དབང་མེད་དུ་མིག་ཆུ་འཐོར་བྱུང་།
       ཁོའི་སློབ་གྲོགས་ཀྱིས་ཧ་མ་གོ་བར་ང་ལ་བལྟས་འདུག །ངས་གལ་ཏེ་ངའི་ཞི་ལིར་ཁྱོད་ཀྱི་ཕ་མ་གཉིས་ལྟ་བུ་ཞིག་ཡོད་ཚེ་ངལ་གསོའི་སྐབས་སུ་ཤུལ་ནས་བསྡད་དེ་ཞོར་ལས་ལས་མི་དགོས་ཞེས་བཤད།
       ཁོའི་སློབ་གྲོགས་ཀྱིས་“ཨ་ནེ་ལགས། ཁྱོད་ཀྱིས་དེ་འདྲ་གཏན་ནས་བསམ་མི་ཉན། ཁྱོད་ཀྱི་ཞི་ལི་ཧ་ཅང་བློ་རིག་ལྡན་ལ་ཁྱོད་ཀྱི་ཞི་ལི་ནི་ལྷན་སྐྱེས་ཀྱི་ཤེས་རབ་ཅན་ཞིག་ཡིན། ཁྱོད་ཀྱི་ཞི་ལི་ནི་མ་འོངས་པར་ངེད་ཅག་ལས་འཇོན་ཐང་ལྡན་ངེས།”ཞེས་ཟེར།
       ངས་ཁོར། “ཁོས་སློབ་སྐབས་འདིར་‘བཟང་གསུམ་སློབ་མའི་’བྱ་དགའ་ལོན་ནམ།”ཞེས་དྲིས།
       ཁོའི་སློབ་གྲོགས་ཀྱིས། “སློབ་གྲྭ་ཆེན་མོའི་ནང་དུ། ལོ་གཅིག་ལ་ད་གཟོད་ཐེངས་རེ་འདེམས་བཞིན་ཡོད། ཁྱོད་ཀྱི་ཞི་ལིས་སློབ་སྐབས་རྗེས་མར་‘བཟང་གསུམ་སློབ་མའི་’བྱ་དགའ་ལོན་ཐུབ་པར་མ་ཟད། ད་དུང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཡང་ལོན་ངེས།”ཞེས་ཟེར།
       ངས་ཁོའི་སློབ་གྲོགས་ལ། “སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ནི་ཅི་ཞིག་རེད། ”ཅེས་དྲིས།
       ཁོའི་སློབ་གྲོགས་ཀྱིས། “སྒོར་མོ་རེད། ‘བཟང་གསུམ་སློབ་མར་’གདམ་བྱུང་ན་སྒོར་མོ་སྟེར་རྒྱུ་ཡོད།”ཅེས་ཟེར།
       ང་ཅུང་ཙམ་སོམ་ཉིའི་ངང་། “‘བཟང་གསུམ་སློབ་མའི་’བྱ་དགའ་ནི་ཤོག་ལྷེ་ཙམ་ཡིན་པ་མ་རེད་དམ། ཇི་ལྟར་སྒོར་མོར་བརྗེ་བ་རེད།”ཅེས་དྲིས།
       ཁོའི་སློབ་གྲོགས་དགོད་བཞིན་དུ། “སློབ་གྲྭ་ཆེན་མོའི་ནང་དུ་’བཟང་གསུམ་སློབ་མར་’བདམས་ཟིན་ན་བྱ་དགའི་དཔང་ཡིག་ཡོད་པས་མི་ཚད། ད་དུང་སྒོར་མོའང་སྟེར་བཞིན་ཡོད།”ཅེས་ཟེར།
       ངས་ཁོའི་སློབ་གྲོགས་ལ། “ཁོའི་སྦྱངས་འབྲས་དངོས་ནས་ཧ་ཅང་བཟང་ངམ།”ཞེས་དྲིས།
       ཁོའི་སློབ་གྲོགས་ཀྱིས། “དངོས་ནས་ཤིན་ཏུ་བཟང་། ངེད་ཅག་འཛིན་གྲྭའི་ཨང་དང་པོ་རེད།”ཅེས་ཟེར།
       སློབ་ཆེན་མཐར་ཕྱིན་རྗེས། ངའི་ཞི་ལི་རྡོ་རྗེ་སྐྱབས་དངོས་ནས་སྨན་པ་ཞིག་ཏུ་གྱུར། འོན་ཀྱང་ཁོ་ཕྱིར་མ་ཡོང་། ངའི་གོ་ཐོས་ལྟར་ན་ཁོ་ནི་ཁོ་ཚོའི་འཛིན་གྲྭའི་ལྷ་སའི་སློབ་གྲོགས་བུ་མོ་ཞིག་གིས་ཁ་དཀྱུས་ཏེ། ལྷ་སའི་སྨན་ཁང་གང་ཞིག་གི་ནང་དུ་དཀྱུས་འདུག་ཟེར། ལྷ་ས་ནི་བཟང་ཡང་བཟང་སྟེ་དེ་ནི་དག་པའི་ཞིང་ཁམས་ཡིན་ཞིང་། གནས་དེའི་མི་རྣམས་བསོད་ནམས་ཆེ། འོན་ཀྱང་ངའི་གོ་ཐོས་ལྟར་ན་ལྷ་སའི་བུ་མོ་ཚོ་ལས་ཀ་ལས་རྒྱུར་མི་དགའ་ལ། ཁྱིམ་ལས་ཡོད་ཚད་སྐྱེས་པ་ཚོས་ལས་དགོས་ཟེར། ང་དངོས་ནས་ཁོའི་ཆེད་དུ་ཅུང་ཙམ་སེམས་ཁྲལ་ཆེན་པོ་སྐྱེས་བྱུང་། ངེད་ཅག་སྡེ་བའི་བུད་མེད་འགས་ཀྱང་ལ་ལུང་ཀུན་ཏུ་ངའི་ལྷན་སྐྱེས་ཀྱི་ཤེས་རབ་ཅན་གྱི་ཞི་ལི་དེ་ལྷ་སའི་བུ་མོ་ཞིག་གིས་ཁ་དཀྱུས་འགྲོ་བ་ནི་ཡིད་ལའང་མ་དྲན། ཕངས་པ་ལ་ཞེས་ཟུར་ཟའི་གཏམ་བརྗོད་ཅིང་། ད་དུང་། དང་ཐོག་ནས་ཁོར་སློབ་གྲྭ་ཞེས་པ་འདོན་དུ་མ་བཅུག་ན་འགྲིག་འདུག་ཨང་ཅེས་ལབ་བཞིན་འདུག་ཟེར།                               
       ད་ནི་ངའི་བུ་ཆུང་བ་གླེང་ན། ངའི་བུ་ཆུང་བའི་མིང་ལ་རྡོ་རྗེ་ཐར་ཞེས་ཟེར། རྡོ་རྗེ་ཐར་ནི་རྡོ་རྗེ་སྐྱབས་ལོ་བཅུ་དགུར་སོན་དུས་སྐྱེས་པ་ཡིན་ཞིང་། དེ་ནི་རྡོ་རྗེ་སྐྱབས་སློབ་ཆེན་ལ་རྒྱུགས་འཕྲོད་རྗེས་ཀྱི་སློབ་སྐབས་གཉིས་པའི་དུས་ཡིན། སྐྱེས་མ་ཐག་པའི་རྡོ་རྗེ་སྐྱབས་ཀྱི་མིག་འབྲས་ནི་འགུལ་ཙམ་ཡང་མ་བྱུང་ལ། གདོང་ནའང་ཉམས་འགྱུར་ཅི་ཡང་མེད་པར་གླེན་ཚུགས་སེར་འཇིག་རྟེན་གཞན་ཞིག་ན་གནས་པ་དང་དབྱེར་མ་མཆིས་པས། ངས་ཐེངས་འདིར་རང་ཉིད་ཀྱིས་བཙས་པ་ནི་གླེན་པ་ཞིག་རེད་སྙམ་སྟེ་སེམས་ཁྲལ་སྐྱེས།
       ངའི་བུ་ཆུང་བ་རྡོ་རྗེ་ཐར་གླེང་ཡོང་དུས། ཁོའི་ཕ་རྒན་ཐེངས་ཤིག་མི་གླེང་ཀ་མེད་ཡིན། ངའི་བུ་ཆེ་བ་རྡོ་རྗེ་སྐྱབས་ཀྱི་ཕ་རྒན་འཆི་བ་སྔ་སྟེ། རྡོ་རྗེ་སྐྱབས་ལོ་གསུམ་ཡིན་དུས་ཁོ་འཇིག་རྟེན་མི་ཡུལ་དང་བྲལ། ཁོའི་ཚུགས་ཀ་དང་སྐད་ཆ་བཤད་སྟངས་སོགས་ངའི་ཡིད་ན་ཧ་ཅང་གསལ་བོར་འདུག །མཚམས་ལན་རེར་རྨི་ལམ་དུའང་འཁོར་སྲིད། འོན་ཀྱང་ངས་རྡོ་རྗེ་སྐྱབས་ལ་ཁོར་ཕ་རྒན་ལ་བག་ཆགས་འདུག་མིན་དྲིས་ཚེ།  ཁོས་ཕ་རྒན་གྱི་ཚུགས་ཀ་ཇི་འདྲ་ཞིག་ཡིན་པ་གཏན་ནས་མི་དྲན་ཟེར།
       བུ་ཆེ་བ་རྡོ་རྗེ་སྐྱབས་སློབ་ཆེན་དུ་འགྲིམས་རྗེས། ཁེར་ཧྲེང་དུ་གྱུར་དྲགས་པས། ང་རང་དབྱར་ཁར་ངེད་ཅག་གི་ས་འདིར་གྲོ་འབྲེག་ཏུ་འོང་བའི་སྐྱེས་པ་ཞིག་དང་འགྲོགས་པ་ཡིན། ངས་ཐེངས་དང་པོར་ཁོ་མཐོང་དུས་ཁོ་ལ་སྙིང་ཉེ་བའི་ཚོར་བ་ཞིག་སྐྱེས་སོང་། སྐྱེས་པ་དེ་ང་ལས་ལོ་འགས་ཆུང་ཞིང་། ཁོའི་བྱད་བཞིན་དང་སྐད་ཆ་བཤད་སྟངས་ནི་ངའི་ཚེ་འདས་ཀྱི་སྐྱེས་པ་དང་ཅུང་ཙམ་འདྲ་བ་ནི་ང་རང་ཁོ་དང་འགྲིག་མཐུན་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་སྙམ། ཁོ་དང་ཐོག་ངེད་ཚང་ལ་གྲོ་འབྲེག་ཏུ་ཡོང་བས་ངས་ཁོར་གླ་ཆ་སྤྲད་ཅིང་། ཁོ་ནི་འཇོན་པོ་ཞིག་དང་། སྟོབས་ཆེན་ཞིག ། ཟ་མཁན་ཞིག་ཀྱང་ཡིན་ལ། གྲོ་འབྲེག་པར་ཡང་ཤིན་ཏུ་འཇོན། རྗེས་སུ། ཁོ་ངེད་ཚང་ནས་བསྡད་ཅིང་། ཁྱིམ་ཚང་གཞན་དག་ལ་གྲོ་འབྲེག་རོགས་ཀྱི་མགོ་ཚུགས་པས་མི་ཚད་ཁྱིམ་ཚང་གཞན་ནས་ཐོབ་པའི་གླ་ཆ་ཁྱེར་ཡོང་སྟེ་ང་ལ་བྱིན།
       ལོ་དེའི་སྟོན་འབྲས་ཤིན་ཏུ་ལེགས་པས་འབྲུ་མཛོད་དུ་འབྲུ་རིགས་ཕྱུར་བུར་གཏམས་ལ། སྟོན་ལས་ཀྱི་བྲེལ་ཟིང་དུས་ཚིགས་འདས་རྗེས། ང་ལའང་རྡོ་རྗེ་ཐར་སྦྲུམ་བྱུང་།
       ཕྱི་ལོར་རྡོ་རྗེ་ཐར་སྐྱེས་ནས་ཟླ་བ་གསུམ་འདས་རྗེས། སླར་ཡང་ལོ་རེའི་སྟོན་སྡུད་ཀྱི་དུས་ཚིགས་ལ་སླེབས། སྐྱེས་པ་ང་ལ་ཤིན་ཏུ་གཅེས་པས། ད་ལོའི་ལོ་ཏོག་ཁོས་བསྡུ་ལ་ང་རང་ཁྱིམ་ནས་ངལ་གསོ་ལེགས་པོ་ཞིག་བྱས་ཟེར། ང་ལ་སེམས་འགུལ་ཅུང་ཙམ་ཐེབས་ཤིང་། སྐྱེས་པ་ཞིག་འཁྲིས་སུ་མཆིས་ཚེ་ཇི་འདྲའི་བཟང་ཨང་སྙམ།
       ལོ་ཏོག་བསྡུས་ནས་ཕྱེད་ཙམ་ལ་སླེབས་པའི་སྔ་དྲོ་ཞིག་ལ། བུད་མེད་ཅིག་ང་རང་བཙལ་དུ་སླེབས་བྱུང་། བུད་མེད་དེས་ད་དུང་བུ་མོ་ཆུང་ཆུང་གཉིས་ཀྱང་ཁྲིད་འདུག །བུ་མོ་ཆུང་ཆུང་གཉིས་ཀྱི་ངོ་གདོང་དམར་མདངས་བྱུག་སེར་བལྟས་ན་ཤིན་ཏུ་སྙིང་རྗེ་བོར་འདུག །མོས་བཤད་ན་མོ་རང་མོའི་སྐྱེས་པ་བཙལ་དུ་ཡོང་བ་ཡིན་ཟེར། ངས་མོར་མོའི་སྐྱེས་པ་བཙལ་དུ་ཡོང་བར་ཅིའི་ཕྱིར་ངའི་སར་ཡོང་བ་ཡིན་ཞེས་དྲིས་པར། མོས་བཤད་ན་མོའི་སྐྱེས་པ་ད་ལྟ་ཁྱོད་ཚང་ན་འདུག་ཟེར་བས། ངས་དེ་མ་ཉིད་དུ་ཅི་ཞིག་ཡིན་པ་ཧ་གོ་སོང་། བུད་མེད་དེས་ད་རུང་བུ་མོ་ཆུང་ཆུང་གཉིས་བསྟན་ཏེ་འདི་གཉི་ག་ངེད་གཉིས་ཀྱི་བུ་མོ་ཡིན་ཟེར། བུ་མོ་ཆུང་ཆུང་དེ་གཉིས་ཀྱིས་ང་ལ་བལྟས་ཏེ་བགད་བྱུང་། ངས་ཀྱང་མོ་གཉིས་ལ་བལྟས་ཏེ་དགོད་ཙམ་བྱས་པ་ཡིན། བུད་མེད་དེས་ང་ལ་ཁ་རྩོད་ཚིག་རྩོད་ཆེན་པོ་མ་བྱས་པར། སྐྱེས་པ་ཕྱིར་ཡོང་རྗེས་ཁོ་རང་ཉིད་ལ་ཐག་གཅོད་དུ་འཇུག་ཨང་ཟེར། བུད་མེད་ཀྱིས་ངའི་པང་གི་གླེན་ཚུགས་སེར་འདུག་པའི་བུ་ལ་ལྟ་བཞིན་འདི་ནི་ཁྱོད་ཀྱིས་ངའི་སྐྱེས་པ་དང་འགྲོགས་ཏེ་བཙས་པ་ཡིན་ནམ་ཞེས་དྲིས་པར། ང་རང་ཐེ་ཚོམ་ཞིག་སྐྱེས་རྗེས་མགོ་ལྕོག་ལྡེམ་ཙམ་བྱས་པ་ལ། མོས་སླར་ཡང་། ཁྱོད་ཀྱིས་གླེན་པ་ཞིག་བཙས་ཟིན་པ་ཡིན་མི་སྲིད་ཨང་ཟེར། ངས་དེ་མི་སྲིད། ངའི་བུ་ཆེ་བ་ད་ལྟ་སློབ་ཆེན་འགྲིམས་བཞིན་མཆིས། ཁོ་ནི་ཞིང་ཆེན་ཡོངས་ཀྱི་རྒྱུགས་འབྲས་ཨང་དང་པོ་ཐོབ་སྟེ་སློབ་ཆེན་དུ་རྒྱུགས་འཕྲོད་པ་རེད་ཅེས་བཤད་པར། བུད་མེད་དེས་ངའི་པང་གི་བུ་ལ་ལྟ་བཞིན་མུ་མཐུད་དུ་ཅི་ཡང་བཤད་མ་བྱུང་།
       དགོང་དྲོའི་དུས་སུ། སྐྱེས་པས་གྲོ་བྲེགས་ཚར་རྗེས་ཕྱིར་སླེབས་བྱུང་། ཁོའི་ཚུགས་ཀར་བལྟས་ན་ཅུང་ཙམ་ཐང་ཆད་འདུག་པ་འདྲ། ཁོས་བུད་མེད་དེ་དང་བུ་མོ་ཆུང་ཆུང་གཉིས་མཐོང་འཕྲལ། ཧད་བཞིན་དེ་རུ་ལུས་ཤིང་འགུལ་ཙམ་ཡང་མ་བྱས། བུད་མེད་ཀྱིས་ཁོར་བལྟས་འདུག་པ་ལས་ཅི་ཡང་བཤད་མ་བྱུང་། བུ་མོ་ཆུང་ཆུང་གཉིས་ཀྱིས། “ཨ་ཕ། ཨ་ཕ།”ཞེས་བསྐྱར་འབོད་རེ་བྱས་རྗེས། ཕར་རྒྱུག་སྟེ་ཁོའི་ལག་མགོར་འཇུས། བུད་མེད་ནི་དེ་མ་ཉིད་དུ་ངུས་ཤིང་། སྐྱོ་གདུང་ཆེན་པོས་ངུས་ཏེ་གཏན་ནས་མཚམས་འཇོག་མ་ཐུབ། སྐྱེས་པས་ཅི་ཞིག་བཤད་དགོས་པའང་མ་ཤེས་པར་བུ་མོ་ཆུང་ཆུང་གཉིས་ལ་གཅིག་བལྟས་ཤིང་། ཡང་བསྐྱར་ངུ་བཞིན་པའི་བུད་མེད་ལ་གཅིག་བལྟས་རྗེས། ངའི་པང་གི་བུ་ཆུང་ལ་མིག་མདངས་འཕོས་བྱུང་། བུད་མེད་ངུས་ཏེ་མཐའ་མར་མགྲིན་པའང་སྐམ་ཞིང་ངུ་སྐད་ཀྱང་མི་ཐོན་པར་འགག་ཙམ་འགག་ཙམ་བྱས་བྱུང་། ལོ་གཅིག་ལའང་མ་སོན་པའི་ངའི་བུ་ཆུང་ལ་དངངས་སྐྲག་ཐེབས་པ་ལྟར་གླེན་ཚུགས་སེར་འགག་བཞིན་པའི་བུད་མེད་དེར་བལྟས་འདུག
       བུད་མེད་ཅུང་ཙམ་ལྷོད་ལ་བབས་རྗེས་ངས་སྐྱེས་པ་ལ། “བུད་མེད་ཅིག་གིས་བྱིས་པ་གཉིས་སྐྱོང་དགོས་རྒྱུ་སླ་མོ་ཞིག་མ་ཡིན་པས། ཁྱོད་ཅིས་ཀྱང་ཕྱིར་འགྲོ་རོགས།”ཞེས་བཤད་པར། སྐྱེས་པ་དང་བུད་མེད་གཉིས་ཅུང་ཙམ་བསམ་ཡུལ་ལས་འདས་ཏེ་ང་ལ་བལྟས་འདུག
       བུད་མེད་ཀྱིས་ང་ལ་ལྟ་བཞིན། “དེས་ན་ཁྱོད་རང་ཅི་བྱེད་དམ།”ཞེས་དྲིས་བྱུང་བར།
       ངས། “སྐྱོན་མེད། ང་གཅིག་པུས་བྱིས་པ་གཅིག་སྐྱོང་རྒྱུའི་ཚེགས་ཐོན།”ཞེས་བཤད་པར།
       བུད་མེད་ཀྱིས་ཡང་བསྐྱར་ཅི་ཡང་མ་བཤད་ལ། སྐྱེས་པས་ཅིས་ཀྱང་ཁ་གྲགས་མ་བྱུང་།
       དེ་ནས་ངས་ནུབ་འཚལ་བསྐོལ་ཞིང་། ཁྱིམ་ན་ལུག་ཤ་རྐང་ཡས་ཙམ་ཡོད་པ་དེ་བཙོས་ནས་ཁོ་ཚོར་ཟ་རུ་བཅུག །བུད་མེད་ཀྱིས་ཅི་ཞིག་ཀྱང་ཁ་ལ་མ་རེག་པ་འདྲ། ཁོ་གཉིས་ཀྱི་བུ་མོ་ཆུང་ཆུང་དེ་གཉིས་ཀྱིས་མང་ཙམ་ཟོས་ཤིང་། ཁ་སྣ་གཉིས་སྣུམ་ཤིག་ཤིག་ཏུ་གྱུར། ཁོ་ཚོས་ནུབ་འཚལ་ཟས་རྗེས་ངས་ཁོ་ཚོར་སྐྱེལ་མ་བྱས་པ་ཡིན། ཕྱི་རོལ་གྱི་མཚན་ལྗོངས་ནག་ཐོམ་ཐོམ་དུ་འདུག་པས་ངས་ད་དུང་ཁོ་ཚོར་ལག་སྒྲོན་ཡང་ཁྱེར་འོང་། བུད་མེད་ཀྱིས་སེམས་འགུལ་ཐེབས་བཞིན་ངའི་ལག་མགོར་འཇུས་ཏེ་ཅི་ཞིག་བཤད་ན་འགྲིག་པའང་མ་ཤེས་པར་གྱུར། ང་ཁོང་ཁྲོ་ལངས་ཁུལ་གྱིས་“ད་ནི་རང་གི་སྐྱེས་པ་ཁྲིད་ནས་མྱུར་དུ་མི་འགྲོའམ་”ཞེས་གཤེ་གཤེ་བཏང་བར། མོ་ད་གཟོད་སྐྱེས་པའི་རྗེས་དེད་ནས་བུད་སོང་། ངས་ཁོ་ཚོ་ཐག་རིང་དུ་ཕྱིན་པའི་བར་དུ་བལྟས་རྗེས་ད་གཟོད་ཕྱིར་ཁྱིམ་དུ་ལོག་པ་ཡིན།
       ཁྱིམ་དུ་ལོག་པ་ན། ལོ་གཅིག་ལའང་མ་སོན་པའི་ངའི་བུ་ཆུང་དེ་ད་དུང་གཉིད་མི་འདུག་པར་གླེན་མདོག་ཚ་བོས་ང་ལ་བལྟས་འདུག །ཁོའི་བཟོ་ལྟ་མཐོང་དུས་ང་རང་དབང་མེད་དུ་སྐད་ཆེན་པོས་ངུས་ཤིང་། བུད་མེད་དེ་དང་འདྲ་བར་ངུས་ནས་མགྲིན་པའང་སྐམ་སོང་ལ། མིག་ཆུ་ཡང་བཞུར་ཚར།
       ལོ་རྗེས་མའི་གྲོ་འབྲེག་ཚད་ལ་སླེབས་དུས། ངའི་བུ་ཆུང་བ་རྡོ་རྗེ་ཐར་ཅུང་ཟད་ནར་སོན་བྱུང་། འོན་ཀྱང་ད་དུང་ཁ་མི་གྲག་པར་དུས་རྒྱུན་དུ་གླེན་མདོག་ཚ་བོས་ང་ལ་བལྟས་འདུག །ངས་ཁོ་ཐག་པ་ཞིག་གིས་ཞིང་ཚིགས་ལ་བཏགས་རྗེས་གྲོ་འབྲེག་ཞོར་དང་ཕྱིར་མིག་གིས་འཚོ་ཞོར་བྱས། གྲོ་ཞིང་ནི་མིག་གིས་མཐའ་མི་གནོན་པས་ཇི་ལྟར་བྲེགས་ན་དེ་ལྟར་མང་བ་ལྟར་སྣང་སྟེ། ང་རང་ཐད་ཆད་དེ་རྐེད་པའང་དགྱེ་མི་ཐུབ་པར་གྱུར། རྡོ་རྗེ་ཐར་གྱིས་ཞིང་ཚིགས་ནས་“འུང་་་འུང་་་་”ཞེས་ངུ་མཚམས་མ་ཆད་པས། ང་ལ་སེམས་སྡུག་དང་སུན་སྣང་ཐེབས་ཏེ། ང་ཡང་བསྐྱར་ཕར་རྒྱུག་སྟེ་ཁོར་འོ་མ་ལྡུད་པ་ཡིན། བྱིས་པས་འོ་མ་འཐུང་རྗེས་གཉིད་སོང་། སྐབས་དེར། ངས་ཐག་རིང་ཐག་རིང་ན་སྐྱེས་པ་དང་ཁོའི་ཆུང་མ་གཉིས་ཚུར་འདི་ཕྱོགས་སུ་འོང་བཞིན་པ་མཐོང་བྱུང་།
       བུད་མེད་ཀྱིས་ཐག་རིང་ཐག་རིང་ནས་“ངེད་གཉིས་ཁྱོད་ལ་གྲོ་འབྲེག་རོགས་ལ་ཡོང་བ་ཡིན་”ཞེས་བོས་བྱུང་།
       ངས་ཀྱང་ཐག་རིང་ཐག་རིང་ནས་“ཁྱོད་གཉིས་ཁོ་ན་ཡིན་ནམ། ཁྱོད་ཚོའི་བུ་མོ་གཉི་ག་མེད་དམ་”ཞེས་བོས་པ་ཡིན། བུད་མེད་ཀྱིས་“ང་ཡི་གཅེན་མོར་བཅོལ་ཡོད། སྐྱོན་མེད། སེམས་བདེ་མོ་བྱོས།”ཞེས་ཨ་ལན་བྱིན།
       ཁོ་གཉིས་ཉེ་སར་སླེབས་དུས། སྐྱེས་པས་གཉིད་ཀྱི་བདེ་བར་རོལ་ཡོད་པའི་བུ་ཆུང་ལ་ལྟ་བཞིན། “ནར་སོན་འདུག་ཨང་།”ཞེས་ཟེར། ངས་ཀྱང་བྱིས་པར་ལྟ་བཞིན་“ད་རུང་ཡང་ཁ་མི་གྲག་”ཅེས་བཤད།
       བུད་མེད་ཀྱིས། “བྱིས་པ་ལ་ལ་ཁ་གྲག་རྒྱུ་འགོར་བས། སྐྱོན་ཅང་མེད།”ཅེས་ཟེར།
       ངས། “ལྐུགས་པ་ཞིག་ཡིན་མི་སྲིད་ཨང་།”ཞེས་བཤད་པར།
       བུད་མེད་ཀྱི་ངོ་མདོག་གློ་བུར་དུ་དམར་པོར་གྱུར་ཏེ། “སྔོན་མར་ངས་དེའི་དོན་མིན་”ཞེས་ཟེར།
       ངས། “ངས་ངོ་མ་བཤད་པ་ཡིན། ཁྱོད་ཀྱིས་བལྟས་ན་ཁོ་ལྐུགས་པ་ཞིག་དང་མི་འདྲའམ་”ཞེས་བཤད།
       བུད་མེད་ཀྱིས། “དེ་འདྲ་ག་ལ་ཡིན་ཨང་། ངའི་བུ་མོ་གཉི་ག་སྒྲ་སྒམ་ཞིག་དང་མཚུངས་ཏེ། བཤད་ནས་ཚར་རྒྱུ་ཞིག་མེད།”ཅེས་ཟེར།
       སྐྱེས་པས་ཀྱང་། “དུས་ཀྱི་སྔ་འགོར་ཙམ་མ་གཏོགས་བྱིས་པ་འདིས་སྐད་ཆ་བཤད་ཤེས་ཁོ་ཐག་ཡིན། ངའི་གོ་ཐོས་ལྟར་ན། ཁ་གྲག་འཕྱི་བའི་བྱིས་པ་ཚང་མ་ནི་བསོད་ནམས་ཆེས་ཆེ་བའི་བྱིས་པ་ཡིན་ཟེར་སྲོལ་ཡོད།”ཅེས་ཟེར།
       ཁོ་གཉིས་ཀྱི་སྐད་ཆས་ང་རང་དགོད་ཁ་འཆོར་ཏེ། “ངས་ཀྱང་ཁོ་རང་བསོད་ནམས་ཇི་འདྲ་ཞིག་ལྡན་པར་ཧམ་པ་དེ་འདྲ་བཅངས་མེད། ངའི་རེ་བར་ཁོ་རང་རྒྱུན་ལྡན་དང་། བདེ་ཐང་། ནར་སོན་རྗེས་ངའི་གམ་ནས་སྡོད་ཐུབ་པ་ཞིག་བྱུང་ན་དེས་ཆོག་”ཅེས་བཤད།
       སྐྱེས་པས། “བྱིས་པ་འདི་ནར་སོན་རྗེས་ཁྱོད་ཀྱི་གྲོགས་དན་བྱེད་ཐུབ་ཁོ་ཐག་ཡིན། འུ་ཅག་གིས་སློབ་གསོ་ཡག་པོ་ཞིག་བྱ།”ཞེས་ཟེར།
       སྐྱེས་པས་བཤད་པར་ཉན་རྗེས། ངས་དངོས་ནས་བྱིས་པ་འདི་མྱུར་དུ་ནར་སོན་ན་བསམས་བྱུང་།
       སྐྱེས་པ་དང་བུད་མེད་གཉིས་ཀྱིས་ང་ལ་གྲོ་འབྲེག་རོགས་བྱེད་ཚར་རྗེས་ཕྱིར་བུད་སོང་། སྡེ་མི་ཚོས་ང་ཚོའི་འབྲེལ་བ་འདི་ལྟ་བུ་རྒྱུན་གཏན་དུ་རྩིས་པས། སྔ་མོ་ནས་ངེད་ཅག་ལ་ལྐོག་ལབ་བྱེད་རྒྱུ་མ་བྱུང་།
       དགུན་དུས་སུ། བུ་ཆེ་བ་རྡོ་རྗེ་སྐྱབས་དགུན་གནང་བཏང་སྟེ་ཕྱིར་སླེབས་བྱུང་། ཁོས་ཁོའི་མ་གཅིག་ཕ་གཡར་གྱི་སྤུན་ཆུང་མཐོང་འཕྲལ་ང་ལ་ལྟ་བཞིན། “བྱིས་པ་ཆུང་ཆུང་འདི་སུ་རེད།”ཅེས་དྲིས་པར།
       ངས། “འདི་ནི་ཁྱོད་ཀྱི་སྤུན་ཆུང་རེད་ཡ་”ཞེས་བཤད།
       ཁོས། “ང་ལ་སྤུན་ཆུང་ཞིག་ག་ལ་ཡོད་དམ།”ཞེས་ཟེར།
       ང་དགོད་བཞིན་དུ། “ཁྱོད་ང་དང་བྲལ་ཏེ་གྲོང་ཁྱེར་དུ་སོང་རྗེས། ཨ་མས་ཁྱོད་ལ་སྤུན་ཆུང་ཞིག་སྐྱེས་པ་ཡིན།”ཞེས་བཤད།
       ཉིན་ཞིག་ཁོ་སྡེ་བའི་འདུ་ཚོགས་ཤིག་ལ་སོང་སྟེ་ཕྱིར་ཡོང་དུས་ཧ་ཅང་སྐྱོ་བའི་བཟོ་ལྟ་ཞིག་མངོན་འདུག་ལ། ཁོའི་ལུས་སྟེང་ན་ད་དུང་ཆང་དྲི་ཞིག་ཀྱང་འཐུལ་འདུག
       ངས་ཁོར། “ཁྱོད་ཀྱིས་ཅིའི་ཕྱིར་ཆང་འཐུང་བ་ཡིན།”ཞེས་དྲིས་པར།
       ཁོས་ངའི་དྲི་བར་ཨ་ལན་མི་སྟེར་བར་ངའི་པང་གི་རྡོ་རྗེ་ཐར་ལ་ལྟ་བཞིན། “ཁོར་བལྟས་ན་གླེན་པ་ཞིག་དང་འདྲ་བ་ཅི་ཡིན་ནམ།”ཞེས་ཟེར།
       ངས། “ཁྱོད་ཀྱིས་ཁོར་དེ་འདྲ་ཟེར་མི་ཉན། ཁོ་ནི་ཁྱོད་ཀྱི་སྤུན་ཆུང་རེད།”ཅེས་བཤད།
       ཁོས། “ང་ལ་སྤུན་ཆུང་འདི་འདྲ་ཞིག་མེད། ཁོ་ནི་གླེན་པ་ཞིག་རེད།”ཅེས་ཟེར།
       ངས། “ཁོས་ད་རུང་ཁ་གྲག་སྟེ་སྐད་ཆ་མ་བཤད་པ་ཙམ་ཡིན། ཁོ་གླེན་པ་ཞིག་མིན།”ཞེས་བཤད།
       ཁོས། “སྡེ་མི་ཚང་མས་ཁོ་གླེན་པ་ཞིག་རེད་ཟེར་གྱིན་འདུག”ཁོའི་ཉམས་འགྱུར་ལས་ད་དུང་འཕྱ་སྨོད་ཀྱི་བཟོ་ལྟ་ཞིག་མངོན་བཞིན་དེ་ལྟར་ཟེར།
       ངས་ཁོར་འགྲམ་ལྕག་ཅིག་གཞུས་ཏེ། “གླེན་པ་ཡིན་ན་ཡིན་དུ་ཆུག །གླེན་ཙམ་ཡིན་ན་བཟང་། གླེན་ཙམ་ཡིན་ན་སློབ་གྲྭར་འགྲོ་མི་དགོས། གླེན་ཙམ་ཡིན་ན་ཁྱོད་ལྟར་ས་ཐག་རིང་པོར་འགྲོ་མི་དགོས། གླེན་ཙམ་ཡིན་ན་ངའི་གམ་ནས་སྡོད་ཐུབ།”ཅེས་བཤད།
       རྗེས་ཀྱི་གུང་སེང་འགའ་ཞིག་ལ་ཁོ་ཡུལ་ལ་གཏན་ནས་མ་ཡོང་། ངས་ཁོའི་སེམས་སུ་ང་ལ་སྡང་ཡོད་པ་ཤེས།
       རྡོ་རྗེ་ཐར་ལོ་བཞིར་སོན་དུས་ཁོས་ད་དུང་ཁ་གྲག་མ་བྱུང་། ཁོའི་མིག་མདངས་དང་བཟོ་ལྟར་བལྟས་ན་སྔར་བཞིན་གླེན་པ་ཞིག་དང་མཚུངས། ངའི་སེམས་སུ། ད་ནི་ཚར་སོང་། རང་ཉིད་ཀྱིས་དངོས་ནས་གླེན་པ་ཞིག་སྐྱེས་སོང་བསམས།
       ལོ་དེའི་དབྱར་ཁར། ངའི་བུ་ཆེ་བ་རྡོ་རྗེ་ཐར་སློབ་ཆེན་ནས་མཐར་ཕྱིན། ཁོས་ཁོའི་སློབ་གྲོགས་ཤིག་ལ་སྐད་བསྐུར་ཏེ་ཁོ་ནི་ཁོའི་དགའ་རོགས་ཀྱི་རྗེས་དེད་ནས་ལྷ་སར་བུད་སོང་བས། གནས་སྐབས་སུ་ཡུལ་ལ་མི་ལོག་ཅེས་ཟེར། རྗེས་སུ། ཁོས་སླར་ཡང་སྐད་བསྐུར་ཏེ། ཁོ་དང་ཁོའི་དགའ་རོགས་གཉིས་ལྷ་སའི་སྨན་ཁང་ཆེན་མོ་ཞིག་ཏུ་ལས་ཀ་བགོས་སོང་ཟེར། ངས་ཁོའི་སློབ་གྲོགས་ལ། ངས།“ལྷ་ས་ནི་གནས་མཆོག་ཏུ་གྱུར་པ་སྟེ་ཇོ་བོའི་གདན་ས་ཡིན་ཕྱིན། ཁོ་རང་ལྷ་སར་འགྲོ་ཐུབ་སོང་ན་ཨ་མ་ཤིན་ཏུ་དགའ་ཡོད། རྗེས་ཕྱོགས་ཕྱིར་ཡོང་སྟེ་ཨ་མར་བསྐོར་རེ་བརྒྱབ་པས་ཆོག །ཁྱོད་ཀྱིས་རྡོ་རྗེ་ཐར་ལ་དེ་ལྟར་བཤད་རོགས།”ཞེས་སྐད་བསྐུར་བ་ཡིན། ཁོའི་སློབ་གྲོགས་ཀྱིས། “སྤྱིར་རྡོ་རྗེ་སྐྱབས་ཀྱིས་རྒྱུན་དུ་ང་ལ་ཁྱེད་རང་གླེང་བཞིན་ཡོད།”ཅེས་ཟེར་བས། ངའི་གདོང་ནས་འཛུམ་ཞིག་བསྟན་མོད། འོན་ཀྱང་སེམས་པ་སྐྱོ་སེང་ངེ་བ་ཞིག་ཏུ་གྱུར་ཅིང་། “བུ་འདི་ད་ནི་མགོ་འབུས་ཙམ་བྱུང་སོང་།”ཞེས་བཤད།
       ཉིན་ཞིག་གི་དགོང་མོར། ངས་རྨི་ལམ་ཞིག་རྨིས་བྱུང་། རྨི་ལམ་དུ་ངེད་ཅག་སྡེ་བའི་མ་ཎི་ཁང་གི་སྐུ་འདྲ་ཞིག་གིས་ང་ལ་གསུང་བྱོན་མོད། ནམ་ལངས་དུས་ཅི་ཞིག་གསུངས་ཟིན་པ་བརྗེད་འདུག
       ཉིན་དེའི་ཞོགས་པར། ང་རང་གཉིད་ལས་སད་དུས་ཆུ་ཚོད་དགུ་ལྷག་ལ་སླེབས་ཤིང་། ཉི་མའི་འོད་ཟེར་སྒེའུ་ཁུང་གི་དྲ་མིག་བརྒྱུད་དེ་ཁྱིམ་དུ་འཕོས་འདུག་པས། མིག་ཟུང་འཕྲལ་འཕྲུལ་དུ་བཟོས་ཤིང་། རེ་ཞིག་ལ་ངས་ད་དུང་རང་ཉིད་རྨི་ལམ་གྱི་ཞིང་ཁམས་འགྲིམ་གྱིན་འདུག་བསམས།
       ང་མྱུར་དུ་མལ་ལས་ལངས་ཏེ་ཁྱིམ་ནས་ཕྱིར་འབུད་དུས། ང་ཡི་རྡོ་རྗེ་ཐར་རྐུབ་སྟེགས་གྲུ་བཞི་ཞིག་ཏུ་ཀྲོང་ངེར་བཙོག་སྟེ་ང་ལ་བལྟས་འདུག་པ་མཐོང་།
       ངའི་སྣང་བར་ཁོ་ཅུང་ཙམ་མི་འདྲ་བ་ཞིག་ཏུ་འདུག་པས། དབང་མེད་དུ་ཁོའི་ཕྱོགས་སུ་སོང་། ང་རང་ཁོའི་ཉེ་སར་སླེབས་དུས། ཁོའི་གདོང་ན་ལྐོག་གྱུར་གྱི་ཉམས་ཤིག་མངོན་འདུག་སྟེ། ནམ་རྒྱུན་གྱི་གླེན་ཚུགས་ཀྱི་ཉམས་དེ་གཏན་ནས་མ་ཡིན། ང་རང་སོམ་ཉིར་ཚུད་པའི་དུས་སུ། ཁོས་གློ་བུར་དུ་ཁ་གྲག་བྱུང་བ་སྟེ། “ཨ་མ། ཁྱོད་རང་གཞི་ནས་སད་སོང་ངམ།”ཟེར།
       ང་ནི་གློ་བུར་ཐོག་གིས་བརྒྱབ་པ་ལྟར་གནས་དེ་ནས་ཧད་ཅིང་སྨྲ་བརྗོད་དང་བྲལ་ལ། མིག་ནས་མཆི་མ་དབང་མེད་དུ་འགྲིལ་བྱུང་།
       ལོ་དྲུག་ལ་སླེབས་དུས། ཁོས་ཐོགས་པ་མེད་པར་སྐད་ཆ་རེ་བཤད་ཐུབ་སོང་། ཁོས་ཁར་ཤིན་ཏུ་ཉན་ལ། ཉིན་མཚན་ཀུན་ཏུ་ངའི་རྗེས་དེད་དེ་འབྲལ་མི་སྲིད། ངའི་སེམས་སུ། རྣམ་རིག་རྩེར་སོན་པའི་བུ་ཞིག་སྐྱེས་པ་ཉར་མ་ཐུབ་མོད། ཐེངས་འདིར་བལྟས་ན་གླེན་ཚུགས་ཅུང་ཙམ་མངོན་པའི་བུ་ཆུང་འདི་གཞི་ནས་གམ་དུ་ཉར་ཐུབ་སོང་ལ། ཚེ་གང་བོར་རང་ཉིད་ཀྱི་བརྟེན་ས་བྱེད་ཆོག་སྙམ།
       ལོ་དེའི་དཔྱིད་ཀར། ངས་ཁོ་ཁྲིད་ནས་ཞིང་ནང་དུ་ཡུར་མ་ཡུར་སྐབས། གློ་བུར་དུ་གཟན་ཤམ་མནབས་པའི་གྲྭ་བ་འགའ་ཕེབས་བྱུང་། ངའི་བུ་ཆུང་གིས་གྲྭ་བ་དེ་དག་མཐོང་འཕྲལ། ཁོང་ཅག་གི་ཕྱོགས་སུ་རྒྱུག་སོང་།
       གྲྭ་བ་ཚོས་ངའི་བུ་ཆུང་པང་སྟེ་གཡས་ལྟ་གཡོན་ལྟ་བྱེད་བཞིན། ཞལ་ནས་“ད་ནི་འགྲིག་སོང་། གཞི་ནས་རྙེད་བྱུང་། གཞི་ནས་རྙེད་བྱུང་།”ཞེས་ཡང་ཡང་གསུངས།
       ངས་ཁོང་ཅག་གི་བཟོ་ལྟ་མཐོང་འཕྲལ་ནང་སེམས་ཤིན་ཏུ་འཚབ་ཅིང་། ཕར་ཕྱིན་ནས་ཁོང་ཚོའི་ལག་ནས་བུ་ཆུང་ཚུར་འཕྲོག་སྟེ། སྐད་སིང་མཐོན་པོས། “འདི་ནི་ངའི་བུ་ཡིན། ཁྱོད་ཚོས་ཅི་བྱེད་དམ།”ཞེས་བཤད།
       དགུང་ལོ་ཅུང་ཙམ་བགྲེས་པའི་གྲྭ་བ་ཞིག་གིས་འཛུམ་དམུལ་དམུལ་ངང་ང་ལ། “ཁྱོད་ཚང་ལ་བསོད་ནམས་རྒྱ་ཆེན་པོ་ཞིག་འཁོར་འདུག །ཁྱོད་ཀྱི་བུ་ཆུང་འདི་ངེད་ཅག་གིས་དཀའ་ལས་བསམ་གྱིས་མི་ཁྱབ་པ་མྱོང་སྟེ་བཙལ་བའི་སྤྲུལ་སྐུ་གྲོ་བློ་ཚང་གི་ཡང་སྲིད་རེད།”ཅེས་གསུངས།
       ང་རང་རྨོངས་འཐོམ་འཐོམ་དུ་བཏང་ཞིང་། ངག་ནས་གློ་བུར་དུ། “སྤྲུལ་སྐུ་གྲོ་བློ་ཚང་ཟེར་རམ། ང་ཡི་གནམ་རྒན་མ། དེ་འདྲ་ཞིག་ཡིན་ག་ལ་སྲིད།”ཅེས་ཐལ།
       གྲྭ་བ་ཚོས་ཀྱང་ངས་ཅི་ཞིག་བཤད་པར་ཁ་ཡ་མ་བྱས་པར། ད་དུང་ངག་ནས་ཆད་མེད་དུ་བཟླས་དང་ཟློ་བཞིན་ངའི་བུ་ཆུང་ལ་ཕྱག་འཚལ་བྱུང་།
       ངས་སྤྲུལ་སྐུ་གྲོ་བློ་ཚང་ཞེས་པའི་མཚན་འདི་ཐོས་འཕྲལ། སེམས་ནས་གློ་བུར་དུ་ལོ་མང་པོའི་སྔོན་གྱི་དོན་དག་ཅིག་དྲན་བྱུང་། དེ་དུས་ང་རང་ད་དུང་བུ་མོ་ཆུང་ཆུང་ཞིག་སྟེ། ཕལ་ཆེར་ལོ་བཅོ་བརྒྱད་བཅུ་དགུ་ཙམ་ཞིག་ཡིན། ཉིན་དེར་ང་དང་ན་ཆུང་བུ་མོ་འགའ་གཙང་པོའི་ཁར་ཆུ་འཁུར་དུ་སོང་སྟེ་ལམ་འགྲམ་དུ་ངལ་གསོ་སྐབས། གྲས་ཀྱི་བུ་མོ་ཞིག་གིས་གློ་བུར་དུ། “མྱུར་དུ་ལྟོས་དང་། གན་ནི་སྤྲུལ་སྐུ་གྲོ་བློ་ཚང་རེད།”ཟེར། ངེད་ཅག་ཚང་མས་མོས་བསྟན་པའི་ཕྱོགས་སུ་བལྟས་པ་ན། ངེད་ཅག་སྡེ་དཀྱིལ་གྱི་གསོམ་སྡོང་རྙིང་བ་དེའི་འཁྲིས་སུ་མི་ཞིག་ལངས་འདུག་ལ། ཉིན་འགའི་སྔོན་ལ་རླུང་འཚུབ་ཆེན་པོས་བཅག་སྟེ་བཟོ་ལྟ་ཁྱད་མཚར་དུ་བཟོས་པའི་ཡལ་ག་སྐམ་པོ་དེར་ཧད་འདུག 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号