དགེ་བཤེས་པོ་ཏོ་བའི་ཆིག་ལབ་རིང་མོ། སྟོད་ཆ།
དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ།
ད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པས། རང་གི་སེམས་རྟོགས་དགོས། སེམས་རྟོགས་པར་བྱེད་པ་ལ་སྒྲིབ་པ་སྤོང་དགོས། སྒྲིབ་པ་སྤོང་བར་བྱེད་པ་ལ་ཚོགས་བསོག་དགོས། ཚོགས་བསོག་པ་ལ་དད་པ་དགོས།
དད་པ་གཤའ་མ་དེ་འཆི་བ་རྗེས་སུ་མ་དྲན་ན་མི་སྐྱེ། འཆི་བ་གཤའ་མར་དྲན་ནས་ཆོས་མིན་ཅིས་ཀྱང་མི་ཕན་པ་འདུག་སྙམ་ཙམ་ན། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཅི་ལ་ཡང་བློ་མི་འཇུག་པ་ཞིག་འོང་བ་ཡིན་ཏེ། དེ་ཙ་ན་རྫས་དང་ཡོ་བྱད་ལ་ཆགས་པ་གཏིང་ནས་མེད། ཉེ་འབྲེལ་ལ་ཞེན་པ་གཤའ་མར་ལོག་ནས་སུའི་ཡང་ངོ་མི་བསྲུང་བ་ཞིག་འོང་བར་འདུག །
རྒས་ཁའི་འདུན་མ་མི་བྱེད། རྒས་རྒས་སུ་སྡོད་པའི་བློ་མེད་པས། རྒས་ཁར་སྐྱིད་སྡུག་དང་། མིའི་རྩིས་ཆེ་ཆུང་དང་། ལྟོ་གོས་ཕྱིད་མ་ཕྱིད་དང་། མིས་འཕྱ་མི་འཕྱ་དང་། སུ་ཇི་ལྟར་བྱེད་པ་གྱིས་སྙམ་པའི་ཚེ་འདིའི་སྟབས་ཀ་ལེགས་ཉེས་ཅི་ལ་ཡང་བློ་མི་འཇུག་པ་ཞིག་དགོས་པར་འདུག་སྙམ།
ཚེ་འདི་ཇི་ལྟར་སོང་བ་སོང་སྙམ་ནས་ཚེ་འདི་ཁར་ཆེ་ལ་གཏོང་དགོས། མདའ་གཅིག་གིས་ཤ་བ་གཉིས་མི་སོད། ཁྱི་གཅིག་གིས་གླ་བ་གཉིས་མི་ཟིན། ཁབ་རྩེ་གཉིས་ཀྱིས་ཚེམ་བུ་མི་བཏུབ། རྐང་པ་ཡ་གཅིག་ཡར་ལ་བོར་ཡ་གཅིག་མར་ལ་བོར་བས་དོན་སར་མི་སླེབས། དེ་བཞིན་དུ་ཚེ་འདི་དང་ཕྱི་མ་གཉིས་མི་འགྲུབ་པས། དེ་ཡང་ཕྱི་མ་ཕན་ཆད་གལ་ཆེ་བས་ཆོས་གཤའ་མ་གཅིག་བྱ་དགོས་པར་འདུག་སྙམ།
འཆི་བ་གཤའ་མ་ཞིག་དྲན་ན། དངོས་པོ་ཐམས་ཅད་ལ་གཅན་གཟན་གྱི་མདུན་དུ་རྩྭ་སྤུངས་པ་འདྲ་བ་ཞིག་འོང་བར་འདུག །འཁོར་བའི་སྡུག་བསྔལ་གྱིས་སྐྱུགས་གཤའ་མར་ལོག་ན། ཅིས་ཀྱང་དགོས་པ་མེད་སྙམ་པ་ཡང་ཡང་འབྱུང་། དེ་ཙ་ན་ཚེ་འདིའི་འདུན་མ་ལ་བློ་གཤའ་མར་ལོག་ནས། གཞན་དང་བསམ་པ་ཡེ་མི་མཐུན་པ་ཞིག་འོང་བར་འདུག་སྟེ། ཚེ་འདིའི་ཆེ་ཐབས་དང་བཟང་ཐབས་འབའ་ཞིག་བྱེད་པའི་མི་མཐོང་ཙ་ན། མི་འདི་ཀུན་གི་སྙིང་ལ་ཅི་དྲན་པ་ཡིན་སྙམ་པ་ལ་འོང་བར་འདུག །
རང་ལ་ཤ་ཚ་ནས་ཁྱོད་དེ་ལྟར་མ་བྱེད། རྒས་ཁར་ཉོན་མོངས་ཏེ་འགྲོ། ཀ་ཆ་བག་ཙམ་ཚགས་ཀྱིས་དགེ་སྦྱོར་གྱི་གྲོགས་ཡིན། རང་གཞུ་བཀང་ནས་རང་མདའ་བརྡེག་དགོས་པ་ཡིན་ཟེར་ནས། གྲོས་འདེབས་པ་མང་པོ་བྱུང་སྟེ། དེ་རྣམས་ལ་ཡང་ཁོང་འོར་ཆེ། ང་ལ་གྲོས་འདེབས་པ་དེ་བདེན། ཁོང་ང་ལ་ཤ་ཚ་བ་ཡིན་སྙམ་པ་མ་བྱུང་། སླར་རང་ལ་ཡི་མུག་ཞེ་ཁྲེལ་བ་བྱུང་སྟེ། འདི་ཀུན་གིས་ཆོས་མ་བསམ་པར་འདུག །
མི་འཆི་ན་ད་དེ་ཙུག་ཡིན་ཏེ། འཆི་ངེས་པར་འདུག །ནམ་འཆི་ཆ་མི་འདུག་པས་ཀ་ཆ་སོག་རིང་ལ་ཤི་ན་ཇི་ཙུག་བྱེད། ཤི་ནས་ཀྱང་མི་རང་དུ་སྐྱེ་ན་ད་ཡང་ཆོས་བྱས་པས་ཆོག་སྟེ། ཤི་ནས་གར་སྐྱེ་དང་གར་འགྲོ་ཆ་མི་འདུག་པས། ཆོས་ནི་མར་ལ་ནི་འཆི་ངེས་པས་ཆོས་བྱ་བ་ལ་ཐག་བཅད། ནམ་འཆི་ཆ་མེད་པས་ཆོས་ལ་ཕྱི་བཤོལ་མི་བྱ་བ་ལ་ཐག་བཅད། འཆི་བའི་དུས་སུ་ཅིས་ཀྱང་མི་སྟོངས་པས་ཅི་ལ་ཡང་མི་ཆགས་པ་ལ་ཐག་བཅད།
གཞན་ཡང་མགྲོན་པོ་ཕ་ཡུལ་དུ་འགྲོ་བ་ལ་བུ། འདོད་པའི་ཡོན་ཏན་རྣམས་ལ་གསོད་སར་འཁྲིད་པའི་རྒྱན་ལྟ་བུ་དང་། གནད་དུ་མཚོན་ཕོག་པ་འདྲ་བ་ཞིག་དགོས་ཟེར་བ་དང་། གཅིག་པུ་ག་ཤེད་འགྲོ་དགོས་ན། །མཛའ་དང་མི་མཛའ་ཀུན་ཅི་རུང་། །ཞེས་བྱ་བ་ལ་སོགས་པ་གསུངས་ནས་འདུག་པ་མ་གོ་འམ་སྙམ་ནས་ཡི་མུག །སང་འཆི་ན་ཇི་ཙུག་བྱེད་སྙམ་ནས་ཁོང་ལ་སླར་སྙིང་རྗེ་སྐྱེ་བར་འདུག །
འོ་སྐོལ་ཆོས་པའི་དབང་དུ་བྱས་ན། ཆོས་དང་མི་མཐུན་པའི་མི་ལ། ཁྱོད་འདི་ཙུག་མ་བྱེད། ཆོས་ཀྱི་བྱ་བ་ལ་སོགས་པའི་གྲོས་འདེབས། ཆོས་དང་མཐུན་པ་རྣམས་ལ་ཡང་སེམས་ཅན་ཡོན་ཏན་གོང་མ་ལ་ཡང་སྦྱོར་དགོས་པ་ཡིན། གྲོས་འདེབས་པ་སྦྱིན་པ་བཏོང་བ་བས་ཚུལ་ཁྲིམས་བསྲུང་བ་དགའ། ཐོས་པ་བྱས་པ་བས་སྒོམ་པ་དགའ་བྱ་བ་ལ་སོགས་པ་ཡོན་ཏན་གོང་མ་ལ་སྦྱོར་དགོས་པ་ཡིན།
དེ་སྐད་བྱས་པས་ཁ་ཅིག་ན་རེ། ཆོས་ནས་བཤད་པ་དེ་ད་ལྟ་སོ་སོ་སྐྱེ་བོའི་དུས་སུ་རྒྱུད་ལ་མི་སྐྱེ། ད་ལྟ་མོས་པ་སྤྱོད་པ་བྱ་བ་ཡིན་ཟེར་ཏེ། ད་ལྟ་རྒྱུད་ལ་མི་སྐྱེ་ན་ཚེ་ཕྱི་མ་ཁྱི་རུ་སྐྱེས་ཙ་ན་དེ་བས་ཀྱང་མི་སྐྱེ། བ་གླང་བོང་བུ་དུད་འགྲོ་ལ་སོགས་པ་མི་ཁོམ་པའི་གནས་བརྒྱད་དུ་སྐྱེས་ཙ་ན་དེ་བས་མི་སྐྱེ། ད་ལྟ་རང་ཡང་ཁམས་བག་ཙམ་རེ་མ་བདེ་ཙ་ན་ཡང་ཤེས་པ་བཀོལ་དུ་མི་ཉན་པར་འདུག་པ། ཆོས་བྱེད་པ་ད་ལྟ་བས་ལྷག་པ་མེད་དམ་བསམ།
སློབ་དཔོན་གྲུབ་པ་ཐོབ་པ་དང་། ཕུན་སུམ་ཚོགས་པ་ནམ་ཡང་དཀའ། ད་ལྟ་སྨོན་ལམ་གྱི་སྟེང་དུ་ཕྱིན་པ་ཡིན། བདུད་བྱ་བ་ཁ་དོག་ནག་ལ་དབྱིབས་མ་ལེགས་པ་ལོགས་ན་མེད། རང་གི་བསམ་པ་བཟང་པོ་དང་། གྲོགས་བཟང་པོས་ཡོན་ཏན་གོང་མ་ལ་སྦྱོར་མི་ནུས་པ་དེ་ཡིན།
ངས་ནི་སྙིང་ནས་ཆོས་བྱད་པ་ལ་འཆི་བ་དྲན་པ་ཁོ་ན་གནད་ཆེ་བར་གོ །འཆི་བ་མ་དྲན་ན་ཐོས་བསམ་སྒོམ་གསུམ་དང་། རི་ཁྲོད་དང་། འདག་མ་དང་། ལྡོམ་བུ་དང་། གཅིག་པུ་དང་། གདན་གཅིག་དང་། བྱ་དཀའ་བའི་དཀའ་ཐུབ་ཐམས་ཅད་ཀྱང་། ཚེ་འདིའི་བསོད་ནམས་ཅི་སྐྱེ་དང་། མི་རྩིས་ཅི་ཆེ་དང་། རྙེད་པ་དང་གྲགས་པ་ཅི་འོང་དང་། ཚེ་འདིའི་འདུན་མར་སོང་ནས་ཆོས་སུ་མི་འགྲོ་བར་འདུག །ཆུ་ཡུར་མགོར་མ་ཚུད་ན་ཡུར་ཞབས་སུ་མི་འབྱུང་བར་འདུག །མདའ་སྟོང་མེད་དེ་གཞུ་ཚར་ཆོད་པར་བཀང་ནས་འཕངས་ཀྱང་འགྲོར་མི་འདོད་པར་འདུག །དེ་བཞིན་དུ་འཆི་བ་མ་དྲན་པའི་ཆོས་དེ་ལམ་དུ་མི་འགྲོ་བར་འདུག །བར་སྐབས་འདི་ན་ཉམས་སུ་མྱོང་བ་ཞིག་རང་ཡོད།
སྙིང་ནས་རང་དུ་འཆི་བ་གཤའ་མ་གཅིག་དྲན་ན་དེ་ནི་ཚེ་འདི་བློས་ཐོངས་པ་ཞིག་འོང་། ཆོས་ཀྱི་གཞི་མ་གཤའ་མ་གཅིག་དེར་གདོད་ཐེངས་པ་ཡིན། ལམ་སྣ་ཟིན་པ་ཡིན། ཆུ་ཡུར་མགོར་ཚུད་པ་ཡིན། ཡོན་ཏན་སྐྱེ་བ་ལ་ཚེགས་མེད། ནང་གི་ཉེར་ལེན་བཟང་པོ་ཞིག་ཡོད་པས། རྐྱེན་ངན་གྱིས་ཟོག་པར་མི་ནུས་པར་ཆོས་ཚུལ་བཞིན་དུ་བྱེད། ཆོས་ནས་ཇི་སྐད་བཤད་པ་བཞིན་དུ་བྱེད་པ་འོང་བ་ཡིན།
ཚེ་འདི་ལ་བློ་མ་ལོག་ན། ཆོས་པོ་ཏི་བྱུང་བཤད་ཤེས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་ཞུགས་ནས་གཉིས་མེད་ཟུང་འཇུག་ཏུ་སྒོམ་ཡང་། མི་སྐྱ་ཐ་མལ་པ་དང་ཁྱད་ཙམ་མེད།
དེས་ན་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གིས་ཀྱང་། སྡེ་སྣོད་མཐའ་དག་གི་དོན་གྱི་སྙིང་པོར་དྲིལ་བ་སྐྱེས་བུ་རབ་འབྲིང་གསུམ་དུ་གསུངས་པ་ཡིན། དེ་ཡང་ཚེ་འདི་ལ་བློ་ལོག་ནས། ཕྱི་མ་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་པས་ཆོས་བྱེད་པ་དེ་སྐྱེས་བུ་ཆུང་ངུ་ཡིན་ཏེ། དེ་རྒྱུད་ལ་སྐྱེས་པའི་ཆོས་ལ་འཁྲིད་པ་ཙམ་ཡང་མི་འདུག །ཅི་སྟེ་ཞེ་ན། དགེ་བཤེས་གཅིག་ལ་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པའི་ཆོས་འབྲེལ་ཞུས་ནས། ཕྱིས་དགེ་བཤེས་དེ་ལ་གུས་ནས་སློབ་དཔོན་མི་ཟེར་བར་འདུག །སློབ་དཔོན་བྱས་ན་མིས་འཕྱས་འོང་སྙམ་ནས་གསང་བར་གདའ། གཞན་ཞིག་གིས་དེ་ཁྱོད་ཀྱི་སློབ་དཔོན་མིན་ནམ་བྱས་ན། ངས་དེ་ལ་སྐྱབས་འགྲོ་སེམས་བསྐྱེད་ཅིག་ལས་མ་ཞུས་ཟེར། སྐྱབས་འགྲོ་སེམས་བསྐྱེད་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ་མ་གོ་བ་ཡིན་པས་སྐྱོན་ཤིན་ཏུ་ཆེ། ངས་ནི་ཆོས་འབྲེལ་ཞུས་ཚད་ལ་ཚིག་རེ་ཙམ་ལ་ཡོན་ཏན་རེ་རྙེད་པས། དེ་རིན་གྱིས་ཉོ་ན་མི་རྙེད་སྙམ་པ་ཤ་སྟག་བྱུང་།
དེས་ན་ཚེ་འདི་ལ་བློ་ལོག་པ་དེ་ཉུང་བར་འདུག །བྱང་ཆུབ་སེམས་དཔར་ཁས་ལེན་པ་མང་བར་འདུག་སྟེ། དེ་རང་ཡང་ཚེ་འདི་པར་སོང་ངམ་སྙམ།
ང་ལ་ནི་དོ་ནུབ་ཤི་ན་ཇི་ཙུག་བྱེད་སྙམ་ནས་སང་ཕན་ཆད་ཀྱི་འདུན་མ་དྲན་པ་ཡང་མ་བྱུང་སྟེ། ཆོས་ཀྱི་གནད་ཐམས་ཅད་དེ་ནས་གོ །སྒོམ་རྒྱགས་ཀྱང་དེ་ཁོ་ན་ཆེ་བར་བྱུང་།
གཞན་ལ་ཡང་དེ་ཙུག་ཡོད་དེ་འོང་སྙམ་ནས་ཁོང་ལ་བཤད་པས། ཁོང་ང་དང་བསམ་པ་མཐུན་པ་ཙམ་མ་བྱུང་། ཁོང་ཡང་ང་ལ་ཞེ་ཁྲེལ། ང་ཡང་ཁོང་ལ་ཡི་མུག །ལར་ནང་དུ་ཁུ་འཕྲིག་ཅིག་མ་ཚུད་ན་ཆོས་མང་པོ་ཤེས་ཀྱང་ཕན་མི་འདུག །
ད་ལྟ་ཚོགས་མ་རྫོགས་ཀྱིས་དོགས་པ་ལ། ཁྱོད་ཀྱི་དེ་ཡང་ཅུང་དྲགས་པ་ཡིན་ཟེར་ནས་འགྱོད་འདེབས་པར་འདུག་སྟེ། དེ་ནི་གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་ནག་པོའི་ཆོས་གཅིག་མ་ཡིན་ནམ། གཞན་གྱིས་དགེ་བ་བྱས་པ་ལ་རྗེས་སུ་ཡི་རང་བ་བྱས་ན། དགེ་བ་ཕྱེད་ཐོབ་པར་མདོ་ནས་གསུངས་འདུག་པ་དེ་མ་གོ་འམ།
དེ་སྐད་བྱས་པས་ཁོང་ལ་ལ་ན་རེ། ཁྱོད་ལ་ཉེས་པ་སློབ་པ་མིན། ཤ་ཚ་ནས་གྲོས་འདེབས་པ་ཡིན་ཟེར་ཏེ། ཤ་ཚ་བའི་ཁ་ནས་སྙིང་གཏམ་དེ་འདྲ་བ་འབྱུང་བ་ཡི་མུག་པ་ཡིན། ཁོང་རང་ལ་བསམ་པ་དེ་ལས་མེད་པའི་རྟགས་ཡིན། དེ་ལ་ངོ་མཚར་དུ་དྲན་པ་ཡིན། དོན་ལ་འཁོར་བ་ནས་ཅི་མི་ཐར་དུ་གྱིས་ཟེར་བ་འདུག་པས། ཤ་ཚ་བ་ཡིན་ཡང་དེ་ལ་མི་ཉན།
སྒོམ་ཆེན་བཟང་པོ་ཡིན་ཟེར་བ་དང་། ཆོས་མང་པོ་ཤེས་པའི་མཁས་བཙུན་ཡིན་ཟེར་བ་ལ་ལ་ལ་ཆོས་འབྲེལ་ཞུས། ལ་ལ་དང་ལོ་རྒྱུས་བྱས་པས་བསམ་པ་མཐུན་པ་ཙམ་མ་བྱུང་ནས་གླེང་ལངས་ཤ་ཕེབས་པ་ཙམ་གཏོང་སྙིང་མ་འདོད་ནས། ངག་འཁྱལ་ཅི་དགའ་དགའ་བཤད་བཏང་།
ཆོས་པ་བཟང་པོ་ཡིན་ཟེར་བ་ཚོ་ཡང་སྔོན་ལ་ཚེ་འདིའི་ལྟོ་རྒྱབ་གཞན་ལ་རག་མ་ལས་པ་ཞིག་བསགས་ལ། ཚེ་འདི་ལ་ལྟོ་མི་ལ་མི་ཟ་བར་བྱས་ལ། དེ་ནས་ཡུལ་བཟང་པོ་གཅིག་ཏུ་སྡིག་བསོག་མེད་པའི་དགོན་པ་གཅིག་ཏུ་བསྡད་ལ། དགེ་སྦྱོར་གཏུབ་ཚད་བྱ་སྙམ་པ་ལས། ཚེ་འདི་ཅི་ཙུག་སོང་བ་སོང་སྙམ་པའི་ཆོས་པ་རེ་རེ་ཙམ་ལས་མི་འདུག །
ངས་བསམ་པ་ལ། སྤང་བྱ་འཁོར་བའི་སྡུག་བསྔལ་ཙམ་ལ་འབྲོས་དགོས། འབྲས་བུ་རྫོགས་པའི་སངས་རྒྱས་སྒྲུབ་པ་ལ་ཚོགས་དཔག་ཏུ་མེད་པ་བསོག་དགོས། བསོད་ནམས་གང་ཆེ་ཟེར་བ་ལ་ལག་ལེན་བྱེད་དགོས་པར་འདུག་སྙམ།
ཚོང་གཅིག་བྱེད་པའི་དུས་སུ་ཡང་སྣམ་བུ་གཅིག་ལ་དཔེས་མཚོན་ན། བྲེ་བཞི་ལྔ་ཙམ་གྱིས་ཁོང་རྒྱལ་དུ་བཅུག་ནས། མ་ཚོར་བ་བཞིན་དུ་བྱས་ན་བསོད་ནམས་ཆེན་པོ་འོང་སྙམ་པ་ལ། དེ་སྐད་བྱས་པས་ཁ་ཅིག་ན་རེ། ཚོང་ཕམ་དྲིན་མེད་བྱ་བ་ཡིན་ཟེར། དེ་བས་བྱིན་པ་དགའ་ཟེར།
ཆོས་པ་བྱ་བ་དྲིན་ལན་དངོས་སུ་མི་འདོད་ཅིང་། ཕ་དང་མ་ལྟར་རང་རྒྱལ་བ་བས་སེམས་ཅན་གཞན་རྒྱལ་བ་ལ་དགའ་སེམས་སྐྱེ་བ་ཞིག་དགོས། དེ་ལྟར་མ་སོང་ན་སངས་རྒྱ་བའི་ཐབས་མེད། ཚད་མེད་བཞི་བསྒོམས་ཀྱང་རྒྱབ་བསྣོལ་ཡིན།
སངས་རྒྱས་འཐོབ་པར་བྱེད་པ་ལ་སེམས་ཅན་ལ་ཕན་པར་འགྱུར་ན་ལོངས་སྤྱོད་ལྟ་ཅི་སྨོས། ལུས་དང་སྲོག་ཀྱང་གཏོང་ནུས་དགོས་ལ། ཚོང་ཁལ་རེ་ཙམ་ཕམ་པ་ལ་གཉིད་ཞག་འགའ་རེར་ཡལ་འགྲོ་བའི་ཆོས་པ་དེས། གཞན་ལ་ད་ཕན་པར་ག་ལ་ནུས་ན་རང་ལ་ཡང་ཤིན་ཏུ་གནོད་པར་འོང་སྟེ། དཔེར་ན་ཡུལ་གྲུ་གཅིག་གི་སྐྱ་བཙུན་ལ། ཚ་བ་ནང་མ་གཅིག་དྲངས་པ་ལ་གཞན་གྱིས་ཀྱང་ཁོང་གིས་དགེ་བ་སྒྲུབ་ཟེར། རང་ཡང་དགེ་བ་བྱས་སོ་སྙམ་ནས། ཡུལ་དང་དགོན་པ་འདུས་ཆེ་བ་རེར་བསྡད། ཟོང་ཡོད་དུས་ཉོས་ཤིང་། དཀོན་དུས་སུ་འཚོང་བར་བྱེད། དེ་ཡང་མིས་དཔྱད་པ་དང་། བྲེ་ཚད་སྲང་ཚད། སྤྱི་ཚད་ལ་མི་བྱེད་པར་རང་རེའི་ཞེ་འདོད་ཁོ་ན་མ་གྲུབ་བར་དུ་སྒྲུབ་ནས། གཞན་དབང་མེད་དུ་གཏུགས་ཀྱིས་སེམས་མི་དགའ་བ་རེ་ལ་ཐུགས་ཀྱིས་མ་ཐོངས་བར་དུ་གཏོང་བར་འདུག །དེ་ཡང་མི་གཅིག་དང་གཉིས་ནི་མིན། ཕྱོགས་བཅུའི་མགྲོན་པོ། ཉིན་གཅིག་ཟླ་གཅིག་ལོ་གཅིག་ནི་མིན། ཚེ་ཧྲིལ་གྱིས་བྱེད་པར་འདུག་སྟེ། མདོར་ན་དགེ་བ་ནང་མ་རེ་བྱས་པ་ལ་བློ་བདེ་མོར་བྱེད། སྡིག་པ་ཚེ་ཧྲུལ་གྱིས་བསགས་པ་ལ་བློ་མི་བདེ་བ་སྐད་ཅིག་མི་འོང་བ་འདི་དག་ལ་ཅི་འདྲ་བའི་སེམས་གཅིག་ཡོད་ན། ཅི་འདྲ་བའི་གདེངས་ཤིག་ཡོད་ན་བསམ།
འདི་དག་ལ་བདག་འཛིན་འདོད་པའི་དབང་དུ་སོང་ལུགས་འདིས་སྡིག་པ་རང་བཞིན་མེད་པར་གྲོལ་བ་ལྟ་ཅི་སྨོས། སྡིག་པ་ལ་རྣམ་སྨིན་ཚེ་ཕྱི་མ་ལ་ངན་སོང་གསུམ་དུ་སྐྱེ་བ་ཡང་དང་པོར་མ་ཐོས། ཐོས་ཀྱང་མ་བསམས། དེ་བས་ཚེ་འདི་ལ་ཡང་། གཏམ་ངན་དང་ཕྱི་མའི་སྡུག་བསྔལ་ལ་མ་འཛེམས་པར་ནོར་དུ་མ་ཞིག་ཡོང་ཡོང་འདྲ་ན། ལུས་སྲོག་ཆོས་ཐམས་ཅད་ཐེད་ལ་བོར་ནུས་པ་འདི་རྣམས་སྙིང་རྗེ་བའི་ཡུལ། སྡུག་བསྔལ་གྱི་རྒྱུ་ལ་གནས་པ་བྱ་བ་མཐར་ཐུག་པ་དེ་ཡིན་པར་འདུག །
ད་ལྟའི་སྡེ་དགོན་ཁ་ཅིག་ཏུ་ཕྱིན་ནས། ཁྱེད་ཀྱི་འདི་ན་གང་ཟག་བཟང་པོ་ཇི་ཙམ་ཡོད་བྱས་པས། འགའ་རེ་ཡོད་ཟེར། ཇི་ལྟ་བུ་ཡོད་བྱས་པས། མཁས་པ། བཙུན་པ། བཟང་བ། ཡོན་ཏན་དང་ལྡན་པ། རྟོགས་པ་དང་ལྡན་པ། གཞན་ལ་ཕན་རྒྱ་ཆེན་པོ་ཐོགས་པ་ཡོད་མི་ཟེར། འོ་ན་ཅི་ཟེར་བྱས་པས། གསེར་གཡུ་དང་། ར་ཕྱུགས་དང་། ཞིང་གཞིས་དང་། འཁོར་གཡོག་དང་། ལོངས་སྤྱོད་འདི་ཙམ་འཛིན་པའི་གང་ཟག །སྡེ་དགོན་འདིའི་སྲོག་ཤིང་བྱེད་པ། འདི་སྐད་བྱ་བ་དང་། འདི་སྐད་བྱ་བ་ལ་སོགས་པ་བཟང་པོ་ཡོད་ཟེར་ཏེ། དེ་བའི་བཟང་ལུགས་དེ་ནོར་ཆེ་བ་ལ་བྱེད་ལུགས་ཀྱིས། འདོད་པ་ཅན་ཚེ་འདི་པར་འོང་། ནོར་ཆེ་བ་དེ་ཕལ་ཆེར་སྡིག་སྡུག་གཏམ་ངན་ལ་མི་འཛེམས་པའི་རྟགས་ཡིན་པས། ཆོས་རང་བྱེད་པའི་སྡོད་ས་རང་དེར་མི་འོང་། དེ་དང་མཚོ་འཁྱགས་པ་དང་བྱ་ལྟ་བུར་སོང་བ་ཡིན་སྙམ།
ལར་རང་འདོད་ཡོན་ལྔ་པོ་འདི་དག་ལ་ཞེན་ཅིང་ཆགས་པ་འདིས། གཏན་སྡུག་ལ་གཏུགས་པས། གཞན་ལ་ཕན་ཅུང་ཟད་རེ་བྱས་ཀྱང་། དེའི་འབྲས་བུ་རང་གི་རྩར་ཚེ་འདི་ལ་སླེབ་དགོས་པ་འདི་དག་གྲུབ་མཐས་བློ་སྣ་ཡེ་མ་སྒྱུར་བ་ཀུན་དང་ཁྱད་པར་མེད།
དེས་ན་ཆོས་བྱེད་འདོད་པ་ཀུན་གྱིས་སེམས་ཅན་གཞན་ལ་ཕན་བཏགས་པ་ལ་ངོ་དང་དྲིན་འདོད་པ་མི་བྱེད་པ་ཡིན་ཏེ། ངོ་ལ་བྱིན་ན་བཟང་ལན་བྱ་དགོས་སྙམ་ནས་ཁོང་ལ་སེམས་ཁྲལ་གཅིག་ཀྱང་འོང་བ་ཡིན། དེ་ལ་ལན་མ་བྱུང་ན་རང་རེ་ཡང་ཁོང་ཁྲོ་སྐྱེ་སྲིད། ཁོང་ཡང་ངོ་དམའ་བའམ་འཁོས་ཀ་ཞན་ཅིང་ངན་པར་འགྱུར།
ཆོས་བྱེད་འདོད་པ་ཀུན་ཚེ་འདིའི་ལྟོས་བཅས་ཀྱི་ཟས་ཆོས་པ་ཡ་བོ་ལ་ཡང་མི་སྦྱིན། རང་ལ་གཞན་གྱིས་བྱིན་ཡང་མི་ཟ། མཐར་ཟ་རེས་སུ་སོང་ནས་ཆོས་ཕྱིས་ཀྱིས་འཆོར་བའི་རྒྱུ་ཡིན།
ཡང་ཆོས་པ་ཀུན་བློ་ཆོས་ལ་མ་ཁེལ་བར་རྒས་ཁར་སྡུག་དོགས་ནས་ནོར་བསོག །མིའི་སེམས་འཛིན། བུབ་བརྟེན་རེ་ཅི་ནས་འཚོལ་བ་དེ་ཆོས་ལ་ངེས་ཤེས་མ་སྐྱེས་པས་ལན་པ་ཡིན། ཆོས་ལ་ཡིད་ཆེས་སྐྱེས་ན། བུབ་བརྟེན་ཆོས་ལས་བཟང་བ་མེད། ཆོས་རང་ཚུལ་བཞིན་དུ་བྱས་ན་རྒས་ཁར་སྡུག་དོགས་མེད། ལར་གྱིས་རྒས་རྒས་སུ་སྡོད་པའི་གདེང་ཡོད་པ་འདྲ་བ་ཞིག །དེ་དུས་ཕན་ཐོགས་ཐོགས་འདྲ་བའི་འདུན་མ་བྱེད་པ་འདི་དག་དང་བསྟུན་ན། ཕྱི་མ་ལ་འཁོར་བའི་སྡུག་བསྔལ་འདི་རྣམས་ངེས་པ་ཁོ་ནར་མྱོང་བར་འགྱུར་བ་ལ། འདི་རྣམས་ལ་གྲབས་སམ། བུབ་བར་རྟེན་ནམ།
ཚེ་ཕྱི་མའི་འདུན་མ་ལ་ཕན་པ་རེ་ཅིས་ཀྱང་ཚགས་སུ་འཛུད་ཐང་བ་ལ། ཚེ་འདིའི་རྒས་པ་དེ་རང་རེ་ཁོ་ན་ལ་འོང་བ་ཡིན་ལ། ཕྱི་མའི་སྡུག་བསྔལ་སྡང་བའི་དགྲ་ལ་འོང་བ་ཡིན་པ་འདྲ་བ་ཤ་སྟག་བྱེད་པ་འདི་རྣམས་ཆོས་པ་ཀུན་གྱིས་ཀྱང་ཆོས་མ་བསམས་པ་ཡིན། ཆོས་མ་བསམས་པས་རང་གཞན་ཐམས་ཅད་དོན་མེད་ཀྱི་སྡུག་བསྔལ་འབའ་ཞིག་ལ་སྦྱར། ད་དུང་དེ་བཞིན་དུ་འགྱུར་ཏེ་བསམས་ན་སུས་བཟོད་དམ་སྙམ།
ཁ་ཅིག་ཆོས་བྱེད་པ་ལ་རྒྱགས་མེད་ཟེར་ཆོས་མི་བྱེད་ལ། སྡིག་པ་བྱེད་པ་ལ་སྡིག་རྒྱགས་རྙེད་ནས་ངང་གིས་འཇུག་སྟེ། འདི་དག་ཀྱང་སྡེ་དགོན་གྱི་བཙུན་པ་ཕྱུག་པོ་འཆི་བ་དང་། འཁོར་བའི་སྡུག་བསྔལ་ཡེ་མ་བསམས་པ་ཁྱེད་དྲགས་ཅན་རྣམས་ཀྱིས་ལན་པ་འདྲ། འདི་རྣམས་ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་འཛིན་པ་བྱ་བ་ཡིན།
བྱས་པ་ཆོས་བྱས་ནས་བདག་འཛིན་ཁྱིམ་པ་བས་དམ་པ་འདི། འཁོར་བར་འཁྱམས་པའི་རྟགས་ཡིན་ཏེ་མ་གོ །ཆོས་བྱེད་པ་ལ་ཆོས་རྒྱགས་མི་རྙེད་པ་དེ་ཡང་ཆོས་ལ་ཡིད་མ་ཆེས་པས་ལན་པ་ཡིན།
ཆོས་བྱས་པས་སྡུག་བསྔལ་གྱིས་དོགས། སྡིག་པ་བྱས་པས་སྐྱིད་དུ་རེ་ནས། ལག་ཐོབ་ཅུང་ཟད་རེ་འོང་ན་སྙིང་ལ་དྲན་ཚད་བྱེད། དགེ་བཤེས་ཀུན་གཞན་ལ་ཡོན་བཤད་བྱེད་ཙ་ན། ལོངས་སྤྱོད་སྙིང་པོ་མེད་པ་ཡིན་ཟེར་ནས་བདེན་བདེན་སྐད་ཟེར་ཏེ། རང་རེ་བློ་ཕུགས་ནོར་ལ་གཏད་པ་འདི་ཡི་མུག །རང་རེ་ཆོས་དང་ལག་ལེན་འཛོལ་བར་བྱས་ནས་གཞན་ཉན་དུ་གང་ན་འདོད།
རང་ཟང་ཟིང་དོན་དུ་གཉེར་བའི་རྟགས་སུ་གཞན་ལ་ཡང་བསོད་སྙོམས་གྱིས་ཟེར། ཚོང་གྱིས་ལ་ཀ་ཅ་བསོག །བག་ཙམ་རེ་མེད་ན་བླ་མས་ཀྱང་ཐུགས་ལ་མི་འདོགས་ལ། གྲོགས་པོ་རྣམས་ཀུན་ཀྱང་སྡང་བ་ཡིན་ཟེར་ནས་ཁ་ཆོས་ལོག་པར་འཇུག་པར་འདུག་སྟེ། དེ་རང་གིས་གཏམ་དྲོད་བསྐྱལ་བ་ཡིན།
བསམ་པ་དང་སྦྱོར་བ་གཉིས་སུ་འགྲོ་ལྡོག་ངེས་པས། བསམ་པ་ཚེ་འདིའི་བསམ་པ་ཡོད་པས་རྟགས་སུ་ཡང་སྦྱོར་བ་ཚེ་འདིའི་འདུན་མ་བྱེད། བསམ་པ་ངེས་འབྱུང་ཡོད་པ་དང་། བྱང་ཆུབ་སེམས་དཔའ་ཡང་འཁོར་བ་ནས་ཅི་ཐར་དང་གཞན་དོན་དུ་ཅི་འགྱུར་བྱེད་པ་སྟེ། ལག་ལེན་ཡང་དེ་བཞིན་དུ་བྱེད་པ་ཡིན། ཆོས་ནས་ཇི་སྐད་བཤད་པ་བཞིན་རང་གིས་བྱེད་དགོས་པ་ཡིན། རང་གིས་ཇི་ལྟར་བྱས་པ་བཞིན་བཤད་དགོས་པ་ཡིན། རང་ཆོས་བཞིན་དུ་མི་བྱེད་པར་མི་ལ་བཤད་ཀྱང་མཛེ་ཕོའི་བྱ་ཁྱུང་གི་སྒྲུབ་ཐབས་སུ་འགོ་བ་བཞིན་དུ་ཉན་མཁན་མི་འོང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注