རྩོམ་པ་པོ་མི་ཉག་རྡོ་རྗེ་རྒྱ་མཚོའི་དེབ་གསར་གཉིས་པར་དུ་བསྐྲུན་པ།
འཕྲིན་གཏོང་པ། ཆབ་འགག་ཇོ་རུ།
ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྐད་གཉིས་རྩོམ་པ་པོ་མི་ཉག་རྡོ་རྗེ་རྒྱ་མཚོའི་བསྒྱུར་དེབ《གཏམ་པདྨའི་ཚལ་གྱི་ཟློས་གར》དང་སྙན་དེབ《འབྲོག་མིའི་ཕྱག་རིས》ཞེས་པའི་དེབ་གསར་གཉིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས།
《གཏམ་པདྨའི་ཚལ་གྱི་ཟློས་གར》ཞེས་པ་ནི་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་བོས་བརྩམས། མི་ཉག་རྡོ་རྗེ་རྒྱ་མཚོས་བསྒྱུར། དེབ་འདི་ནི་དོན་གྱི་བྱུང་བ་བརྗོད་པ་གཙོར་བྱས་པའི་སྙན་ངག་གི་བརྩམས་ཆོས་ཤིག་ཡིན་ཞིང་། དེར་མཆོད་བརྗོད་དང་། གཞུང་དངོས། མཇུག་བསྡུ་བ་བཅས་ཁག་གསུམ་གྱིས་གྲུབ་ལ། སྙན་ངག་གི་རྒྱན་ལས་དཔེ་རྒྱན་དང་། རབ་རྟོག གབ་ཚིག་གི་རྒྱན་སོགས་ཀྱི་ཐབས་ལ་བརྟེན་ཡོད། དེ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ཁོངས་ཀྱི་སྐབས་དེའི་སྤྱི་ཚོགས་དང་མི་རྣམས་ཀྱི་འཚོ་བའི་གནས་ཚུལ་རྒྱབ་ལྗོངས་བྱས་ཏེ་སྐྱོ་སྣང་གི་བརྩེ་དུང་མཚོན་པའི་གཏམ་རྒྱུད་ཅིག་རེད།
མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞིབ་འཇུག་པ་ཆེན་མོ་གཞོན་པའམ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ལས་འཛིན་དབང་ཆེན་ཚེ་རིང་གིས་བཤད་རྒྱུར། བསྒྱུར་དེབ《གཏམ་པདྨའི་ཚལ་གྱི་ཟློས་གར》ནི་སྒྲ་སྦྱོར་བམ་གཉིས་ལས་བསྟན་པའི་ཐད་སྒྱུར་དང་དོན་སྒྱུར་ཟུང་འབྲེལ་བྱས་ཤིང་། དོན་གོ་དཀའ་བར་ཆེད་དུ་ཞབས་མཆན་བཀོད་ཡོད་པས། ཀློག་པ་པོ་སུ་དང་སུ་ལ་མཚོན་ནའང་བརྗོད་བྱའི་དོན་རྟོགས་སླ་ཞིང་རྗོད་བྱེད་ཀྱི་ཚིག་རྣ་བར་སྙན་པ། འཇིག་རྟེན་ཆོས་ཉིད་དང་མཐུན་པས། ཡིད་ཀྱི་དབང་བོ་ཅིག་ཅར་འདྲེན་ནུས་པའི་ཁྱད་ཆོས་ལྡན། འདིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་མཛེས་པ་དང་སྐད་ཡིག་གི་མཛེས་པ་མངོན་ཏེ། ཤེས་དཔལ་སྲུང་འཛིན་དང་རིག་གནས་ཀྱི་རྒྱུན་བསྐྱངས་ཡོད། དུས་མཚུངས་སུ་མི་རིགས་ཁག་གི་ཤེས་དཔལ་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་པ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ནོ། །
རྡོ་རྗེ་རྒྱ་མཚོ།
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
རྡོ་རྗེ་རྒྱ་མཚོ། ཕ་རུས་མི་ཉག སྨྱུག་མིང་ལ་གངས་མྱུག དུས་རབས་གོང་མའི་ལོ་རབས60པར་མཚོ་སྔོན་དར་ལག་ཏུ་སྐྱེས། རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་པ་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་སྙན་ངག་སློབ་ཚོགས་ཀྱི་ཚོགས་མི། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་མི་བཅས་ཡིན། ལོ་རབས80པ་ནས་བཟུང་། ཞིང་ཆེན་ཕྱི་ནང་གི་བོད་རྒྱ་ཡིག་རིགས་གཉིས་ཀྱི་དུས་དེབ་ཐོག་ཏུ་སྙན་ངག་དང་བརྩམས་སྒྲུང་མང་པོ་སྤེལ། ཆེད་དེབ་ལ《སངས་སྤྲུགས་བྱེད། འཁོར་བའི་བག་ཆགས་ཡོད་ཚད་དེ》དང་། 《འབྲོག་མིའི་ཕྱག་རིས》《མགོ་ལོག རྐང་ཐང་བ་གསུམ》 སྒྱུར་དེབ《གཏམ་པདྨའི་ཚལ་གྱི་ཟློས་གར》བཅས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注