དེབ་གསར། «ནག་ཤོད་ཀྱི་གནའ་རབས་ལོ་རྒྱུས་དང་རིག་གནས་ཞིབ་འཇུག»

  ཉེ་ཆར། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་བསྟན་འཛིན་མཚུངས་མེད་ལགས་ནས་བརྩམས་གནང་མཛད་པའི་དེབ་གསར«ནག་ཤོད་ཀྱི་གནའ་རབས་ལོ་རྒྱུས་དང་རིག་གནས་ཞིབ་འཇུག»ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

བོད་ཀྱི་གསོ་རིག་མཁས་དབང་དབྱངས་དགའ་མཆོག་གིས་དེབ་གསར་མཚམས་སྦྱོར་གནང་བ།

«ནག་ཤོད་ཀྱི་གནའ་རབས་ལོ་རྒྱུས་དང་རིག་གནས་ཞིབ་འཇུག»ཅེས་པ་ནི། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་སློབ་མ་བསྟན་འཛིན་མཚུངས་མེད་ནས་བྲིས་པའི་ནག་ཤོད་ལོ་རྒྱུས་དང་རིག་གནས་སྐོར་གྱི་རིག་གཞུང་ཆེད་རྩོམ་གྱི་དཔེ་དེབ་ཅིག་རེད།

དཔེ་ཆ་འདི་ནི་རྩ་བའི་རབ་བྱེད་གཉིས་ལས་གྲུབ་པ་ཞིག་ཡིན། དེ་ཡང་རབ་བྱེད་དང་པོ་ནི་ནག་ཤོད་ཀྱི་ལོ་རྒྱུས་ཀྱི་སྐོར་བཀོད་འདུག ནང་དོན་གཙོ་བོ་ནི་ཐོག་མར་རྒྱལ་ཕྲན་སུམ་པ་དང་སུམ་པ་རུའི་སྐོར་གྱི་ཞིབ་འཇུག་གནས་བབ་ལ་དབྱེ་ཞིབ་བྱས་ཐོག། སུམ་པ་དང་སུམ་རུའི་རྣམ་དབྱེ་ལེགས་པར་ཕྱེ་ཞིང་། དེ་དག་དང་ནག་ཤོད་བར་གྱི་འབྲེལ་བ་གླེང་འདུག བར་དུ་ནག་ཤོད་དང་ནགས་ཤོད་གཉིས་ཀྱི་དག་ཆའི་འཕེལ་འགྱུར་དང་གདགས་གཞིའི་ས་གནད་ངོས་འཛིན་གསལ་པོར་བྱས་ལ། ཁྱད་པར་ནག་ཤོད་སྟོང་བུ་ཆུང་དང་བྱང་ནགས་ཤོད་གཟི་འཕྲང་སོགས་ཀྱི་སྐོར་ལ་མཐའ་དཔྱོད་བྱས་ཡོད་པ་མ་ཟད། སྟོང་སྡེ་དང་སྟོང་བུ་ཆུང་། སྟོད་སྨད་བར་གསུམ་གྱི་དཔའ་སྡེ་ལས་འཕྲོས་ཏེ། ནག་ཤོད་སྟོང་བུ་ཆུང་གིས་སྤུ་རྒྱལ་བཙན་པོའི་དམག་སྲིད་ལ་བཞག་པའི་མཛད་རྒྱས་རྣམས་ཡིག་ཚང་ཁུངས་བཙན་ལ་གཞི་བཅོལ་ཏེ་རྒྱས་བཤད་བྱས་འདུག མཐར་རྒྱལ་ཕྲན་སུམ་པའི་རུས་རྒྱུད་གཙོ་བོ་སྟེ། “རླང”གི་མི་རྒྱུད་ཀྱི་བྱུང་རབས་དང་། “རླང”དང“གླང” “རླངས”བཅས་ཀྱི་དག་ཆའི་འཕེལ་འགྱུར། རླང་གི་རུས་རྒྱུད་བར་ཁམས་ནག་ཤོད་དང་འབྲེལ་བའི་ཚུལ་ལ་དཔྱད་པ་བཏང་འདུག

ནག་ཤོད་ཀྱི་རི་རྒྱལ་དང་སྐུ་ལྷ་གཉན་པོ་ནག་ལྷ།

རབ་བྱེད་གཉིས་པ་ནི་ནག་ཤོད་ཀྱི་རིག་གནས་སྐོར་ཏེ། དེ་ཡང་དཔྱད་རྩོམ་ཁག་ལྔ་ལས་གྲུབ་པ་ཞིག་རེད་འདུག དཔྱད་རྩོམ་དང་པོར་ནག་ཤོད་ཡུལ་གྱི་སྲོལ་རྒྱུན་མཁར་ལས་རིག་གནས་སྐོར་དང་། གཉིས་པར་ནག་ཤོད་ཡུལ་གྱི་སྲོལ་རྒྱུན་ཞིང་ལས་རིག་གནས་སྐོར་དང་། གསུམ་པར་འཕགས་པ་ལྷས་ནག་ཤོད་འབྲོང་སྣ་དགོན་དུ་བཞེངས་པའི་རྡོ་བརྐོས་ཡི་གེའི་སྐོར་དང་། བཞི་པར་སྟག་ཕུ་བསྟན་པའི་རྒྱལ་མཚན་དང་ཁོང་གིས་མཛད་པའི«བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད»ཀྱི་སྐོར་དང་། ལྔ་པར་དེང་དུས་མཇལ་དུ་ཡོད་པའི་ནག་ཤོད་དུ་ཡོད་པའི་ལྡེབས་བྲིས་རྙིང་པའི་ཁ་བྱང་དང་། ཚོགས་ཁྲོ་རྙིང་པའི་ཁ་བྱང་། རྡོ་བརྐོས་ཡི་གེ་རྙིང་པ་འགའ་ཞིག་ཞལ་བཤུས་དང་འོས་སྦྱོར་བྱས་ཡོད་པ་བཅས་སོ། །

སྤྱིར་ནག་ཤོད་ལོ་རྒྱུས་སྐོར་གྱི་དཔེ་དེབ་གཉིས་ཙམ་སྔར་ནས་བརྩམས་ཡོད་ཀྱང་། དེ་དག་ནི་བོད་ཀྱི་སྲོལ་རྒྱུན་མཁས་པས་རྩོམ་སྒྲིག་བྱེད་སྟངས་ལྟར་བྲིས་པ་ལགས་པས། དཔྱད་གཞི་ཙམ་ལས་རིག་གཞུང་གི་རིན་ཐང་དེ་ཙམ་ལྡན་པར་མ་མཐོང་།
ད་རེས་འབུམ་རམས་སློབ་མ་བསྟན་འཛིན་མཚུངས་མེད་ཀྱིས་ལོ་རྒྱུས་རིག་པའི་ཞིབ་འཇུག་ཐབས་ལམ་གཙོ་བོར་བེད་སྤྱད་ནས་དེང་རབས་ཚད་ལྡན་གྱི་ཆེད་རྩོམ་འབྲི་སྲོལ་ལྟར་རྩོམ་འབྲི་བྱས་པ་ནི་དམིགས་བསལ་གྱི་རིན་ཐང་ལྡན་ཡོད་པ་སྨྲོས་མེད་རེད། དཔེ་དེབ་འདི་ལ་བརྟེན་ནས་བར་ཁམས་ནག་ཤོད་ལོ་རྒྱུས་དང་རིག་གནས་གསལ་སྟོན་བྱེད་འདུག

འབུམ་རམས་སློབ་མ་བསྟན་འཛིན་མཚུངས་མེད་ནི་དེང་སང་བར་ཁམས་ནག་ཤོད་ལུང་པའི་གཞོན་སྐྱེས་ཁྲོད་ནས་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣང་ཞིག་ཆགས་ཡོད། ཁོང་རང་གིས་ཡུལ་ནག་ཤོད་དུ་མཐོ་རིམ་ཤེས་ལྡན་མི་སྣ་ཇེ་མང་འཚར་ལོང་ཡོང་བར་སྣེ་ཁྲིད་ནུས་པ་འདོན་བཞིན་ལགས། ད་རེས་འབུམ་རམས་སློབ་མ་ཞིག་གིས་སློབ་སྦྱོང་བྱེད་བཞིན་པའི་གནས་སྐབས་སུའང་རིག་གཞུང་ཆེད་རྩོམ་གྱི་དཔེ་དེབ་འདི་ལྟ་བུ་འདོན་བཞིན་པ་ནི། ཁོང་ནི་ཕུལ་བྱུང་ཞིབ་འཇུག་པ་ཞིག་ཡིན་པའི་མཚོན་རྟགས་གསལ་ཤོས་ལགས་པས། ཕྲན་ནས་རྗེས་སུ་ཡི་རངས་གྲངས་མེད་ཞུ་རྒྱུ་ཡིན། 

བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་ནས་སྤྱི་ལོ༢༠༢༢ལོའི་ཟླ་བ༦པའི་ཚེས༢༣ཉིན་སྦྱར།

(*གསལ་བཤད། མཚམས་སྦྱོར་གྱི་གཏམ་འདི་ཉིད་གུས་པར་འོས་པའི་དགེ་བའི་བཤེས་གཉེན་དམ་པ་དབྱངས་དགའ་ལགས་སྙུང་གཞི་རབ་ཏུ་ལྕི་བའི་སྐབས་སུ་དཀའ་ཚེགས་ལ་མ་འཛེམ་པར་སྦྱར་བ་ཞིག་ཡིན་པས། འདིར་ཡིད་གདུང་དྲག་པོས་དམ་པ་ཁོང་ཉིད་རྗེས་དྲན་ཞུའོ། །)

དེབ་ཀྱི་དཀར་ཆག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号