《ངང་རོང་མཁན་ཆེན་སྐུ་ཕྲེང་ལྔ་པའི་རྣམ་ཐར་དང་གསོ་རིག་གསུང་རྩོམ་གཅེས་བཏུས》འགྲེམ་སྤེལ་མཛད་སྒོར་འབྲེལ་བའི་རིག་གཞུང་བསམ་བློའི་དཔྱད་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།


གསོ་དཔྱད་སྨྲ་བའི་དབང་པོ་ངང་རོང་འཇམ་དབྱངས་སྐུ་ཕྲེང་ལྔ་པ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རིག་གཞུང་བསམ་བློ་སྔར་བས་རྒྱུན་འཛིན་དང་། དམ་པ་གང་ཉིད་ཀྱིས་བོད་ཀྱི་གསོ་རིག་བྱ་བར་བསྩལ་བའི་རླབས་ཆེའི་ཕྱག་རྗེས་རྗེས་སུ་དྲན་པ། ཁོང་གི་བླ་མེད་ཀྱི་སྨན་སྤྱོད་དང་གཞན་སྨན་གྱི་དགོངས་པ་བཅས་དར་སྤེལ་གཏོང་ཆེད། ཟླ11པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་རིག་གནས་ཆེད་ལས་ཚོགས་པ། གཅན་ཚ་རྫོང་བོད་སྨན་ཁང་། གཅན་ཚ་རྫོང་སྒྲོན་མེ་སློབ་གསོའི་དབུལ་སྐྱོར་མཐུན་ཚོགས། ངང་རོང་མཁན་ཆེན་སྐུ་ཕྲེང་ལྔ་པ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྣམ་ཐར་རྩོམ་སྒྲིག་ཚོ་ཆུང་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས་པའི《ངང་རོང་མཁན་ཆེན་སྐུ་ཕྲེང་ལྔ་པའི་རྣམ་ཐར་དང་གསོ་རིག་གསུང་རྩོམ་གཅེས་བཏུས》ཞེས་པའི་དཔེ་དེབ་ཀྱི་འགྲེམ་སྤེལ་མཛད་སྒོར་འབྲེལ་བའི་རིག་གཞུང་བསམ་བློའི་དཔྱད་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།

《ངང་རོང་མཁན་ཆེན་སྐུ་ཕྲེང་ལྔ་པའི་རྣམ་ཐར་དང་གསོ་རིག་གསུང་རྩོམ་གཅེས་བཏུས》ཞེས་པའི་དཔེ་དེབ་འདི་ནི་དུས་ཡུན་ལོ་ངོ་ལྔ་ལྷག་གི་རིང་ལ་རྒྱུ་ཆ་འཚོལ་སྡུད་དང་རྩོམ་འབྲི། ལེགས་སྒྲིག་བཅས་བྱས་ཏེ། ད་ལོའི་ཟླ11པར་ཀློག་པ་པོའི་སྤྱན་ལམ་དུ་དངོས་སུ་བཀྲམ་པ་རེད། དེབ་འདིར་ཁྱོན་བསྡོམས་ཤོག་གྲངས410ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གནའ་དཔེ་མྱུར་སྐྱོབ་རིགས་ཀྱི་དཔེ་སྐྲུན་ལས་གཞིའི་གྲས་སུ་ཚུད་དེ་མཚོ་སྔོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གྲངས་ཉུང་མི་རིགས་གནའ་དཔེ་གཞུང་ལས་ཁང་གིས་རོགས་སྐྱོར་མ་དངུལ་བཏང་ནས་པར་སྐྲུན་བྱས་པ་ཞིག་རེད།

ཐེངས་འདིའི་ཚོགས་འདུར་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གྲངས་ཉུང་མི་རིགས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་མགོ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་མགོ་ཁྲིད། མཚོ་སྔོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་གི་མགོ་ཁྲིད། ཞིང་ཆེན་ཡོངས་ཀྱི་བོད་ཀྱི་གསོ་རིག་བྱ་བར་འཇུག་པའི་ཆེད་མཁས་པ་དང་། བོད་ཀྱི་གསོ་རིག་སྨྲ་བའི་དབང་པོ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་གསོ་རིག་རྒྱུན་འཛིན་པ། ངང་རོང་སྐུ་ཕྲེང་ལྔ་པ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྣམ་ཐར་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་མི་སྣ་སོགས་ཁྱོན་མི་བརྒྱ་དང་ལྔ་བཅུ་ལྷག་ཚོགས་འདུར་ཞུགས་ཡོད།

རྩོམ་སྒྲིག་ཨུ་ཡོན་སྨོན་ལམ་རྒྱ་མཚོས་རྩོམ་སྒྲིག་བྱ་བའི་གནས་ཚུལ་སྙན་སྒྲོན་ཞུས་པ་དང་། མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་གླིང་གཙོ་དང་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་བྱ་མདོ་ཀླུ་བྱམས་རྒྱལ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རིན་མ་ཞའོ་ཆིང་། མཚོ་སྔོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་གི་མགོ་གཙོ་གཞོན་པ་བཀྲ་ཤིས་དོན་འགྲུབ་བཅས་ཀྱིས་ཚོགས་འདུར་ཤིས་ཚིག་ཕུལ་ཞིང་། ཆེད་ཞུས་སྐུ་མགྲོན་ཀོའུ་བ་བློ་བཟང་ཐུབ་བསྟན་དབང་ཕྱུག་དང་ཚོགས་གཙོ་ཀླུ་བྱམས་རྒྱལ་གཉིས་ཀྱིས་དེབ་གསར་དངོས་སུ་དབུ་ཕྱེ་བ་དང་།  སྐུའི་འཁྲུངས་གཞིས་ཀྱི་འཐུས་མི་ངག་དབང་བསྟན་འཕེལ་དང་། ཚེ་རིང་བཀྲ་ཤིས། སངས་རྒྱས་མཁར། འོ་ལོ། འབྲུག་བྱམས་རྒྱལ། ལོ་བྷེ་སོགས་ཀྱིས་རྩོམ་སྒྲིག་ཨུ་ལྷན་གྱི་ཚོགས་མི་ཀོའུ་བ་བློ་བཟང་ཐུབ་བསྟན་དབང་ཕྱུག་དང་གླིང་གཙོ་ཀླུ་བྱམས་རྒྱལ། དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར། དེ་བཞིན་རྒྱུ་ཆ་འཚོལ་བསྡུའི་མི་སྣ་སྨོན་ལམ་རྒྱ་མཚོ། ངག་དབང་དགེ་འདུན། རྟ་ལོ་རྒྱལ་སོགས་ལ་ལེགས་སྐྱེས་ཕུལ་བ་དང་། གླིང་གཙོ་ཀླུ་བྱམས་རྒྱལ་དང་གླིང་གཙོ་རྡོ་རྗེ། ཧྲུའུ་ཅི་དབང་ཆེན་ཚེ་བརྟན། དཔེ་སྐྲུན་ཁང་གི་མགོ་གཙོ་གཞོན་པ་བཀྲ་ཤིས་དོན་གྲུབ། དགེ་རྒན་ཆེན་མོ་འབུམ་ཁོ་སོགས་ཀྱིས་བོད་ཀྱི་གསོ་རིག་སྨྲ་བ་ངང་རོང་མཁན་ཆེན་སྐུ་ཕྲེང་ལྔ་པ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་གསོ་རིག་རྒྱུན་འཛིན་པ་མར་བ་འཇམ་དབྱངས་འཕྲིན་ལས་རྒྱ་མཚོ་དང་ཚེ་རིང་བཀྲ་ཤིས། འབྲུག་བྱམས་ཚེ་རིང་། ལྷ་ཆེན་ཚེ་རིང་། སྒྲོལ་མ་སྐྱབས་སོགས་ལ་ལག་འཁྱེར་དཔང་ཡིག་བྱིན། བོད་ཀྱི་གསོ་རིག་སྨྲ་བ་ངང་རོང་མཁན་ཆེན་སྐུ་ཕྲེང་ལྔ་པ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་ཕྱག་ལེན་མཛད་མྱོང་བའི་སྨན་གྱི་ཆ་བྱད་ཞལ་སྦྱིན་གནངས་པའི་མཛད་སྒོ་སྤེལ་ཏེ། མཚོ་སྔོན་བོད་ཀྱི་གསོ་རིག་རྟེན་མཛོད་གླིང་འགྲེམ་སྟོན་ཇུས་འགོད་པུའུ་ཡི་བཀྲ་ཤིས་ཚེ་འཕེལ་གྱིས་ཞལ་སྦྱིན་རིག་དངོས་ཀྱི་གནས་ཚུལ་སྙན་སྒྲོན་ཞུས་པ་དང་། མཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་གླིང་གཙོའི་དྲུང་མི་བདེ་སྐྱིད་སྒྲོལ་མས་སྐུའི་འཁྲུངས་གཞིས་ཀྱི་རིག་དངོས་ཞལ་སྦྱིན་གནང་མཁན་གྱི་མི་སྣ་རྟ་ལོ་རྒྱལ་སོགས་ལ་ཕུལ་རྟེན་དཔང་ཡིག་བྱིན་ཏེ《ངང་རོང་མཁན་ཆེན་སྐུ་ཕྲེང་ལྔ་པའི་རྣམ་ཐར་དང་གསོ་རིག་གསུང་རྩོམ་གཅེས་བཏུས》ཞེས་པའི་དཔེ་དེབ་ཀྱི་འགྲེམ་སྤེལ་མཛད་སྒོ་ལེགས་པར་གྲུབ། 

དེའི་རྗེས་སུ་མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཅན་བཀྲ་བྷོ། མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྨན་པ་བསྟན་ཁོ། གཅན་ཚ་རྫོང་སྒྲོན་མེ་སློབ་གསོ་དབུལ་སྐྱོར་ཚོགས་པའི་ཁོངས་མི་ལྷ་ཆེན་ཚེ་རིང་། གཅན་ཚའི་སྨན་པ་འབྲུག་བྱམས་ཚེ་རིང་། སྐུའི་འཁྲུངས་གཞིས་གཅན་ཚ་ཡུལ་སྡེའི་སྐུ་ཚབ་པ་གཅན་ཚའི་སྒར་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ངག་དབང་དཀོན་མཆོག་རྒྱ་མཚོ། སྐུའི་འཁྲུངས་གཞིས་ཀྱི་འཐུས་ཚབ་མི་སྣ་སྐུ་ཚ་སངས་རྒྱས་མཁར་བཅས་མི་སྣ7གྱིས་ངང་རོང་མཁན་ཆེན་སྐུ་ཕྲེང་ལྔ་པའི་གསོ་རིག་གསུང་རྩོམ་རྩོམ་སྒྲིག་ཞུས་པའི་གནས་ཚུལ་དང་རིག་གཞུང་བསམ་བློའི་རིན་ཐང་། དམ་པ་གང་ཉིད་ཀྱིས་ཉམ་ཐག་འགྲོ་བ་ནད་ཀྱི་སྡུག་བསྔལ་ལས་ཇི་ལྟར་བསྐྱབས་པ་དང་རྗེས་འཇུག་སློབ་མ་བསྐྱངས་ཏེ་འགྲོ་དོན་ཁུར་དུ་བཞེས་པ་སོགས་ངོ་མཚར་བའི་མཛད་འཕྲིན་སྣ་ཚོགས་སོ་སོའི་མཐོང་ཐོས་མྱོང་གསུམ་དང་སྦྲགས་ཏེ་བགྲོ་གླེང་ལྷུག་པོར་ཞུས་པས་ཚོགས་རའི་མི་སྣ་ཡོངས་ཀྱིས་དགའ་བསུ་བླ་ལྷག་ཐོབ་སྟེ་ཚོགས་འདུའི་རྣམ་པ་སྔར་ལས་འཁྲུག་ཆ་དོད་པོར་གྱུར།

 《ངང་རོང་མཁན་ཆེན་སྐུ་ཕྲེང་ལྔ་པའི་རྣམ་ཐར་དང་གསོ་རིག་གསུང་རྩོམ་གཅེས་བཏུས》འགྲེམ་སྤེལ་མཛད་སྒོར་འབྲེལ་བའི་རིག་གཞུང་བསམ་བློའི་དཔྱད་གླེང་ཚོགས་འདུ་སྤེལ་བ་བརྒྱུད། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་གཞོན་པ་སྟག་འབུམ་རྒྱལ་གྱིས་ཐེངས་འདིའི་ཚོགས་འདུ་ནི་དམིགས་ས་འབུར་དུ་ཐོན་པ་དང་། སྣ་འཛོམས་དང་ཡོངས་འདུས་དོན་སྒོ་ཚང་བའི་ཁྱད་ཆོས་འཛོམས་པ། གསུང་རྩོམ་གཅེས་བཏུས་འགྲེམ་སྤེལ་དང་ཐུན་མིན་ཕྱག་ལེན་མཚམས་སྦྱོར །སྨན་གྱི་རྒྱུད་པ་གསལ་ཁ་ཐོན་པ་བཅས་ཀྱི་ངེས་དོན་གྲུབ་འབྲས་ཀྱིས་ཕྱུག་པའི་ཚོགས་འདུ་ཞིག་རེད་ཅེས་བཤད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号